ཟག་བཅས་ཟག་མེད་ལ་དཔྱད་པའི་ཐོས་བསམ་གྱི་ཟེགས་མ་ཞེས་བྱ་བ་བཞུགས་སོ། །

ཟག་བཅས་ཟག་མེད་ལ་དཔྱད་པའི་ཐོས་བསམ་གྱི་ཟེགས་མ་ཞེས་བྱ་བ་བཞུགས་སོ།  ། རྩོམ་པ་པོ།  སྤུངས་ཐང་རྣམ་རྒྱལ་དབང་ཕྱུག སྔོན་བརྗོད། ༉ ལུས་རྟེན་དལ་འབྱོར་...

ཟག་བཅས་ཟག་མེད་ལ་དཔྱད་པའི་ཐོས་བསམ་གྱི་ཟེགས་མ་ཞེས་བྱ་བ་བཞུགས་སོ།  །

རྩོམ་པ་པོ།  སྤུངས་ཐང་རྣམ་རྒྱལ་དབང་ཕྱུག

སྔོན་བརྗོད།

༉ ལུས་རྟེན་དལ་འབྱོར་ཕུན་སུམ་ཚོགས་པ་ཞིག་བརྙེས་པ་ནས་བཟུང་། རང་གི་སེམས་ཁམས་ཀྱི་ཁྲོད་དང་འཚོ་བའི་རྦ་རླབས་ཀྱི་དཀྱིལ་ན་དགའ་སྐྱོ་གཉིས་ཀྱི་གདུང་བའི་ཚོར་བ་ཉམས་མྱོང་གི་རང་རིག་ནི་ནམ་ཡང་བརྗེད་མི་ཐུབ་ངའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་ཚུད་པའི་རྡོ་ལ་རི་མོ་བརྐོས་པ་ཞིག་དང་འདྲ། ལྷག་པར་དུ་ད་ལྟའི་ཆར་ཐོས་བསམ་གྱི་ཆ་ནས་མི་ཚེ་སྐྱེལ་བཞིན་པའི་ཁྲོད་དུ། ཚད་མའི་རིག་པ་ལ་མྱོང་བ་མེད་ཀྱང་དཔྱད་མདོག་བྱེད་པའི་འཚོ་བའི་གནས་སྟངས་ཤིག་ནང་། ངའི་སེམས་ངོས་སུ་འཆར་བའི་ཟག་བཅས་ཟག་མེད་ཀྱི་མེ་ཏོག་ལ་རྣམ་རྟོག་གི་སྦྲང་མས་བཅུད་ལྡན་རོ་མངར་དེ་ཙམ་ཞིག་ལེན་མ་ཐུབ་ཀྱང་དེའི་སྐོར་རང་བློས་གང་ལྕོགས་ཀྱི་ཐོར་བུའི་ཚུལ་དུ་བསྒྲིགས་ཏེ་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་ཐུབ་བྱུང་བ་དེས་སློབ་གཉེར་བ་ངའི་མི་ཚེ་ནང་གི་བརྒྱུད་རིམ་གྱི་ཁྲོད་ནས་ཟིན་ཐོ་ཨང་གི་དང་པོ་དེ་ཡིན་ལགས། །

