རྗེ་བཙུན་དམ་པའི་ཐུགས་ཀྱི་ལྷ་ལམ་དུ།།མཁྱེན་པའི་ནམ་མཁའི་ཐིག་ལེ་འཆར་བ་འདིས།། ལྟ་རྒོལ་དགྲ་བོའི་མུན་ཚོགས་འཇོམས་པ་ལ།།འགྲན་མེད་ཆོས་ཀྱི་གྲགས་པ་རྣ...
རྗེ་བཙུན་དམ་པའི་ཐུགས་ཀྱི་ལྷ་ལམ་དུ།།མཁྱེན་པའི་ནམ་མཁའི་ཐིག་ལེ་འཆར་བ་འདིས།།
ལྟ་རྒོལ་དགྲ་བོའི་མུན་ཚོགས་འཇོམས་པ་ལ།།འགྲན་མེད་ཆོས་ཀྱི་གྲགས་པ་རྣམ་པར་རྒྱལ།།
འདིར་བརྗོད་ཤེས་བྱའི་མཐའ་ནི་རྒྱ་ཆེ་ཞིང་།།དཔྱོད་བྱེད་དབང་པོའི་རྩལ་ནི་ཤིན་ཏུ་དམན།།
འོན་ཀྱང་མཁས་པའི་ཚུལ་འདིར་ཡང་གོམས་ཕྱིར།རང་བློའི་གང་བརྟགས་རྗེས་དཔོག་འདིར་འགོད་དོ།།
མདོ་ལས།
དུ་བ་ལས་ནི་མེར་ཤེས་དང་།། ཆུ་བྱ་ལས་ནི་ཆུར་ཤེས་ལྟར།།
བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།།རིགས་ནི་ཚད་མ་དག་ལས་ཤེས།།
གསུངས་པ་བཞིན་ཕྱི་ནང་གི་དངོས་པོ་ཐམས་ཅད་རྒྱ་མེད་དུ་འདོད་པའི་ལོག་རྟོག་གི་གཉེན་པོར་དང་།
དངོས་པོ་ཐམས་ཅད་རྒྱ་ལས་འབྱུང་བར་བསྒྲབ་པའི་ཐབས་སུ་རྫོགས་པའི་སངས་རྒྱས་ཉིད་ཀྱིས་འབྲས་རྟགས་ཀྱི་རྣམ་བཞག་མཐོ་མར་གསུངས་ཞིང་། སློབ་དཔོན་ཆོས་ཀྱི་གྲགས་པས་རྣམ་འགྲེལ་དུ།
རྒྱ་ལ་རང་བཞིནཇི་སྙད་ཅི།།
མེད་ན་མེད་འབྱུང་འབྲས་བུ་ཅན།།
ཞེས་འབྲས་རྟགས་ཀྱི་རྣམ་བཞག་གསུངས་པ་ལས་འཕྲོས་ནས་རྒྱ་དངོས་གྲུབ་ཀྱི་འབྲས་རྟགས་ལ་རང་བློས་གང་ལྕོགས་དཔྱོད་འདོད་བྱུང་བས་གང་དཔྱད་པའི་གྲུབ་དོན་ཅུང་ཙམ་སྨོས་པར་ལ་དོན་མཚན་གཉིས་ཏེ།
འབྲས་རྟགས་ཡང་དག་གི་མཚན་ཉིད་བཞག་པ་དང་།
རྒྱ་དངོས་གྲུབ་ཀྱི་འབྲས་རྟགས་ལ་དཔྱད་པ་གཉིས་ལས།
དང་པོ་ནི་ཀུན་མཁྱེན་ཆེན་པོས། ཚུལ་གསུམ་པ་ཅན་གྱི་འབྲས་བུའི་གཏན་ཚིགས།
ཞེས་གསུངས་པ་བཞིན་ཏེ། རྣམ་འགྲེལ་ལས།
ཡོད་པ་བསྒྲབ་ལ་ཚུལ་གསུམ་ཚང།། དེ་འབྱུང་བ་ལ་འབྲས་བུའི་རྟགས།། ཞེས་སོ།།
རྒྱུ་དངོས་གྲུབ་ཀྱི་འབྲས་རྟགས་ལ་དགག་བཞག་གཉིས་ལས།
གཞན་ལུགས་དགག་པ་ནི།
འགའ་ཞིག་གིས། དེ་སྒྲབ་ཀྱི་རྟགས་དུ་བ་དེ་དུ་ལྡན་ལའི་དུ་བ་ཡིན་ཞིང་དེས་དུ་ལྡན་གྱི་ལར་མེ་ཡོད་པར་བསྒྲབ་པ་ཡིན་ནོ།།
ཟེར་བ་མི་འཐད་དེ་དེ་ལྟར་ནདུ་ལྡན་ལའི་དུ་བ་དེ་དུ་ལྡན་གྱི་ལ་ལས་གཞན་དུ་ལྡན་ཚང་མང་སོགས་ལ་མེད་པས་རྟགས་ཆོས་ཀྱི་འབྲེལ་བ་ངེས་པའི་མཐུན་དཔེ་མེད་པར་འགྱུར་བས་ཚུལ་གཉིས་པ་མ་གྲུབ་པར་འགྱུར་རོ།།
ཡང་འགའ་ཞིག་གིས་།
