གང་དེའི་དཔལ་གྱི་མགུལ་ནས་ལེགས་དྲངས་པའི། །ཞི་བསིལ་དམ་ཆོས་འཆི་མེད་ལྷ་ཆུའི་རྒྱན། ། སྐལ་ལྡན་སྙིང་དགའི་གསོས་སུ་ཕབ་མཛད་པ། །རིག...
སྐལ་ལྡན་སྙིང་དགའི་གསོས་སུ་ཕབ་མཛད་པ།
།རིགས་བརྒྱའི་ཁྱབ་བདག་སྐལ་ལྡན་ཚོགས་ལ་འདུད། །
འཆད་རྩོད་རྩོམ་གསུམ་གོང་འཕེལ་འགྱུར་ཕྱིར་དུ།
།སྡེ་ཚན་གང་གིས་དད་གུས་སྤྲ་གསུམ་ནས། །
བློ་དམན་དག་གིས་བློ་ཡངས་བསྒྱར་བ་ལ།
།ལྷག་བསམ་བཟང་པོས་ངང་གིས་འདིར་ལ་བཀོད། །
ཨོཾ་བདེ་ལེགས་སུ་གྱུར་ཅིག །གང་གླེང་བར་བྱ་བ་ནི།
དེ་ཡང་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་སྒྲོན་མེའི་བསྐལ་པ་བཟང་པོ་ལ་རྣམ་འདྲེན་སངས་རྒྱས་སྟོང་བྱོན་པའི་བཞི་པ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཐབས་མཁས་ལ་ཐུགས་རྗེ་མཚུངས་པ་མེད་པ་རྒྱལ་བ་ཐུབ་པའི་དབང་པོས་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།
བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས།
མཐར་མངོན་པ་རྫོགས་པར་སངས་རྒྱས་རྒྱས་ཏེ།
གདུལ་བྱའི་ཁམས་དབང་དང་མཐུན་པར་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བའི་སྡེ་སྣོད་གསུམ་དུ་བཀའ་སྩལ་བའི་དགོངས་པ་གཙོ་བོར་སྤྱིར་འགྲེལ་ཞིང་།
ཁྱད་པར་འཁོར་ལོ་ཐ་མའི་དགོངས་པ་གཙོ་བོར་འགྲེལ་བ་ཡིན་ཏེ།
ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅིང་།
གཞན་དབང་དང་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཕྱེ་ནས་སྟོན་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་རང་དོན་ལེའུ་ཡི་ནང་གསེས་ཕྱོགས་སྒྲ་ལ་དཔྱད་པའི་སྐབས་ཡིན་ལ།
དེ་ལ་ཕྱོགས་ཆོས་ཞེས་པའི་ཕྱོགས་ངོས་གཟུང་བ་དང་།
གཏན་ཚིག་དེའི་ཆོས་ཡིན་ན་ཐུན་མོང་མ་ཡིན་པ་འབའ་ཞིག་ཏུ་ཐལ་བ་སྤངས་པའོ།།
གཉིསལས་དང་པོ་ནི། རང་འགྲེལ་ལས།
ཕྱོགས་ནི་ཆོས་དང་ཆོས་ཅན་ནོ།། ཞེས་གསུངས་པ་ལྟར་ཕྱོགས་ཆོས་ཞེས་པའི་ཕྱོགས་སྒྲ་དེ་བསྒྲུབ་བྱ་ལ་དངོས་མིང་དང་རྩོད་གཞི་དང་བསྒྲུབ་བྱའི་ཆོས་ལ་བཏགས་མིང་དུ་འཇུག་པ་ཡིན་ཏེ།
རིགས་གཏེར་ལས། ཕྱོགས་ནི་ཆོས་དང་ཆོས་ཅན་གྱི།། ཚོགས་པ་བརྗོད་ལ་དངོས་མིང་དང་།།
དེ་ཡི་ཕྱོགས་རེ་འཛིན་པའི་ཕྱིར།། ཡ་གྱལ་གཉིས་ལ་བཏགས་ནས་འཇུག། ཅེས་གསུངས། ཡང་རེ་ཞིག་ཅི་སྟེ་ཕྱོགས་ཀྱི་ཆོས་སུ་འགྱུར་ཞེ་ན།