བཀྲིན་དགའ་ཚོར་གྱི་གཏམ།

༉  རྩོམ་ཤོག་འདི་འདྲ་ཞིག་བྱུང་བ་དེ་ཡང་ང་གཅིག་པུའི་བརྩོན་སྟོབས་ཙམ་མིན་པར། ལམ་སྟོན་གྱི་སྒྲོན་མེ་སྤར་མཁན་ཁོ་བོའི་བཤེས་གཉེན་ཆེན་པོ་མཁན་ཆེན་བསོད་ནམས་རྒྱལ་མཚན་མཆོག་དང་། སློབ་སངས་རྒྱས་དབང་ཕྱུག་མཆོག་ཁོང་དང་གཞན་ཡང་དགེ་རྒན་རྣམ་པ་དག་གི་བཀའ་དྲིན་ཡིན། མ་ཟད་རང་ཅག་རྣམས་ལ་བཀའ་དྲིན་གྱི་བདག་ཉིད་དུ་གྱུར་པའི་མ་ཡུམ་དགོན་པ་འདིའི་བཀའ་དྲིན་ཡང་ཡིན།  ལྷག་པར་དུ་དྲིན་ཅན་ཕ་མ་གཉིས་ཀྱིས་ལུས་སྲོག་གི་དཔལ་ཡོན་དེ་འདྲ་ཞིག་གནང་བཞག་པ་དེར་ནམ་ཡང་བརྗེད་ཐབས་བྲལ་བར་བཀའ་དྲིན་གཞལ་དུ་མ་མཆིས་པས་ཁོང་རྣམ་པ་རྣམས་ལ་སྙིང་ཁོངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེའོ་ཞེས་ཞུ་རྒྱུ་ལགས་སོ། །🙏🙏🙏

 མཆོད་པར་བརྗོད་པ་ནི།

རྨད་བྱུང་ཐུགས་རྩལ་ཡངས་པའི་ཐོགས་མེད་ཀྱི་གཅུང་པོ། །ཨ་ཧོ་ལྔ་བརྒྱ་པཎྜིའི་སྐུ་སྐྱེ་རུ་བཞེད་ཅིང་། །

ཀྱེ་མ་གླིང་འདིར་ཆོས་མངོན་ནུབ་ཁ་མ་ཞིག་ན། །བྱོན་པའི་དབྱིག་གཉེན་ཆེན་པོ་སྤྱི་གཙུག་ན་མཆོད་དོ། །

རྩོམ་པར་དམ་བཅའ་བ་ནི།

གཏིང་མཐའ་ཟབ་པའི་མངོན་མཛོད་ས་སྲུང་གི །ཆུ་ཐིག་ཙམ་གྱི་བརྗོད་བྱ་འཐུང་འདོད་པས། །

དཔྱད་པ་མེད་ཀྱང་ཡོད་རྫུས་ཧམ་པ་ཡིས། །མངོན་མཛོད་བརྗོད་བྱ་མདོར་ཙམ་འབྲི་ལ་སྤྲོ། །


ཞེས་སྒོ་གསུམ་གུས་པ་དང་བཅས་པའི་ལེགས་ཚིག་གསེར་གྱི་བསྟོད་ཕྱག་ཨུཏྤལ་ལ་དང་དམ་བཅའ་རྡོ་ཡི་རི་མོས་སྔོན་དུ་བསུས་ཏེ། གང་ཞིག་གླེང་བར་བྱའི་བརྗོད་གཞི་ངོ་མ་དེ་ནི་ཆོས་མོངན་པའི་བརྗོད་བྱར་བྱས་པའི་ཟག་བཅས་དང་ཟག་མེད་ཀྱི་སྐོར་ཡིན་ལ། དེ་ཡང་རྩ་བ་ལས། ཟག་བཅས་ཟག་པ་མེད་ཆོས་རྣམས།། ཞེས་གསུངས་པ་ལྟར། འགྲེལ་པ་ལུགས་ཤོག་༢༦་ལས། གང་དག་ཆོས་མངོན་པ་བསྟན་པ་ལ་རབ་ཏུ་རྣམ་པར་འབྱེད་པ་བྱ་རྒྱུའི་ཆོས་ནི་ཟག་བཅས་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་སོ། ཅེས་གསུངས་པ་ལྟར། དེ་གཉིས་བཤད་པར་བྱེད་པ་ལ་ཡང་རྩ་བའི་ས་བཅད་རྣམ་པ་བཞི་སྟེ།  

༡༽  དེ་ཡང་རང་ལུགས་བཞག་པ་དང་། ༢༽   ཁ་ཅིག་དགག་པ། ༣༽   རྩོད་པ་སྤོང་བ།  ༤༽  མཐར་དགེ་བསྔོ་མཇུག་བྱང་དང་བཅས་པའི་ས་བཅད་རྣམ་པ་བཞིའི་ཐོག་ནས་འདོད་པ་ལ།   

