སྤྱིར་བཏང་གཤིན་པོའི་དགེ་རྩ་སྒྲུབ་ཐངས་རྣམ་པ་སྣ་ཚོགས་ཅིག་ཡོད་དེ་འབད་རུང་ ང་བཅས་བཤད་གྲྭའི་ཧོང་ལས་ སློབ་ཕྲུག་དགེ་འདུན་པ་ཚུ་གི་ཉིན་བསྟར་བཞིན་གྱི་སློབ་སྦྱོང་ལུ་ཐོ་མ་ཕོགཔ་སྦེ་ འབད་དེ་ ཉིནམ་ཨ་རྟག་ར་གི་ སྔ་ཐུན་དང་དགོང་ཐུན་གཉིས་ཀྱི་ནང་མ་ཚད་ དྲོ་པ་ཆུ་ཚོད་ ༡༠:༠༠ ལས་ ༡༢:༠༠ ཚུན་གྱི་ནང་འཁོད་ མི་སྡེ་ཞབས་ཏོག་གི་དུས་ཚོད་སྦེ་བཞག་སྟེ་ གཤིན་པོའི་དགེ་རྩ་ཚུ་སྒྲུབ་ཕུལ་དོ་ཡོདཔ་ཨིན།
དགེ་རྩ་གི་དབྱེ་ཁ་ཚུ་ཡང་།
- ཉི་ཤུ་རྩ་གཅིག་དང་བདུན་ཚིག་ བཅུ་བཞི་ ཤི་དུས་ ལ་སོགས་པའི་གནས་སྐབས་སུ་ སྦྱིན་བདག་རེ་འདོད་དང་བསྟུན་ མི་འཁྲུགས་པ་སྟོང་མཆོད་དང་ བདག་བསྐྱེད་ཚུ་གནང་དོ་ཡོདཔ་ཨིན།
- སྐབས་ཐོབ་དང་བསྟུན་ སྦྱིན་བདག་གི་དད་མོས་དང་རེ་འདོད་ལྟར་ སྨོན་ལམ་ཡོངས་རྫོགས་ཀྱི་རིམ་པ་ཚུ་གཏོང་གནང་དོ་ཡོདཔ་ཨིན།
- ཡང་གཤིན་པོའི་དགེ་རྩ་གི་དོན་ལུ་ སྤྱན་རས་གཟིགས་ཀྱི་གསུང་ཆོས་ཚུ་ཡང་གནང་སྟེ་ཕུལ་དོ་ཡོདཔ་ཨིན་རུང་ དེ་ཚུ་ག་ར་སྦྱིན་བདག་གི་རེ་འདོད་དང་འཁྲིལ་ཏེ་ཨིན།
- དེ་བཟུམ་སྦེ་རང་རྡོར་སེམས་ཀྱི་ཆོ་ག་ཚུ་ཡང་གཤིན་པོའི་སྡིག་སྦྱོང་གི་དོན་ལུ་ གནང་དོ་ཡོདཔ་ཨིན།
- རྒྱལ་བའི་བཀའ་འགྱུར་ཞལ་ཕྱེ་ནི་དང་ ནང་གསེས་ འབུམ་ལྷག་ནི་ཚུ་ཡང་ བཤད་གྲྭའི་ཧོང་ལས་ཞབས་ཏོག་ཚུ་ཕུལ་གནང་དོ་ཡོདཔ་ཨིན།
- སྡིག་བཤགས་དང་ ཡིག་བརྒྱ་ མ་ཎི་ ལ་སོགས་པ་ཚུ་གསག་དགོ་པ་ཅིན་དེ་ཚུ་ཡང་ ང་བཅས་ཀྱིས་ཞབས་ཏོག་ཕུལ་གནང་དོ་ཡོདཔ་ཨིན།
- དེ་བཟུམ་སྦེ་ བཤད་གྲྭའི་ཉེ་འདབས་ལུ་ དར་ཕྱར་བ་ཅིན་ དེ་གི་རབ་གནས་འབད་ནི་ཚུ་ཡང་ང་བཅས་བཤད་གྲྭའི་ཧོང་ལས་ ཞབས་ཏོ་ཕུལ་དོ་ཡོདཔ་ཨིན།
- གཤིན་པོའི་དོན་ལུ་མཆོད་ཕུལ་ནི་ལུ་ཡང་ རྒྱབ་སྐྱོར་ཞབས་ཏོག་ཕུལ་དོ་ཡོདཔ་ཨིན།
- གོང་ལུ་འཁོད་ཡོད་མི་ཚུ་ ནམ་རྒྱུན་བཤད་གྲྭ་ནང་ན་ མི་སྡེ་ཞབས་ཏོག་ཕུལ་ཐོ་ཨིན་ རེས་གཟའ་ཟླ་བའི་རིགས་ལུ་འབདཝ་ཅིན་ སློབ་ཕྲུག་དགེ་འདུན་པ་ཚུ་ རང་སོའི་ཁྱིམ་ནང་ཞུས་ཏེ་ ཆོ་ག་ལ་སོགས་པ་ག་ཅི་རང་གནང་དགོ་རུང་ བཤད་གྲྭའི་འཛིན་སྐྱོང་གི་ཧོང་ལས་ རྒྱབ་སྐྱོར་ཕུལཝ་ཨིན།
ཞབས་ཏོག་ཕུལ་བའི་གནས་སྐབས་སུ་ དགེ་འདུན་པ་ཚུ་ལུ་ སྦྱིན་བདག་རང་སོའི་དད་མོས་དང་འཁྲིལ་ཏེ་ཡོན་སྦྱར་ནི་མ་གཏོགས་ ང་བཅས་བཤད་གྲྭའི་ཧོང་ལས་ དེ་ལུ་ངེས་ཏིག་སྦེ་ལམ་ལུགས་གཏན་འབེབས་བཟོ་སྟེ་མེད།
དེ་འབདཝ་ལས་ནམ་རང་འབད་རུང་ ཞབས་ཏོག་བཞེས་པའི་སྐབས་ལུ་ ཡོན་སྦྱོར་གྱི་ཁ་ཐུག་ལུ་ ཐུགས་ཀྱི་ཚ་གྱང་ལངས་མི་དགོ་ ག་ནི་བ་ཁག་ཆེཝ་འདི་ དད་པ་དང་མོས་གུས་དེ་ཨིན་ འ་ནི་མེད་པ་ཅིན་ ཡོན་སྦྱོར་རི་རྒྱལ་ལྷུན་པོ་བཟུམ་སྤུངས་ཏེ་ དགེ་འདུན་པ་ལུ་ ཕུལ་ད་རུང་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་འོང་དཀའ།
བསམ་འཆར།