རྣམ་བཤད་ཐར་ལམ་གསལ་བྱེད་ལས།
ཕྱོགས་ཆོས་ཞེས་བཤད་པའི་ཕྱོགས་ནི་རྩོད་གཞི་ལ་ཕྱོགས་ཀྱི་སྒྲས་སྟོན་པ་མི་རིགས་པར་ཐལ།
ཁྱད་པར་གྱི་གཞི་ཕྱོགས་མ་གྲུབ་ན་རྟགས་དེ་ལ་བརྟེན་པའི་ཆོས་སུ་མི་འཐད་ལ།
རྩོད་གཞི་ཆོས་ཅན་དེ་ཆོས་ཅན། ཁྱོད་ལ་ཕྱོགས་ཞེས་བཏགས་པའི་རྒྱུ་མཚན་ཡོད་དེ།
ཁྱོད་ཕྱོགས་མཚན་ཉིད་པའི་ཕྱོགས་རེ་བ་ཡིན་པའི་ཕྱིར།
དཔེར་ན་བུམ་པ་ཕྱོགས་གཅིག་མཐོང་བ་ལ་བུམ་པ་མཐོང་ཞེས་བརྗོད་པ་ལྟ་བུའོ།།
རྣམ་ངེས་དར་ཊཱིཀ་ལས། དེའི་སྐབས་ཀྱི་ཕྱོགས་ནི་ཆོས་ཅན། ཤེས་འདོད་ཆོས་ཅན་ཡིན་ཏེ།
དེ་དང་ཚོགས་དོན་དང་བསྒྲུབ་བྱའི་ཆོས་གསུམ་གང་རུང་ཡིན་པ་ལ་ཕྱི་མ་གཉིས་གང་དུ་མི་འཐད་པའི་ཕྱིར།།
གཉིས་པ་ནི།
སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཞེས་པའི་སྒྲ་ལས་དེ་སྒྲུབ་ཀྱི་རྩོད་གཞི་ཆོས་ཅན་ཐུན་མོང་མ་ཡིན་པར་གོ་ནུས།
སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ཆོས་ཞེས་པའི་ཆོས་ཅན་ཞེས་པའི་སྒྲ་ལས་དེ་སྒྲུབ་ཀྱི་རྩོད་གཞི་ཆོས་ཅན་ཐུན་མོང་མ་ཡིན་པར་གོ་མི་ནུས་པའི་ཕྱིར།
རྟགས་གཉིས་ཀ་སྒྲུབ་སྟེ།
སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་སྒྲ་མི་རྟག་པར་ཕྱོགས་ཞེས་པའི་སྒྲ་དེ་སྒྲ་ཁོ་ན་ལ་འཇུག་པར་མཁས་པ་ལ་གྲགས།
སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ཆོས་ཞེས་པའི་ཆོས་ཅན་ཞེས་པའི་སྒྲ་དེ།
སྒྲར་མ་ཟད་གཞན་གཉིས་ཀ་ལའང་འཇུག་པར་མཁས་པར་གྲགས་པའི་ཕྱིར་ཏེ།
དཔེར་ན་ལག་ལྡན་ཞེས་པའི་སྒྲ་གླང་པོ་ཆེ་ཁོ་ན་དང་མགོ་ལྡན་ཞེས་པའི་སྒྲ་མགོ་ལྡན་དང་ལྡན་ཚད་ལ་འཇུག་པར་འཇིག་རྟེན་ན་གྲགས་པ་ལྟ་བུ་ཡིན་པའི་ཕྱིར་ཏེ།
རིགས་གཏེར་ལས་ཀྱང་། ཕྱོགས་དང་ཆོས་ཅན་མཚུངས་ཞེ་ན།། གྲགས་པའི་སྒོ་ནས་ཁྱད་པར་ཡོད།།
ཆོས་དང་འབྲེལ་བའི་ཕྱོགས་ཀྱི་སྒྲས།། རྩོད་གཞི་ཉིད་ཡིན་ལག་ལྡན་བཞིན།།
ཆོས་དང་འབྲེལ་བའི་ཆོས་ཅན་སྒྲས།། ངེས་པར་མི་འགྱུར་མགོ་ལྡན་བཞིན།།
ཞེས་ཤིན་ཏུ་གསལ་བ་འབྱུང་ངོ།། ཞེས་སོ།།
རྒྱལ་བསྟན་མདོ་སྔགས་ཆོས་ཚུལ་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་རྟག་འགོད་པའི།
།
བསྟན་འཛིན་ཚོགས་རྣམས་དབྱར་མཚོ་ལྟར་འཕེལ་བས།
།ཕན་བདེས་འདོད་དགུ་འཇོ་བར་བྱིན་རླབས་ཤོག །
སརྦ་མངྒ་ལཾ། དགེའོ།།
བསམ་འཆར།