དང་པོ་རང་ལུགས་བཞག་པ་ལ་ཡང་།

༡ ༽  ངེས་ཚིག་བཤད་པ།  ༢ ༽  མཚན་ཉིད་དང་དབྱེ་བ་བཤད་པ།   ༣ ༽  རྣམ་གྲངས་བཞག་པ། ༤༽   དེ་ངོས་བཟུང་བ།  ༥ ༽   དེ་བསྟན་པའི་དགོས་པ།   ༦ ༽   ཁྱད་པར་ཕྱེ་བ། ༧  ༽   ཚད་འཇོག་པའམ་དམ་བཅའ་འདོད་པ། ༨ ༽ མཐའ་བསྡོམ་དང་བརྒྱད་ལས། 

དང་པོ་ནི།  རྒྱུད་ཉོན་མོངས་པ་དང་བཅས་ཤིང་གནས་འོག་ཏུ་ཟག་པས་ན་ཟག་བཅས། རྒྱུད་ལ་ཉོན་མོངས་པ་མི་སྐྱེས་ཤིང་གནས་འོག་ཏུ་ཟག་པ་མེད་པས་ན་ཟག་མེད་དོ།

གཉིས་པ་ནི། གཞུང་ལས། ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་གསུངས་པ་ལྟར། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་སུ་འགྱུར་པ། ཟག་བཅས་ཀྱི་མཚན་ཉིད། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་སུ་མི་འགྱུར་བ། ཟག་མེད་ཀྱི་མཚན་ཉིད། དབྱེ་བ་ནི།  ཟག་བཅས་ལ་དབྱེ་ན། རྩ་བ་ལས། ལམ་མ་གཏོགས་པའི་འདུས་བྱས་རྣམས། ། ཟག་བཅས། ཞེས་པ་ལྟར། ཚུར་བསྡུ་ན་སྡུག་ཀུན་གཉིས་ཡིན། དོན་ནི་མ་རིག་པས་བཅིངས་པའི་འཁོར་བའི་ཆོས་རྣམས་ལ་གོ་བ་དང་། ཟག་མེད་ལ་དབྱེ་ན། གཞུང་ལས།  ཟག་མེད་ལམ་གྱི་བདེན་པ་དང་།། འདུས་མ་བྱས་རྣམས་གསུམ་ཡང་སྟེ།། ཞེས་པ་ལྟར།  ཚུར་བསྡུ་ན་འགོག་ལམ་གཉིས་ཡིན་ལ། དོན་ནི་མྱང་འདས་དང་དེ་ཐོབ་པར་བྱེད་པའི་ལམ་ལ་གོ་བ་ཡིན་ནོ།

གསུམ་པ་ནི།  རྩ་བ་ལས། གཟུགས་ལ་སོགས་པའི་ཕུང་པོ་ལྔ་། །དེ་དག་ཉིད་དུས་གཏམ་གཞི་དང་། །ངེས་པར་འབྱུང་བཅས་བཞི་དང་བཅས། །གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོའང་དེ་དག་འཐབ་བཅས་ཀྱང་། །སྡུག་བསྔལ་ཀུན་བྱུང་འཇིག་རྟེན་དང་། །ལྟ་གནས་སྲིད་པའང་དེ་དག་ཡིན། །ཅེས་གསུངས་པ་ལྟར་ཡིན་ལ། དེ་དག་གི་སྟེང་ཟག་པ་དང་དྲི་མ་ཅེས་བསྣན་ན་ལེགས་པར་བསམ་སྟེ། འགྲེལ་པ་ལུགས་ཤོག་གྲངས་༢༥ལས། དྲི་མ་ནི་ཟག་པ་ཡིན་ལ། དེ་མེད་པ་ནི་དྲི་མེད། ཞེས་གསུངས་པའི་ཕྱིར།བཞི་པ་ནི། ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་ལས། ཟག་བཅས་ཐམས་ཅད་སྡུག་བསྔལ་བའོ། །ཞེས་པ་ལྟར།  ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ལ་ཟག་བཅས་སུ་འཇོག་པ་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་ཟག་མེད་དུ་བཞག་པ་ཡིན།

