མི་ཕམ་པདྨ་དཀར་པོ་ཆོས་ཀྱི་རྒྱལ། །བསྟན་པའི་མངའ་བདག་པན་ཆེན་འགྲོ་བའི་མགོན། ། སྙིགས་དུསརྒྱལ་བ་གཉིས་པ་ཆོས་ཀྱི་རྗེ། །ངག་དབང་ནོར་བུའི་ཞབས་ལ་ཕ...
མི་ཕམ་པདྨ་དཀར་པོ་ཆོས་ཀྱི་རྒྱལ། །བསྟན་པའི་མངའ་བདག་པན་ཆེན་འགྲོ་བའི་མགོན། །
སྙིགས་དུསརྒྱལ་བ་གཉིས་པ་ཆོས་ཀྱི་རྗེ། །ངག་དབང་ནོར་བུའི་ཞབས་ལ་ཕྱག་ཚལ་ལོ། །
ཞེས་མཆོད་པར་བརྗོད་པའི་ལེགས་ཚིག་གསེར་གྱི་མེ་ཏོག་སྔོན་དུ་འཐོར་ནས་གང་ཞིག་གླེང་བར་བྱ་བའི་གཞི་ནི། མངོན་རྟོགས་རྒྱན་ལས། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ།། ཞེས་གསུངས་པའི་ཆོས་ཀྱི་འཁོར་ལོ་སྣ་ཚོགས་སུ་བསྐོར་ཚུལ་ལ་ཀུན་མཁྱེན་མི་ཕམ་པདྨ་དཀར་པོའི་བཞེད་པ་ལྟར་འགྲེལ་བའི་དཔྱད་རྩོམ་པད་དཀར་སྙིང་པོ་ཞེས་བྱ་བ་བཞུགས་སོ།།
འདི་ནི་འཆད་པར་བྱེད་པ་ལ་ས་བཅད་རྣམ་པ་གསུམ་སྟེ། རང་ལུགས་ལུང་རིགས་གཉིས་ཀྱིས་བཞག་པ། རྩོད་པ་སྤང་བ། གཞན་ལུགས་དགག་པ་དང་གསུམ་ལས། དང་པོ་རང་ལུགས་ལུང་རིགས་གཉིས་ཀྱི་བཞག་པ་ལ་ཡང་གསུམ་སྟེ། དང་པོ་ཆོས་འཁོར་གྱི་མཚན་ཉིད། གཉིས་པ་དེའི་དབྱེ་བ་རྒྱས་པར་བཤད་པ། གསུམ་པ་ཆོས་འཁོར་རིམ་པ་གསུམ་གྱི་རབ་དབྱེ་བཤད་པའོ།།
དང་པོ་མཚན་ཉིད་ནི། ལུང་རྟོགས་གང་རུང་གིས་བསྡུས་པའི་སྟོན་པའི་དམ་ཆོས་གང་ཞིག་གདུལ་བྱའི་རྒྱུད་ལ་འཕོ་ནས་དེའི་མི་མཐུན་ཕྱོགས་འཇོམས་ནུས་པ་ནི་ཡིན་ཏེ། ཀུན་མཁྱེན་ཆེན་པོས་བྱམས་ཞལ་ལས། དེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་ཐམས་ཅད་ཀྱང་ལུང་རྟོགས་ཀྱི་ཆོས་གཉིས་སུ་འདུས་ཏེ།། ཞེས་གསུངས་པས་སོ།།