དུ་ལྡན་གྱི་ལར་མེའི་རང་འབྲས་དུ་བ་ཡོད་པའི་དུས་ཡིན་པས་དུ་བ་དེའི་རྒྱ་མེ་མེད་པར་འགྱུར་ཏེ། རང་འབྲས་ཀྱི་དུས་སུ་རང་རྒྱ་དགག་པའི་ཕྱིར་རོ།།
ཞེས་འདོད་དོ།།
དེ་ལྟར་ཡིན་ན་སྐབས་ཀྱི་གཏན་ཚིགས་དེ་ཚད་མའི་གཞུང་རྣམས་སུ་རྒྱ་དངོས་གྲུབ་ཀྱི་འབྲས་རྟགས་སུ་གསུངས་པ་དང་འགལ་ཞིང་།
རང་རྒྱའི་དུས་སུ་རང་འབྲས་དང་རང་འབྲས་ཀྱི་དུས་སུ་རང་རྒྱ་མེད་པས་གཞི་ཅིག་གི་སྟེང་དུ་འབྲས་བུ་རྟགས་སུ་བཀོད་ནས་རྒྱ་ཡོད་པར་སྒྲབ་པའི་རྟགས་ཡང་དག་མེད་པར་འགྱུར་རོ།།
ཡང་འགའ་ཞིག་གིས།
དེ་སྒྲབ་ལ་བསྒྲབ་ཆོས་དེ་མེ་ཡིན་པར་འདོད་ན་མི་རིག་སྟེ།། དེ་ལྟར་ན་དེ་སྒྲབ་ཀྱི་རྟགས་དེ་་ཡང་དག་མིནཔར་འགྱུར་ཏེ།
རྟགས་དེ་མི་མཐུན་པའི་ཕྱོགས་ལ་མེད་པར་མ་ངེས་པའི་ཕྱིར་ཏེ།
དུ་ལྡན་ལ་དེ་སྐབས་ཀྱི་མི་མཐུན་ཕྱོགས་ཡིན་པ་གང་ཞིག རྟགས་དེ་ལ་ཡོད་པའི་ཕྱིར།
ཁྱབ་སྟེ་རྟགས་ཡང་དག་ཡིན་ན་རྟགས་མཐུན་ཕྱོགས་ལ་ཡོད་པ་དང་། མི་མཐུན་ཕྱོགས་ལ་མེད་པར་ངེས་དགོས་པའི་ཕྱིར་རོ།།
རང་ལུགས་བཞག་པ་ལ་གཏན་ཚིགས་བགོད་པ་དང་། དེ་སྒྲབ་རྟགས་སོགས་ཡིན་ཚུལ་གཉིས་ལས།
དང་པོ་ནི། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ།
དུ་བ་ཡོད་པའི་ཕྱིར་རོ།།
གཉིས་པ་ལས་བསྒྲུབ་རྟགས་ཡིན་ཚུལ་ནི།
དུ་ལྡན་གྱི་ལར་སྒྲུབ་བྱེད་དུ་བའི་རྟགས་ཀྱིས་བསྒྲུབ་བྱ་མེ་ཡོད་པར་དངོས་སུ་སྒྲབ་པའི་ཕྱིར་རོ།།
ཚུལ་གསུམ་ཚང་ཚུལ་ནི།
རྟགས་ཤེས་འདོད་ཆོས་ཅན་ལ་བགོད་ཚུལ་དང་མཐུན་པར་གྲུབ་པས་ཕྱོགས་ཆོས་དང་།
མཐུན་དཔེ་དུ་ལྡན་ཚང་མང་གི་སྟེང་དུ་རྟགས་དེ་ཡིན་ན་བསྒྲུབ་ཆོས་ཡིན་པས་ཁྱབ་པས་རྗེས་འགྲོ་དང་། མི་མཐུན་དཔེ་ནམ་མཁའི་སྟེང་དུ་བསྒྲབ་ཆོས་དེ་མ་ཡིན་ན་རྟགས་དེ་མ་ཡིད་པས་ཁྱབ་བ་ལྡོག་ཁྱབ་བོ།།
རྟགས་ཆོས་ཀྱི་འབྲེལ་བ་གྲུབ་ཚུལ་ནི། དུ་ལྡན་ལའི་སྟེང་དུ་རྟགས་དུ་བ་ཡོད་ན་བསྒྲུབ་ཆོས་མེ་ཡོད་ཅིང་བསྒྲབ་ཆོས་མེ་མེད་ན་རྟགས་དུ་བ་མེད་པས་སོ།
རྟགས་ཆོས་རྫས་གཞན་ཡིན་ཚུལ་ནི།
དུ་ལྡན་ལའི་སྟེང་དུ་མེ་དུ་གཉིས་རྒྱ་འབྲས་ཀྱི་འབྲེལ་བ་གྲུབ་པས་རྫས་གཞན་དུ་གྲུབ་པ་ཡིན་ནོ།
རང་བློའི་གང་ལྕོགས་དཔྱད་པ་འདི་ཡི་མཐུས།།རང་ཅག་མཁས་ཚུལ་གསུམ་ལ་ངང་མཁས་ཤིང་།
མཐར་ཐུག་རྗེ་བཙུན་དམ་པའི་ཞབས་དྲུང་དུ།སྦྲང་རྩི་ཆོས་ཀྱི་གནས་ལ་སྤྱད་ཕྱིར་སྨོན།།

བསམ་འཆར།