ལྔ་པ་ནི། སྤང་བྱ་དང་བླང་བྱ་ཡིན་པའི་རྒྱུ་མཚན་གྱིས་ཟག་བཅས་ཟག་མེད་ཀྱི་རྣམ་གཞག་ནི་ཆོས་མངོན་པའི་གཞུང་གིས་བརྗོད་བྱར་བྱས་པས་སོ། །མངོན་རྒྱན་སྟོད་ཆ་ཤོག་༢༥་ལས། གཅིག་ཏུ་སྤང་བྱ་དང་བླང་བྱ་ཡིན་པའི་ཕྱིར་རམ། ཡང་ན་འདིས་གཞན་རྣམས་ཀྱང་མཚོན་པར་བྱེད་པའི་ཕྱིར་འགལ་བ་མེད་དོ། །ཅེས་གསུངས་པའི་ཕྱིར་རོ། །

དྲུག་པ་ནི། ཟག་བཅས་དང་ཟག་མེད་གཉིས་ཀྱི་ཁྱད་པར་ལ་ཕན་ཚུན་རྣམ་གཅད་ཡོངས་གཅོད་ཀྱི་སྒོ་ནས་དངོས་འགལ་ཡིན་ཏེ། དེ་གཉིས་དངོས་སུ་འགལ་བ་གང་ཞིག་ཕན་ཚུན་གཞི་མི་མཐུན་པར་གནས་པ་ཡིན་པའི་ཕྱིར་ཏེ། མངོན་རྒྱན་ཤོག་གྲངས་༢༥་ལས། ཟག་པ་དང་བཅས་པ་དང་ཟག་མེད་པ་ནི་ཆོས་རྣམས་ཞེས་བྱ་སྟེ། དེ་གཉིས་ནི་ཕན་ཚུན་རྣམ་པར་གཅོད་པའི་འགལ་བ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར།

བདུན་པ་ནི། ཁྱོད་ལ་དམིགས་པའི་སྟོབས་ཀྱིས་ཟག་པ་རྒྱས་ནུས་པ་དེ་ཟག་བཅས་ཀྱི་ཚད་དུ་འདོད་པ་དང་། ཁྱོད་ལ་དམིགས་ཀྱང་ཟག་པ་རྒྱས་མི་ནུས་པ་དེ་ཟག་མེད་ཀྱི་ཚད་དུ་འདོད་པ་ཡིན། འོ་ན། དམིགས་པའི་སྒོ་ནས་རྒྱས་སུ་འགྱུར་པ་ཇི་ལྟ་བུ་ཞིག་དང་། མཚུངས་ལྡན་གྱི་སྒོ་ནས་རྒྱས་སུ་འགྱུར་པ་ཅི་ལྟ་བུ་ཞིག་ལ་བཞག་གི་ཡོད་དམ་ཅེས་ན། འདི་ཡོད་དེ། དམིགས་པའི་སྒོ་ནས་རྒྱས་སུ་འགྱུར་པ་ཞེས་པ་ནི། ཕྱི་རོལ་གྱི་ཡུལ་རང་དམིགས་ཡུལ་དུ་གཟུང་ནས་དེའི་སྟོབས་ཀྱིས་ནུས་པ་འཕེལ་བ། དཔེར་ན་དམིགས་ཡུལ་གཟུགས་མཛེས་པ་ཞིག་གཟུང་ནས་དེ་མཐོང་བར་དེའི་ཚེ་དེའི་སྟོབས་ཀྱིས་ཆགས་བློ་ཡང་ཡང་རྒྱས་པ་ལྟ་བུའོ། །མཚུངས་ལྡན་གྱི་སྒོ་ནས་རྒྱས་སུ་འགྱུར་པ་ནི། ནང་གི་སེམས་སེམས་འབྱུང་གཉིས་པོ་གཅིག་གི་གཅིག་གྲོགས་སུ་བྱས་པའི་དེའི་སྟོབས་ཀྱིས་ནུས་པ་འཕེལ་བ། དཔེར་ན། སྒྲ་སྙན་པ་ལ་ཆགས་པའི་ཆགས་བློ་སྐྱེས་པར་དེའི་ཚེ་དེའི་འཁོར་དུ་འབྱུང་བའི་སེམས་འབྱུང་དག་ཀྱང་དེའི་མཐུ་ལ་བརྟེན་ནས་ཡར་འཕེལ་དུ་སོང་བ་ལྟ་བུའོ། །མདོར་ན། ཕྱི་རོལ་གྱི་ཡུལ་ལ་དམིགས་ནས་རྒྱས་པ་དེར་དམིགས་པའི་སྒོ་ནས་རྒྱས་པ། ནང་གི་སེམས་ལ་བརྟེན་ནས་རྒྱས་པ་དེར་མཚུངས་ལྡན་གྱི་སྒོ་ནས་རྒྱས་པའོ། །