གཉིས་པ་དབྱེ་བ་ལ་ཡང་ལུང་དང་རྟོགས་པའི་ཆོས་གཉིས་ཏེ། ཀུན་མཁྱེན་ཆེན་པོས་ཤེར་ཕྱིན་ལུང་ལ་འཇུག་པའི་སྒོ་ལས། ཆོས་ཀྱི་འཁོར་ལོ་ཡང་ལུང་རྟོགས་གཉིས། སྔ་མ་ཆོས་འཁོར་རིམ་པ་གསུམ་སྟེ། ཞེས་གསུངས་པས་སོ།། དེ་ལྟར་གསུངས་པ་བཞིན་དུ་ལུང་གི་ཆོས་ལ་ཡང་དབྱེ་ན། གསུང་རབ་ཡན་ལག་བཅུ་གཉིས་སམ། ཀུན་མཁྱེན་ཆེན་པོས་ཆོས་འཁོར་དོགས་གཅོད་ལས། རྟུལ་འབྲིང་རྣོན་པའི་འདུལ་བྱེད་ཀྱིས།། འཁོར་ལོ་རིམ་པ་གསུམ་དུ་བསྡུས།། ཞེས་པ་ལྟར་བཀའ་མཐོ་མཐའ་བར་གསུམ་མོ།། འདི་ལ་ཡང་མདོ་སྔགས་གཉིས་ཀྱི་བཞེད་ཚུལ་མི་འདྲ་བ་གཉིས་ཡོད་པ་ལས།
དང་པོ་མདོ་ལུགས་སམ་རྒྱུའི་ཐེག་པ་ལ། འོད་སྲུང་ཀྱི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པའི་ཟབ་མོ་ལྟའི་ལུགས་ལྟར་ན། ཆོས་འཁོར་དང་པོ་བསོད་ནམས་མིན་པ་བཟློག་པ། ཆོས་འཁོར་བར་པ་བདག་བཟློག་པ། ཆོས་འཁོར་མཐའ་མ་ལྟ་བ་ཀུན་བཟློག་པའོ།། གཉིས་པ་དགོངས་པ་ངེས་འགྲེལ་གྱི་རྫེས་སུ་འབྲངས་པའི་རྒྱ་ཆེན་སྤྱོད་པའི་ལུགས་ལྟར་ན། དང་པོ་བདེན་བཞིའི་ཆོས་འཁོར། གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར། གསུམ་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བཅས་གསུམ་མོ།། མདོར་ན་ཟབ་རྒྱས་གཉིས་ཀྱི་ལུགས་གང་ལྟར་འདོད་ཀྱང་འགལ་བ་མེད་དེ། ལུགས་དེ་གཉིས་ཀྱིས་བཞེད་པ་འདི་ཐ་སྙད་མི་འདྲ་བ་ཙམ་མ་གཏོགས་དོན་ལ་གཅིག་ཡིན་པའི་ཕྱིར་ཏེ། ཤེར་ཕྱིན་ལུང་ལ་འཇུག་པའི་སྒོ་ལས། བར་མ་ལ་མཚན་ཉིད་མེད་པའི་ཆོས་འཁོར་དང་།
ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོོར་གཉིས་ཕྱེ་བའི་འཁོར་ལོ་གསུམ་མདོ་སྡེ་དགོངས་པ་ངེས་འགྲེལ་པར་གསུངས་ལ། དབུ་མ་པས་བསོད་ནམས་མིན་པ་ཟློག་པ། བདག་ཟློག་པ། ལྟ་བ་ཀུན་ཟློག་པ་ཅེས་པ་དོན་གཅིག ཞེས་གསུངས་པས་སོ།།
གཉིས་པ་སྔགས་ཀྱི་ལུགས་སམ་འབྲས་བུའི་ཐེག་པ་ལྟར་ན། ཆོས་འཁོར་དང་པོ་བདེན་པ་དེ་ཉིད་ཀྱི་ཚུལ། ཆོས་འཁོར་གཉིས་པ་ཕར་རོལ་ཏུ་ཕྱིན་པའི་ཚུལ། ཆོས་འཁོར་གསུམ་པ་གསང་སྔགས་ཀྱི་ཚུལ་ཞེས་བཞེད་དོ།། གཉིས་པ་རྟོགས་པའི་ཆོས་འཁོར་ནི། བྱམས་པའི་ཞལ་ལུང་ལས་གསུངས་པ་ལྟར། འགོག་བདེན་དང་ལམ་བདེན་གཉིས་སམ། ཡང་ན་ལྷག་པ་ཚུལ་ཁྲིམས། ཏིང་ངེས་འཛིན། ཤེས་རབ་གསུམ་མོ།།
