རྟོག་པའི་དྲྭ་བ་རྣམ་བསལ་ཅིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། ། ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། ། ཞེས་མཆོད་བར...
རྟོག་པའི་དྲྭ་བ་རྣམ་བསལ་ཅིང་།
།ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །
ཀུན་ཏུ་བཟང་པོའི་འོད་ཟེར་དག
།ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །
ཞེས་མཆོད་བརྗོད་ཀྱི་ལས་ཚིག་སྔོན་དུ་བཏང་ནས།
ཚན་མ་རང་དོན་ལེའུ་ལས་ཕྱོགས་སྒྲའི་སྐོར་ལ།
དང་པོ་ཚུལ་གསུམ་ནི།
ཕྱོགས་ཆོས། རྗེས་ཁྱབ། ལྡོག་ཁྱབ། དེའང་ཚད་མ་རྣམ་འགྲེལ་ལས།
ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།
།གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །
ཅེས་པའི་སྐབས་ནས་བསྟན་པའི་ཕྱོགས་སྒྲ་དང་ཚུལ་གསུམ་བཤད་པ་ལས།
དང་པོ་ཕྱོགས་སྒྲ་ནི།
སྤྱིར་ཕྱོགས་སྒྲ་འཇུག་པའི་ཡུལ་ལ་གསུམ་སྟེ། ཤེས་འདོད་ཆོས་ཅན།
བསྒྲུབ་བྱའི་ཆོས། བསྒྲུབ་བྱའོ།།
གལ་ཏེ་ཕྱོགས་ཀྱི་མིང་ནི་གསུམ་ཀ་ལ་འཇུག་པས་འཇུག་པ་འཆོལ་བར་འགྱུར་རོ་ཞེ་ན།
མི་འཆོལ་ཏེ་རྟགས་ཚུལ་དང་པོ་གཏན་འབེབས་ཀྱི་སྐབས་བསྒྲུབ་བྱའི་ཆོས་དང་།
བསྒྲུབ་བྱ་གཏན་འབེབས་ཀྱི་སྐབས་བསྒྲུབ་བྱ་ལ་འཇུག་སྟེ། སྤྱི་དོན་རིགས་པའི་སྙིང་པོ་ལས།
ཕྱོགས་ཀྱི་སྒྲ་གཏན་ཚིགས་ཀྱི་མཚན་ཉིད་གཏན་ལ་འབེབས་པའི་སྐབས་འདིར་ཆོས་ཅན་དང་།
གཞན་བསྒྲུབ་པར་བྱ་བ་ཁོང་དུ་ཆུད་པར་བྱ་བའི་ཚེ་བསྒྲུབ་བྱའི་ཆོས་དང། ཆོས་ཅན་གྱི་སྤྱི་ཞེས་པ་བསྒྲུབ་བྱ་དང་། ཁྱབ་པ་ངེས་པར་བྱེད་པའི་ཚེ་བསྒྲུབ་བྱའི་ཆོས། ཞེ་གསུངས་པའི་ཕྱིར་རོ།།
འོ་ན་གཞུང་ལས་ཕྱོགས་སྒྲ་འཇུག་པའི་ཡུལ་གསུམ་ཞེས་གྲགས་པ་དེ་མི་འཐད་པར་འགྱུར་རོ་ཞེ་ན།
དེ་ནི་སྒྲ་ཡངས་པ་དབང་བཙན་པ་དང་།བསྒྲབ་བྱ་ཞེས་པའི་མིང་དེ་ལ་འཇུག་ཡུལ་གསུམ་ཡོད་པས་ཕྱོགས་སྒྲ་ལ་ཡང་གསུམ་ཡོད་ཅེས་སྨྲས་པར་སྣང་སྟེ།
རྩོད་གཞི་ལ་བསྒྲབ་བྱའི་ཆོས་ཅན་དང་། གཞན་གཉིས་ནི་ཚིག་གི་ཟིན་ནོ།།
གཉིས་པ་རྟགས་ཡང་དག་ནི།
ཚུལ་གསུམ་ཚང་བའི་གཏན་ཚིགས་སོ།། ཚུལ་དང་པོ་ཕྱོགས་ཆོས་ཀྱི་མཚན་ཉིད་ནི།
རྗེས་སུ་དཔག་པར་བྱ་བ་དེ་ལ་རྟགས་ཡོད་པ་ཉིད་དུ་ངེས་པ།
ཡང་ན་ཤེས་འདོད་ལ་རྟགས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཐ་དད་པའི་སྒོ་ནས་ངེས་པ་ཞེས་བཞག་སྟེ། ཚད་མ་དགོངས་རྒྱན་ལས། རྗེས་སུ་དཔག་པར་བྱ་བ་དེ་བསྒྲུབ་བྱ་ལ་གོ་བ་མ་ཡིན་ནམ་ཞེ་ན།