བརྒྱད་པ་ནི། མདོར་ན་སྐབས་འདིའི་ལུགས་ལ་ཟག་བཅས་ཟག་མེད་ཀྱི་རྣམ་གཞག་ཤེས་པ་ནི། ཟག་བཅས་ཀྱི་ཆོས་ལ་དམིགས་ནས་སྤང་བྱ་ངོ་ཤེས་པས་འཁོར་བའི་གནས་ལུགས་ཧ་གོ་བ་དང་། ཟག་མེད་ཀྱི་ཆོས་ལ་དམིགས་ནས་ཐོབ་བྱ་ངོ་ཤེས་པས་ཐར་པའི་ལམ་འཇུག་པ་ལ་སྤྲོ་བ་བསྐྱེད་པ་བྱའི་ཕྱིར། དེ་བས་ན་ཟག་བཅས་ཟག་མེད་ཀྱི་རྣམ་གཞག་ནི། ཐར་པའི་ལམ་ལ་འཇུག་ནུས་པའི་རྨང་གཞི་ལྟ་བུ་ཞིག་ཡིན་པས་ཆོས་མངོན་པའི་བརྗོད་བྱ་གཙོ་བོར་བཟུང་ཡིན་ནོ། །           

གཉིས་པ་ཁ་ཅིག་དགག་པ་ནི།

ཁ་ཅིག་ན་རེ། ཟག་བཅས་ཀྱི་མཚན་ཉིད་ནི། རང་གི་དམིཊ་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་པར་འགྱུར་པ་ཟེར་བ་ལ། ཟག་བཅས་ཡོད་ན་རང་གི་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་པར་འགྱུར་པའི་ཁྱབ་པར་ཐལ། མཚན་མཚོན་ཡིན་པའི་ཕྱིར། འདོད་ན། ཟག་བཅས་ཆོས་ཅན། ཁྱོད་ཡོད་ན་རང་གི་དམིཊ་པ་དང་མཚུངས་ལྡན་གང་རུང་ཡོད་དགོས་པ་ཐལ། འདོད་ན། ཀ་བ་ཆོས་ཅན། རང་གི་དམིཊ་པ་དང་མཚུངས་ལྡན་གང་རུང་ཡོད་པར་ཐལ། ཟག་བཅས་ཡོད་པའི་ཕྱིར། འདོད་ན་ཧ་ཅང་ཐལ་ལོ། མ་གྲུབ་ན། དེར་ཐལ། གཞི་གྲུབ་པའི་ཕྱིར་རོ། །