གསུམ་པ་ཆོས་འཁོར་རིམ་པ་གསུམ་གྱི་རབ་དབྱེ་བཤད་པ་ལ། ཆོས་འཁོར་རིམ་པ་གསུམ་ལ། བསྐོར་བའི་རིམ་པ་བཞག་ཚུལ། བསྐོར་བར་གསོལ་བ་པོ། བསྐོར་བའི་དུས། བསྐོར་སའི་གནས། བསྐོར་སའི་གདུལ་བྱའི་གཙོ་བོ་བཅས་གཞི་ལྔའི་སྒོ་ནས་བཤད་དོ།།
དང་པོ་ནི། སྐབས་འདིར་ཆོས་འཁོར་གྱི་རིམ་པ་ནི་ སྟོན་པོས་ཆོས་བསྟན་པའི་དུས་ཀྱི་མ་ཡིན་པར་ དོན་དམ་རྟོགས་པ་ལ་འཇུག་པའི་རིམ་པས་ཡིན་ཏེ། ཆོས་འཁོར་བར་པ་དང་མཐའ་མ་གཉིས་དུས་གཅིག་ཏུ་བསྐོར་ལ་དེའི་ཚེ་གདུལ་བྱའི་རིགས་དང་དབང་པོའི་ཁྱད་པར་གྱིས་ཆོས་འཁོར་འདིའི་དོན་རྟོགས་ཚུལ་གྱིས་བར་མཐའ་གཉིས་སུ་ཕྱེ་བཞག་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས་ཆོས་འཁོར་དོགས་གཅོད་ལས། འདི་བར་མཐའ་ནི་དོན་དམ་པ་ལ་འཇུག་པའི་རིམ་པ་ཡིན་གྱི། སྟོན་པས་བསྟན་པའི་དུས་ཀྱི་ནི་མ་ཡིན་ནོ།། དེ་མདོ་ཉིད་ཀྱི་ལུགས་སོ།། ཞེས་གསུངས་པའི་ཕྱིར་དང་། ཆོས་འཁོར་དོགས་གཅོད་ལས། དཔྱད་དང་ཡོངས་སུ་དཔྱད་ཉིད་ཀྱིས།། བར་དང་མཐའ་བཞག་མདོ་ཉིད་ལུགས།། ཞེས་གསུངས་པའི་ཕྱིར་རོ།།
གཉིས་པ། ཆོས་འཁོར་དང་པོ་བསྐོར་བར་གསོལ་བ་པོ་ནི་མི་མཇེད་ཀྱི་བདག་པོ་ཚངས་པ་གཙུག་ཕུད་ཅན་ནོ།། གསུམ་པ་བསྐོར་བའི་དུས་ནི་ སངས་རྒྱས་གོང་ལོ་སུམ་ཅུ་སོ་ལྔ་ལང་པའི་ཚེ་སྟེ། བཅོམ་ལྡན་འདས་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་སོང་བའི་ཚེ། ཡང་ན་ཆུ་སྟོད་ཀྱི་ཟླ་བའམ་ཟླ་བ་དྲུག་པའི་ཚེས་བཞི་ལ་བསྐོར་བས་སོ།། ལྔ་པ་བསྐོར་སའི་གནས་ནི་ཝཱ་རཱ་ཎ་སཱིར་ཡིན་ནོ།། འདིའི་གདུལ་བྱའི་གཙོ་བོ་ནི་རང་རྒྱལ་བསློབ་པའི་ཉན་ཐོས་ཀྱི་རིགས་ཅན་རྣམས་ཏེ། ཀུན་མཁྱེན་ཆེན་པོས་ཆོས་འཁོར་དོགས་གཅོད་ལས། དབང་རྟུལ་ཉོན་ཐོས་རྣམས་ལ་ནི།། དང་པོའི་ཆོས་ཀྱི་འཁོར་ལོའི་མདོ།། ཞེས་གསུངས་པས་སོ།།