བདེན་མོད་ཀྱི་འོན་ཀྱང་སྐབས་འདིར་རྩོད་གཞི་ལ་གོ་དགོས་ཏེ། ཕྱོགས་ཀྱི་མིང་ཤེས་འདོད་ཆོས་ཅན་ལ་འཇུག་པའི་སྐབས་དང་་།
གཞན་ཡང་ཚུལ་གསུམ་སོ་སོའི་མཚན་ཉིད་འཇོག་པའི་སྐབས་ཡིན་པས།
རིགས་ཐིགས་ལས་གསུངས་པའི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་ཉིད་ཅེས་པའི་རྗེས་སུ་དཔག་བྱ་དེ་རྩོད་གཞི་ལ་འཇུག་པའི་སྐབས་ཡིན་པའི་ཕྱིར་རོ།།
ཚུལ་གཉིས་པ་རྗེས་ཁྱབ་ནི།
མཐུན་ཕྱོགས་དེ་ཉིད་ལ་ཡོད་པ་ཉིད་དུ་ངེས་པ་སྟེ། དེ་ཉིད་ལས།
མཐུན་ཕྱོགས་དེ་ཉིད་ལ་ཡོད་པ་ཉིད་དུ་ངེས་པ་ནི་ཚུལ་གཉིས་པ་ཡིན་ནོ།། ཞེས་སོ།།
དཔེར་ན་རྩོལ་བྱུང་རྟགས་ཀྱིས་དུང་སྒྲ་མི་རྟག་པ་སྒྲུབ་པའི་གཏན་ཚིགས་ཆོས་ཅན།
རྟགས་མཐུན་ཕྱོགས་ལ་ཡོད་པ་ཉིད་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པའི་ཕྱིར།
ཁྱབ་སྟེ།
མཐུན་ཕྱོགས་ལ་ཡོད་པ་ཉིད་དུ་ངེས་པ་དེ་རྗེས་ཁྱབ་ཀྱིས་མཚན་ཉིད་ཡིན་པའི་ཕྱིར་རོ།།
ཚུལ་གསུམ་པ་མི་མཐུན་ཕྱོགས་ལ་མེད་པ།
མཚན་ཉིད་ནི། དེ་ལ་མེད་པ་ཉིད་དུ་ངེས་པའོ།
ཡང་ན་རྟགས་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ།།
ཡང་ཚད་མ་འཇམ་དབྱངས་དགོས་རྒྱན་ལས།
མི་མཐུན་པའི་ཕྱོགས་འཆད་པར་འགྱུར་བའི་མཚན་ཉིད་དེ་ལ་མེད་ཉིད་དུ་ངེས་པ་ནི་རྟགས་ཚུལ་གསུམ་པ་སྟེ།
ཞེས་གསུངས་པའི་ཕྱིར། ལྡོག་ཁྱབ་གྲུབ་པ་ལ་དགོས་པའི་ཆོས་གསུམ་ནི། རྟགས་མི་མཐུན་ཕྱོགས་ལ་མེད་པ།
ཉིད། ངེས་པའོ། ཡང་དེ་ཉིད་ལས།
ཉིད་ཀྱིས་མི་མཐུན་ཕྱོགས་གཅིག་ལ་ཐུན་མོང་དུ་ཡོད་པ་བསལ་བ་ཡིན་ཏེ།
རྩོལ་བྱུང་དུ་སྒྲབ་པ་ལ་མི་རྟག་པ་ལྟ་བུའོ། ཞེས་གསུངས་པའི་ཕྱིར།
དེས་རྟགས་མི་མཐུན་ཕྱོགས་ལ་གཏན་མེད་དགོས་པར་བསྟན།
ལྡོག་ཁྱབ་གྲུབ་པ་ལ་ཐེ་ཚོམ་ཟ་བ་གཅོད་དེ། ལྡོག་ཁྱབ་གྲུབ་ན་དེ་ངེས་དགོས་པའི་ཕྱིར།
དེ་ཉིད་ལས། ངེས་པས་མི་མཐུན་ཕྱོགས་ལས་བཟློག་པ་ལ་ཐེ་ཚོམ་ཟ་བ་བསལ་ལོ། ཞེས་སོ།།
དེས་ཚུལ་གསུམ་པ་གྲུབ་པ་ལ་ཚུལ་གསུམ་པ་ངེས་དགོས་པ་བསྟན་ནོ།། དཔེར་ན།
བྱས་པ་རྟག་པ་ལ་མེད་ན་ནམ་མཁའ་ལའང་མེད་དགོས་པ་བཞིན། མེ་ཡོད་པ་ལ་འཇོག་ན་རྟགས་དེ་དུ་བ་ཡོད་པ་ལ་འཇོག་དགོས།
དེ་ལྟར་ན་དུ་བ་ཡོད་པ་དེ་མེ་ཡོད་དང་རྫས་ཐ་དད་མིན་པར་འགྱུར་ཏེ།
དེ་གཉིས་གཞི་མཐུན་ཡོད་པའི་ཕྱིར་ཏེ། དུ་ལྡན་ལ་དེ་གཉིས་ཀ་ཡིན་པའི་ཕྱིར་རོ།།
བསམ་འཆར།