ཁ་ཅིག་ན་རེ། ཁྱོད་ལ་དམིགས་པའི་སྒོ་ནས་ཟག་པ་སྐྱེ་བ་ཡོད་ན་ཟག་བཅས་ཡིན་པས་ཁྱབ་ཟེར་ན། སྒོམ་ལམ་ཟག་མེད་ཆོས་ཅན། ཟག་བཅས་ཡིན་པར་ཐལ། ཁྱོད་ལ་དམིགས་པའི་སྒོ་ནས་ཟག་པ་སྐྱེ་བ་ཡོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཟག་མེད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། འཇིག་རྟེན་ལས་འདས་པའི་སྒོམ་ལམ་ཡིན་པའི་ཕྱིར།  ཁྱབ་སྟེ།  སྐབས་འདིར་བྱས་སྨྲས་ལུགས་ལ་སྒོམ་ལམ་ལ་འཇིག་རྟེན་པའི་སྒོམ་ལམ་དང་། འཇིག་རྟེན་ལས་འདས་པའི་སྒོམ་གཉིས་སུ་བཞག་པས་སྒོམ་ལམ་ཡིན་ན་འཐའ་གཅིག་ཏུ་ཟག་མེད་ཡིན་པར་མ་ཁྱབ་པའི་གནད་གའང་དེར་གཏུགས་པ་ཡིན་གྱི། གོང་དུ་མ་གྲུབ་ན། དེར་ཐལ། འགོག་ལམ་ལ་དམིགས་པའི་སྒོ་ནས་ཟག་པ་སྐྱེ་བར་ཡོད་པའི་ཕྱིར། མ་གྲུབ་ན། མཛོད་རང་འགྲེལ་pdf ཤོག་གྲངས་༥་ལས། འགོག་པ་དང་ལམ་གྱི་བདེན་པ་ལ་དམིགས་པས་ཀྱང་ཟག་པ་སྐྱེ་བར་ནི་འདོད་མོད་ཀྱི། དེ་གཉིས་ལ་རྒྱས་པར་མི་འགྱུར་བས་དེ་གཉིས་ཟག་པ་དང་བཅས་པ་ཉིད་དུ་ཐལ་བ་མེད་དོ། །ཅེས་གསུངས་པ་ལྟར། ལུང་དེ་དང་མཐུན་པར། འགྲེལ་པ་ལུགས་ཤོག་གྲངས་༢༦་ལས། དེ་གཉིས་ལ་དམིགས་པས་ཀྱང་ཟག་པ་སྐྱེ་བར་འདོད་མོད་ཀྱང་རྒྱས་པར་མི་འགྱུར་བས་སོ། །ཅེས་གསུངས་པའི་ཕྱིར།

ཡང་ཁ་ཅིག གཞུང་ལས། ཟག་མེད་ལམ་གྱི་བདེན་པ་དང་། ཞེས་པའི་རྩ་ཚིག་དེར་བརྟེན། ཟག་མེད་ཡིན་ན་ལམ་བདེན་ཡིན་པས་ཁྱབ་ཅེས་པ་ལ། འདུས་མ་བྱས་ཆོས་ཅན། ལམ་བདེན་ཡིན་པར་ཐལ། ཟག་མེད་ཡིན་པའི་ཕྱིར། མ་གྲུབ་ན། མངོན་པར་མཛོད་ལས། ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམས་གསུམ་ཡང་སྟེ། ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ལམ་བདེན་ཡིན་པའི་ཕྱིར་རོ། །འདོད་ན། རྟག་མི་རྟག་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ་ལོ། །

གསུམ་པ་རྩོད་པ་སྤོང་བ་ནི།

ཁ་ཅིག་ན་རེ། སྒོམ་ལམ་ཟག་མེད་ཆོས་ཅན། ཟག་བཅས་ཡིན་པར་ཐལ། ཁྱོད་ལ་དམིགས་ནས་ཟག་པ་སྐྱེ་བ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། མཁན་ཆེན་གཞན་འགས་མཛད་པའི་མངོན་མཛོད་མཆན་འགྲེལ་ཤོག་གྲངས་༡༠་ལས། སྒོམ་ལམ་ལ་དམིགས་པས་ཀྱང་ཟག་པ་སྐྱེ་བར་ནི་འདོད་མོད་ཀྱི་དེ་གཉིས་ལ་རྒྱས་པར་མི་འགྱུར་བས་ཟག་བཅས་སུ་ཐལ་བ་མེད་དོ། ཅེས་གསུངས་པའི་ཕྱིར།

ཁ་ཅིག་གི བྱེ་སྨྲས་ཆོས་ཅན། རྣམ་པ་ཁས་ལེན་པར་ཐལ། མཚུངས་ལྡན་རྣམ་ལྔ་མཚུངས་ཁས་ལེན་པའི་ཕྱིར་ནའང་མ་ཁྱབ་བོ། །དེར་ཐལ། རྣམ་པ་ཁས་མ་ལེན་པར་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཟེར་བའང་ཁས་ལེན་སྟངས་མེད་པའི་ཕྱིར་ན། མ་གྲུབ་སྟེ། བྱེ་སྨྲས་རྣམ་པ་ཁས་མི་ལེན་ཟེར་བ་དེ་ནི་ཤེས་པ་དེའི་ཡུལ་འཛིན་པའི་སྐབས་ཡུལ་གྱི་རྣམ་པ་ཤེས་པ་དེ་ལ་སྣང་བ་མེད་པས་སྐབས་དེའི་རྣམ་པ་ཁས་མི་ལེན་ཟེར་བ་ཡིན་པའི་ཕྱིར། མཆིམས་མཛོད་ལས་གསུངས་པའི་རྣམ་པ་ཁས་མི་ལེན་ཞེས་པའང་དགོངས་པ་ཡང་དེ་ཡིན་གྱི།

ཁ་ཅིག་གི ཟག་བཅས་ཟག་མེད་གཉིས་ཀ་ཆོས་ཅན། དགག་བྱ་དངོས་སུ་དཔྱད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ།  དགག་པ་ཡིན་པའི་ཕྱིར། མ་གྲུབ། དེར་ཐལ།  ཁྱོད་ཀྱི་མཚན་ཉིད་དགག་པ་ཡིན་པའི་ཕྱིར། མ་གྲུབ། དེར་ཐལ། ཁྱོད་ཀྱི་མཚན་ཉིད་ཀྱི་ཚིག་འཛིན་ལ་དགག་ཚིག་དངོས་སུ་འཛིན་པའི་ཕྱིར་ན། མ་ཁྱབ་བོ། །

ཡང་ཁ་ཅིག་ན་རེ། འདུས་བྱས་ཆོས་ཅན། ཟག་བཅས་མ་ཡིན་པར་ཐལ།  ཁྱོད་ལ་དམིགས་པའི་སྒོ་ནས་ཟག་པ་རྒྱས་ནུས་པ་མེད་པའི་ཕྱིར། མ་གྲུབ། དེར་ཐལ། ཁྱོད་ཀྱི་དམིགས་པ་མེད་པའི་ཕྱིར་ཟེར་ན་མ་ཁྱབ། 

ཁ་ཅིག་ན་རེ། ཟག་བཅས་ཟག་མེད་གཉིས་པོ་ཆོས་ཅན། དངོས་འགལ་མ་ཡིན་པར་ཐལ། གཞི་མཐུན་ཡོད་པའི་ཕྱིར་ན། མ་གྲུབ་བོ། །མཁན་གཞན་འགས་མཆན་འགྲེལ་༤༡་ལས། ཡིད་དང་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་དག་དང་དད་པ་ལ་སོགས་པ་ལྔ་དང་དབང་པོ་དགུ་པོ་དག་ནི་ཟག་བཅས་ཟག་མེད་རྣམ་པ་གཉིས་ཀ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། ཁྱབ་པར་མ་བྱུང་སྟེ། དེའི་དོན་ནི། དབང་པོ་དེ་དག་ལ་ཟག་བཅས་ཟག་མེད་གཉི་གའི་ཆ་ཡོད་པས་ཅི་རིགས་པ་ཡོད་ཅེས་པའི་དོན་དུ་གསུངས་པའི་ཕྱིར་རོ། །