ཆོས་འཁོར་བར་པ་དང་མཐའ་མ་གཉིས་གསོལ་བ་པོ་དུས་གནས་གསུམ་འདྲ་བས་དེ་གསུམ་གཅིག་ཅར་དུ་བཤད་པར་བྱ་སྟེ། དུས་དང་གནས་ནི། སྟོན་པ་གོང་ལོ་ལྔ་བཅུ་ང་གཅིག་ལང་པའམ་ བཅོམ་ལྡན་འདས་སངས་རྒྱས་ནས་ལོ་བཅུ་དྲུག་པ་ལ་གནས་བྱ་རྒོད་ཕུང་པོ་ལའོ།།
ཆོས་འཁོར་བར་པའི་གདུལ་བྱའི་གཙོ་བོ་ནི་ཐེག་ཆེན་སོ་སྐྱེ་སེམས་ཙམ་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས་ཆོས་འཁོར་དོགས་གཅོད་ལས།
གཉིས་པ་ཐེག་ཆེན་སོ་སྐྱེ་ལ། ། མ་སྐྱེས་སོགས་ལས་བརྩམས་ནས་ནི། །
སྟོང་ཉིད་སྨོས་པའི་སྒོ་གསུམ་གྱིས། ། མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། །
ཞེས་གསུངས་པའི་འགྲེལ་པར། འདིའི་འདུལ་བྱ་དབང་པོ་འབྲིང་ཐེག་ཆེན་སོ་སྐྱེ་རྣལ་འབྱོར་སྤྱོད་པའི་སྐལ་བ་ཅན་ཡིན་ལ། ཞེས་གསུངས་པས་སོ།། ཆོས་འཁོར་གསུམ་པའི་གདུལ་བྱ་གཙོ་བོ་ནི་ཆོས་འཁོར་དོགས་གཅོད་ལས་གསུངས་པ་ལྟར་ཐེག་ཆེན་དུ་རིགས་ངེས་པའི་དབང་པོ་རྣོན་པོ་རྣམས་ཡིན་ནོ།།
ཉམས་ལེན་བྱིན་རླབས་བརྒྱུད་པའི་ལུགས་ལ། དང་པོ་ཆོས་འཁོར་རིམ་པ་གསུམ་གྱི་རིམ་པ་ནི་སྟོན་པས་འཆད་པའི་རིམ་པ་དང་དོན་དམ་པ་ལ་འཇུག་པའི་རིམ་པ་གཉིས་ཀ་ཡིན་ཏེ། སྐབས་འདིར་ཆོས་འཁོར་བར་པ་དང་མཐའ་མ་གཉིས་ཀྱི་བར་ལ་དུས་ཀྱི་ཕྱོགས་ནས་ལྟ་ན་ཉི་ཤུ་རྩ་བརྒྱད་ཡོད་པའི་ཕྱིར་དང་ ལ་ལས་དོན་དམ་པར་འདིར་བཞག་པའི་ཆོས་འཁོར་གྱི་རིམ་པ་ལྟར་འཇུག་པས་སོ།། སྔགས་ཀྱི་ཆོས་འཁོར་དང་པ་དང་བར་པའི་གསོལ་བ་པོ་དུས་གནས་གསུམ་མདོའི་ལུགས་དང་ཁྱད་པར་མེད་པས་མདོ་ལུགས་གྱིས་བཞེད་པ་ལྟར་བཞགས་ན་གྲིག་ཀྱང་། ཆོས་འཁོར་བར་པའི་གདུལ་བྱ་ངོས་འཛིན་ཚུལ་ལ་ཁྱད་པར་ཅུང་ཟད་ཡོད་དེ། ལུགས་འདིར་ཆོས་འཁོར་བར་པའི་འདུལ་བྱ་ནི་དབང་པོ་འབྲིང་སམ་སེམས་ཙམ་དང་མདོ་ལུགས་ཀྱི་ཆོས་འཁོར་གསུམ་པའི་གདུལ་བྱ་རྣམས་བཞགས་དགོས་ཏེ། ལུགས་འདིའི་ཆོས་འཁོར་བར་པ་ནི་ མདོ་ལུགས་ཀྱི་ཆོས་འཁོར་བར་པ་དང་མཐའ་མ་གཉིས་བཞག་དགོས་པས་སོ།། དེ་ཡང་ཀུན་མཁྱེན་ཆེན་པོས་ཤེར་ཕྱིན་ལུང་ལ་འཇུག་པའི་སྒོ་ལས། བར་མ་ལ་མཚན་ཉིད་མེད་པའི་ཆོས་འཁོར་དང་། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གཉིས་ཕྱེ་བའི་འཁོར་ལོ་གསུམ་མདོ་སྡེ་དགོངས་པ་ངེས་པར་འགྲེལ་པར་གསུངས་ལ། ཞེས་གསུངས་པའི་ཕྱིར་རོ།། འདི་སྐབས་ཀྱི་ཆོས་འཁོར་མཐའ་མའི་གསོལ་བ་པོ་ནི་རྒྱུད་སྣ་ཚོགས་པ་ཉན་པར་འདོད་པ་རྣམས་སོ།། དུས་ནི་བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་སྔ་ལོའི་དཔྱིད་ཟླ་འབྲིང་པོའི་ཉའམ་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ། ཡང་ན་སྟོན་པ་གོང་ལོ་བདུན་བཅུ་དོན་དགུ་ལང་པ་ན་བསྐོར་རོ།། གནས་ནི་དཔལ་ལྡན་འབྲས་སྤུངས་ལའོ།། འདིའི་གདུལ་བྱ་ནི་ཆོས་འཁོར་དོགས་གཅོད་ལས། འདིའི་དངོས་ཀྱི་གདུལ་བྱ་ནི་དབང་པོ་རྣོན་པོ་སྟེ། ཞེས་གསུངས་པས་ཆོས་རྒྱལ་ཟླ་བ་བཟང་པོ་ལ་སོགས་པའི་དབང་པོ་རྣོན་པོའི་རིགས་ཅན་རྣམས་ཡིན་ནོ།།
གཉིས་པ་རྩོད་པ་སྤོང་བ་ནི། ཁ་ཅིག་ན་རེ། རྗེ་བཙུན་མི་ལས་ཆོས་གསུངས་པ་ཡང་ཆོས་འཁོར་བསྐོར་བ་ཡིན་པ་ཐལ། འདི་ཆོས་འཁོར་གྱིས་མཚན་ཉིད་དང་ལྡན་པའི་ཕྱིར་རོ་ཞེས་ན། རྟགས་མ་གྲུབ་པ་ཡིན་ཏེ། ཆོས་འཁོར་གྱི་མཚན་ཉིད་དུ་སྟོན་པའི་དམ་ཆོས་ཞེས་པའི་སྟོན་པ་ནི་ཆོས་འཁོར་བསྐོར་བ་པོ་ལ་གོ་དགོས་ལ་འདི་ནི་སངས་རྒྱས་པ་ཙམ་ཞིག་མ་ཡིན་པར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པའི་སངས་རྒྱས་སྤྲུལ་སྐུ་ལ་བཞག་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས་ཆོས་འཁོར་དོགས་གཅོད་ལས། ཆོས་འཁོར་བསྐོར་བ་པོ་སྤྱིར་སངས་རྒྱས་དང་། དེའི་ནང་ནས་སྤྲུལ་པའི་སྐུ་ཁོ་ན་ཞེས་བྱ་བའོ།། ཞེས་གསུངས་པས་རྗེ་བཙུན་མི་ལ་སངས་རྒྱས་ཡིན་ཡང་སྤྲུལ་སྐུ་མ་ཡིན་པས་ འདིས་ཆོས་གསུངས་ན་ཆོས་བསྟན་པ་ཡིན་གྱི་ ཆོས་འཁོར་བསྐོར་བ་མ་ཡིན་ནོ།། ཡང་ལ་ལས། སློབ་དཔོན་དབྱིག་གཉེན་གྱིས་འཕགས་ལམ་ཐམས་ཅད་ཆོས་འཁོར་ཡིན་པར་གསུངས་པས་ ཆོས་འཁོར་འཕགས་ལམ་དང་མཐོང་ལམ་ལ་བཞག་དགོས་པར་གྱུར་རོ་ཞེས་ན། མི་དགོས་ཏེ། སློབ་དཔོན་དབྱིག་གཉེན་གྱིས་འདི་ལྟར་བཞེད་པ་ནི་ཐེག་དམན་གྱི་ལུགས་ཡིན་པའི་ཕྱིར་ཏེ། ཆོས་འཁོར་དོགས་གཅོད་ལས། དབྱིག་གཉེན་གྱིས་འཕགས་ལམ་མཐའ་དག་དེར་གསུངས་པ་ནི་ཐེག་དམན་གྱིས་ལུགས། ཞེས་གསུངས་ལ། རང་ལུགས་ལ་ཆོས་འཁོར་འཕགས་ལམ་དུ་འདོད་ན་ཁྱབ་ཆུང་བའི་སྐྱོན་ཡོད་དེ་ འཕགས་ལམ་གྱིས་མ་བསྡུད་པའི་ལུང་གི་ཆོས་འཁོར་ཡོད་པའི་ཕྱིར་རོ།།
གསུམ་པ་གཞན་ལུགས་དགག་པ་ལ་ཡང་། ཁ་ཅི་ན་རེ། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་གྱི་སྔ་རོལ་དུ་མུ་སྟེགས་པ་ལ་ཆོས་འཁོར་བསྐོར་བ་བཞེད་པ་དང་བདུན་ཕྲག་བདུན་ལང་ནས། ཟབ་ཞིང་སྤྲོས་བྲལ་ཞེས་གསུངས་པ་འདི་ཆོས་འཁོར་རིམ་པ་གསུམ་གྱི་བརྗོད་བྱ་བསྟན་པས་ཆོས་འཁོར་བསྐོར་བ་ཡིན་ནོ་ཞེས་འདོད་པ་ནི་མི་འཐད་དེ། གལ་ཏེ་འདིའི་ཚེ་བསྐོར་ན། སངས་རྒྱས་ཀྱིས། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། ཞེས་གསུངས་པ་དང་འགལ་བར་གྱུར་ཏེ། ཆོས་འཁོར་བསྐོར་ཞེས་པའི་བསྐོར་ཚུལ་ནི། ཀུན་མཁྱེན་ཆེན་པོས་བྱམས་ཞལ་ལས། བསྐོར་ཞེས་པ་གཞན་རྒྱུད་ལ་གོ་བར་བྱེད་སྟེ་དོན་ཤེས་པར་བྱེད་པའི་ཕྱིར་རོ།། ཞེས་གསུངས་པ་ལྟར་བཞག་དགོས་པས། བདུན་ཕྲག་བདུན་གྱི་སྔ་རོལ་ནང་ཆོས་འཁོར་བསྐོར་ན་ཕྱིས་སུ་འདི་ལྟར་དུ་སུ་ཡིས་ཀྱང་མི་གོ་བར་མི་ནུས་ཞེས་སྤྲོ་བ་ལྷོད་པ་ནི་དོན་མེད་པར་གྱུར་རོ།། ཡང་སྟོན་པས་ནམ་གྱི་ཆ་སྨད་ཆོས་འཁོར་དང་པོ་བསྐོར་བའི་ཚེ་ལྷ་རྣམས་ཀྱིས་ཀྱང་། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ཝཱ་རཱ་ཎ་སཱིར་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་ཆོས་དང་ལྡན་པ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པ་འགའ་ཡང་མ་བསྐོར་བ་ཞིག་བསྐོར་བས། ལྷའི་རིགས་ཕལ་ཞིང་ལྷ་མ་ཡིན་གྱི་རིགས་ཉམས་སོ་ཞེས་སྒྲ་བསྒྲགས་སོ།། ཞེས་པ་དང་ཡང་འགལ་བས་སོ།།
ཡང་ཁ་ཅི་ན་རེ། སངས་རྒྱས་ཀྱི་མདོའམ་བཀའ་ཡིན་ན་ཆོས་འཁོར་རིམ་པ་གསུམ་དུ་འདུས་མི་དགོས་ཏེ། ལང་ཀར་གཤེགས་པའི་མདོ་དང་དྲིན་ལེན་བསགས་པའི་མདོ་ལ་སོགས་པ་ཆོས་འཁོར་རིམ་པ་གསུམ་གྱི་དུས་དང་གནས་གང་ན་ཡང་མ་གསུངས་པའི་ཕྱིར་ཞེས་འདོད་པ་ནི་མི་འཐད་དེ། ཆོས་འཁོར་གྱི་མཚན་ཉིད་མདོ་དེ་གཉིས་ལ་ལྡན་པའི་ཕྱིར་དང་། ཐུབ་པ་རྣམས་ཀྱིས་ཆོས་གསུངས་པ།། ཐམས་ཅད་ཆོས་འཁོར་བསྐོར་བ་ཡིན།། ཞེས་པའི་དགོངས་པ་དང་འགལ་བར་གྱུར་ཏེ། དེ་སྐབས་ཀྱི་ཆོས་གསུངས་པ་ཞེས་པའི་ཆོས་ནི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གསུངས་པ་འདི་ཡིན་ལ། འདི་ལྟ་བུའི་མདོ་དག་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་ཡིན་པས་ འདི་དག་གསུངས་པ་ཆོས་འཁོར་བསྐོར་བ་ཡིན་ནོ།། འོ་ན་མདོ་འདི་ཆོས་འཁོར་ཡིན་ན་ཆོས་འཁོར་གང་གི་ཁོངས་སུ་བསྡུས་ཞེས་ན། རྒྱལ་བའི་བཀའ་ཆོས་འཁོར་རིམ་པ་གསུམ་དུ་འདུས་ཚུལ་ནི། ཆོས་འཁོར་བསྐོར་བའི་ཡུལ་དང་དུས་ལ་རྟེན་ནས་མ་བཞགས་པར་ གཙོ་བོ་བཀའི་བརྗོད་བྱ་ དྲང་དོན་ ངེས་དོན་ དགོངས་པ་ཅན་ནམ་དྲང་དོན་གྱི་ངེས་དོན་ལ་ལྟོས་ནས་བཞགས་དགོས་པར་བསམ་ཏེ། སངས་རྒྱས་ཀྱིས་ཆོས་འཁོར་རིམ་པ་གསུམ་གྱི་གནས་དང་དུས་ན་མིན་པའི་ཆོས་དུ་མ་གསུངས་པས་སོ།། དེས་ན་དྲང་དོན་བརྗོད་བྱར་བསྟན་པའི་མདོ་རྣམས་ཆོས་འཁོར་དང་པོ་དང་། བརྗོད་བྱ་དྲང་དོན་གྱི་ངེས་དོན་བསྟན་