སྤྱིར་བཏང་གསོན་པོའི་རིམ་གྲོ་སྒྲུབ་ཐངས་རྣམ་པ་སྣ་ཚོགས་ཅིག་ཡོད་དེ་འབད་རུང་ ང་བཅས་བཤད་གྲྭའི་ཧོང་ལས་ སློབ་ཕྲུག་དགེ་འདུན་པ་ཚུ་གི་ཉིན་བསྟར་བཞིན་གྱི་སློབ་སྦྱོང་ལུ་ཐོ་མ་ཕོགཔ་སྦེ་ འབད་དེ་ ཉིནམ་ཨ་རྟག་ར་གི་ སྔ་ཐུན་དང་དགོང་ཐུན་གཉིས་ཀྱི་ནང་མ་ཚད་ དྲོ་པ་ཆུ་ཚོད་ ༡༠:༠༠ ལས་ ༡༢:༠༠ ཚུན་གྱི་ནང་འཁོད་ མི་སྡེ་ཞབས་ཏོག་གི་དུས་ཚོད་སྦེ་བཞག་སྟེ་ གསོན་པོའི་སྐུ་རིམ་ཚུ་སྒྲུབ་ཕུལ་དོ་ཡོདཔ་ཨིན།
སྐུ་རིམ་གྱི་དབྱེ་ཁ་ཚུ་ཡང་།
- དྲོ་པ་སྔ་ཐུན་གྱི་གནས་སྐབས་སུ་ གཙོ་བོ་རླུང་རྟ་དང་ཚེ་བསྒྲུབ་ བར་བསམ་སྒྲོལ་གསུམ་ ཤེར་སྙིང་གི་ཟློག་པ་ཚུ་སྒྲུབ་ཕུལ་དོ་ཡོདཔ་ཨིན།
- དེ་བཟུམ་སྦེ་ ཕྱི་རུ་དགོང་ཐུན་གྱི་སྐབས་ལུ་ ཡིག་བརྒྱ་ བཛྲ་གུ་རུ་ སྒྲོལ་མ་ ཆོས་སྐྱོང་སྤྱི་ལུ་འཕྲིན་བཅོལ་ལ་སོགས་པ་ཚུ་གནང་སྟེ་ཞབས་ཏོག་ཕུལ་དོ།
- རྣམ་རྒྱལ་སྟོང་མཆོད་ཀྱི་གསུང་ཆོག་ཚུ་གནང་སྟེ་ཚེ་བསྲིང་དཔལ་སྐྱེད་ཀྱི་ཞབས་ཏོག་ཕུལ་དོ།
- གསུང་སྤྲུལ་གསུམ་པ་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་ལུ་ རྒྱ་ནག་རྒྱལ་པོས་འབུལ་བ་སྦེ་ཕུལ་གནང་ཡོད་པའི་གསེར་འབུམ་དེ་ཡང་ གནད་འགག་དང་འཁྲིལ་ཏེ་ དུས་ཚོད་ངེས་མེད་འབད་ལྷག་ཕུལ་དོ་ཡོདཔ་ཨིན།
- བཤགས་སྦྱང་གི་དོན་ལུ་ མཆོད་མེ་སྟོང་མཆོད་ཕུལ་ནི་ཚུ་གི་ཞབས་ཏོག་དེ་ཡང་ ག་དེ་དྲག་དྲག་སྦེ་ཕུལ་དོ་ཡོདཔ་ཨིན།
- གོང་ལུ་འཁོད་ཡོད་མི་ཚུ་ ནམ་རྒྱུན་བཤད་གྲྭ་ནང་ན་ མི་སྡེ་ཞབས་ཏོག་ཕུལ་ཐོ་ཨིན་ རེས་གཟའ་ཟླ་བའི་རིགས་ལུ་འབདཝ་ཅིན་ སློབ་ཕྲུག་དགེ་འདུན་པ་ཚུ་ རང་སོའི་ཁྱིམ་ནང་ཞུས་ཏེ་ ཆོ་ག་ལ་སོགས་པ་ག་ཅི་རང་གནང་དགོ་རུང་ བཤད་གྲྭའི་འཛིན་སྐྱོང་གི་ཧོང་ལས་ རྒྱབ་སྐྱོར་ཕུལཝ་ཨིན།
ཞབས་ཏོག་ཕུལ་བའི་གནས་སྐབས་སུ་ དགེ་འདུན་པ་ཚུ་ལུ་ སྦྱིན་བདག་རང་སོའི་དད་མོས་དང་འཁྲིལ་ཏེ་ཡོན་སྦྱར་ནི་མ་གཏོགས་ ང་བཅས་བཤད་གྲྭའི་ཧོང་ལས་ དེ་ལུ་ངེས་ཏིག་སྦེ་ལམ་ལུགས་གཏན་འབེབས་བཟོ་སྟེ་མེད།
དེ་འབདཝ་ལས་ནམ་རང་འབད་རུང་ ཞབས་ཏོག་བཞེས་པའི་སྐབས་ལུ་ ཡོན་སྦྱོར་གྱི་ཁ་ཐུག་ ཐུགས་ཀྱི་ཚ་གྱང་ལངས་མི་དགོ་ ག་ནི་བ་ཁག་ཆེཝ་འདི་ དད་པ་དང་མོས་གུས་དེ་ཨིན་ འ་ནི་མེད་པ་ཅིན་ ཡོན་སྦྱོར་རི་རྒྱལ་ལྷུན་པོ་བཟུམ་སྤུངས་ཏེ་ དགེ་འདུན་པ་ལུ་ ཕུལ་ད་རུང་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་འོང་དཀའ།
བསམ་འཆར།