བཞི་པ་མཐར་དགེ་བསྔོ་མཇུག་བྱང་དང་བཅས་པ་ནི།

ཟག་བཅས་ཟག་མེད་དཔྱད་པའི་ནམ་མཁའ་ལ། །དོན་གྱི་ཆུ་ཤེལ་དབང་པོ་མ་ཤར་ཡང་། །

ཚིག་གི་ཉི་མའི་འོད་རི་ཤར་བ་ལ། །དགེ་རྩ་འདི་ཉིད་ཐམས་ཅད་བྱང་ཆུབ་བསྔོ། །


ཞེས་ཐོས་བསམ་གྱི་ཕུག་ཐག་མ་ཆོད་ཞིང་། རིག་པའི་གཞུང་ལུགས་ལ་སྦྱང་བརྩོན་གྱི་སྟོང་ལ།  བློ་གྲོས་ཀྱི་རྩལ་མ་མཆིས་པའི་གང་ཟག་ང་འདྲ་བ་ཞིག་གི་བྲིས་པའི་རྩོམ་ཤོག་དེའི་དོན་ནི་ཧ་ཅང་གི་གཏིང་ཟབ་ལ་དཔྱད་པ་མཐའ་མེད་པ་ཞིག་ཡིན་པས། ཁོ་བོས་ཀྱང་དེ་ཙམ་གྱི་དཔྱད་པ་མ་ནུས་ཏེ་ད་ལྟ་མཛོད་གནས་གཉིས་པ་བལྟས་བཞིན་པ་ཡིན་པས་གནས་དང་པོ་ནས་བཤད་ཟིན་པའི་ཟག་བཅས་ཟག་མེད་ཀྱི་སྐོར་ཁོ་ན་ལ་བསམ་དཔྱད་ཀྱི་ཚུལ་དུ་བྲིས་པ་དེའང་། རང་ལུགས་གནམ་ལོ་མེ་ཕོ་རྟ་ལོ་ཟླ་གཉིས་པའི་ཚེས་༢༥་མཁའ་འགྲོ་འབུམ་གྱི་དུས་བཟང་དང་སྟབས་བསྟུན་བྲིས་པ་དེས་ཕ་མས་གཙོས་པའི་སེམས་ཅན་ཐམས་ཅད་དགེ་བའི་སྣང་བ་དང་འགྲོགས་ཏེ་གཏན་གྱི་བདེ་བ་ཐོབ་པའི་རྒྱུ་རུ་གྱུར་ཅིག།     །།


རྣམ་རྒྱལ་དབང་ཕྱུག
བསྟན་བཅོས་མཁན་ལོ་ངོ་དང་པ།
སྤྱི་ལོ་ ༢༠༢༦


རྒྱབ་བརྟེན་ཡིག་ཆ།

མཛོད་རྩ་བ།

མཆན་འགྲེལ།

འགྲེལ་པ་ལུགས།

མཛོད་རང་འགྲེལ།   

མཆིམས་མཛོད་ཆེ་བ་བཅས་ཡིན་ལ།          



བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,13,དྲིས་ལན་སྣ་ཚོགས།,16,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,10,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,17,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: ཟག་བཅས་ཟག་མེད་ལ་དཔྱད་པའི་ཐོས་བསམ་གྱི་ཟེགས་མ་ཞེས་བྱ་བ་བཞུགས་སོ། །
ཟག་བཅས་ཟག་མེད་ལ་དཔྱད་པའི་ཐོས་བསམ་གྱི་ཟེགས་མ་ཞེས་བྱ་བ་བཞུགས་སོ། །
blob:https://www.blogger.com/2be17d92-a51f-4698-8aca-2f685cbe4c98
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2026/05/blog-post.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2026/05/blog-post.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content