པའི་མདོ་རྣམས་ཆོས་འཁོར་གཉིས་པ་དང་། བརྗོད་བྱ་ངེས་དོན་བསྟན་པའི་མདོ་རྣམས་ཆོས་འཁོར་གསུམ་པར་འདུས་སོ།། དེ་ཕྱིར་དྲིན་ལན་བསབ་པའི་མདོ་ནི་ཆོས་འཁོར་དང་པོར་ཏེ་དྲང་དོན་གྱི་མདོ་ཡིན་པའི་ཕྱིར་དང་། ལང་ཀར་གཤེགས་པའི་མདོ་ནི་སེམས་ཙམ་པའི་མདོའམ་དགོངས་པ་ཅན་ནམ་དྲང་དོན་གྱི་ངེས་དོན་གྱི་མདོ་ཡིན་པས་ཆོས་འཁོར་གཉིས་པར་འདུས་སོ།། འདི་ལྟར་དུ་ཁས་ལེན་པ་འདི་ཡང་དྲང་པོར་ཞུ་ན་རང་ཅག་ཐོས་པ་ཆུང་བས་རང་གིས་འདོད་པ་ལྟར་དུ་དོན་ལ་ཡིན་མིན་མི་ཤེས་ལ་རྣམ་རྟོག་འདི་ལྟ་བུ་ཞིག་སྐྱེ་བའི་ས་བོན་དུ་ཞུ་བ་ཡིན་ནོ།།
བསྔོ་བོ་ནི།
ཟབ་རྒྱས་རྒྱལ་བའི་ཆོས་འཁོར་རིམ་པ་ལ། །རྒྱས་པར་བརྟགས་ཞིང་རྒྱས་པ་རྟོགས་ནུས་པའི། །
བློ་གྲོས་སྤོབས་པ་རྒྱས་པ་མ་མཆིས་ཀྱང་། །རང་བློ་ཚམས་པའི་འབད་དང་རྩོལ་བ་ཡིས། །
མདོར་ཙམ་བྲིས་བས་ཐོབ་པའི་དགེ་བ་ཡིས། །འཇིག་རྟེན་མ་ལུས་རྒྱལ་བའི་བསྟན་པས་ཁྱབ། །
མ་གྱུར་ཕ་མ་བདེ་སྐྱིད་ཕུན་ཚོགས་དང་། །རང་ཡང་རྒྱལ་བསྟན་དྲི་མེད་འཛིན་ནུས་ཤོག །
རྩོམ་ཤོག་འདི་ཡང་རྒྱབ་ཁུངས་ཀུན་མཁྱེན་ཆེན་པོའི་གཞུང་ ཆོས་འཁོར་དྭོགས་གཅོད་
ཤེར་ཕྱིན་ལུང་ལ་འཇུག་པའི་སྒོ་ བྱམས་པའི་ཞལ་ལུང་གསུམ་ཁོ་ནའི་རྗེས་སུ་འབྲངས་ནས་
ང་ཚོ་དབང་པོ་རྟུལ་ཞིང་ཐོས་པ་ཆུང་བས་གཞུང་འདི་ཙམ་གྱི་དགོངས་པ་བྲིས་བ་ཡིན་ལ་
གཞུང་འདི་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་རྟོགས་མི་ནུས་པས་ ཀུན་མཁྱེན་གྱི་དགོངས་པ་ངོ་མ་དང་འགལ་ན་མཁས་དབང་ཡོངས་ཀྱིས་བཟོད་པ་བཞེད་ནས་འདི་ནང་མི་འཐད་པའི་ཆ་ཐམས་ཅད་ཐད་ཀར་བསལ་བའི་རེ་བ་དང་བཅས།
གསང་ཆེན་ཆོས་འཁོར་གྱི་ ༢༠༢༢ ཀྱི་འཛིན་རིམ་བདུན་པའི་ཀུན་མཁྱེན་པདྨ་དཀར་པོའི་སྡེ་ཚན་གྱིས་བློ་གསར་པའི་གཞི་རྩའི་ཆེད་དང་རང་འདྲའི་རྨོངས་པ་རྣམས་ལ་ཕན་པའི་དོན་དུ་བྲིས་པའོ།། དགེའོ།།
བསམ་འཆར།