ཉིན་མའི་གཉེན་གྱུར་མཐའ་ཡས་འགྲོ་ལ་ཐུགས་རྗེས་བརླན། །བདག་མེད་རྟོགས་པའི་ཡེ་ཤེས་རྩིས་ཟིན་ཐབས་མང་བསྐྱངས། ། སྤང་རྟོགས་བདེ་གཤེགས་འབྲས་བུ་ལམ་བཟང...
ཉིན་མའི་གཉེན་གྱུར་མཐའ་ཡས་འགྲོ་ལ་ཐུགས་རྗེས་བརླན། །བདག་མེད་རྟོགས་པའི་ཡེ་ཤེས་རྩིས་ཟིན་ཐབས་མང་བསྐྱངས། །
སྤང་རྟོགས་བདེ་གཤེགས་འབྲས་བུ་ལམ་བཟང་གསུངས་མཁས་མཆོག །བསླུ་མེད་སྐྱེས་བུ་ཐུབ་དབང་ཞབས་ཀྱི་པདྨོར་འདུད། །
དེས་གསུངས་ལེགས་བཤད་ཆུ་བའི་རྒྱུན། །མཁས་པའི་དགོངས་དོན་མ་ལོན་ཀྱང་། །
སྙིང་སྟོབས་དྲག་པོའི་རྨ་མེད་པར། །མདོ་ཙམ་དཔྱད་པས་དྲིལ་བར་སྤྲོ། །
ཞེས་མཆོད་པར་བརྗོད་པའི་ལེགས་ཚིག་གི་མེ་ཏོག་མཁའདབྱིངས་སུ་ཐོར་ནས་ད་ནི་གང་ཞུ་བར་བྱའི་གཞི་དེ་ཡང་།
ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་།
།
འགྲོ་ལ་ཕན་པར་་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲབ་མཛད་པ་གང་།
།
གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ།
།
ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ།
།
ཞེས་པའི་མཆོད་པར་བརྗོད་པའི་ཡུལ་དུ་གྱུར་པའི་ཡུམ་ཡིན་ལ།
དེ་ངོས་བཟུང་བ་ལ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་གསུམ་ལས།
དང་པོ་གཞན་ལུགས་དགག་པ་ནི།
སྔོན་གྱི་མཁས་པ་རྣམས་ཀྱིས་འབྲས་བུ་ཤེར་ཕྱིན་ཁོ་ན་མཆོད་ཡུམ་དུ་འདོད་པ་མི་འཐད་དེ།
གཞི་ཤེས་དང་ལམ་ཤེས་གཉིས་མཆོད་ཡུམ་ཡིན་པ་གང་ཞིག་ འབྲས་བུ་ཤེར་ཕྱིན་མིན་པའི་ཕྱིར།
ལ་ལར་སྐྱེད་བྱེད་ཀྱི་ཡུམ་ཡང་མཆོད་ཡུམ་དུ་འདོད་པ་ཡོད་ཀྱང་མི་འཐད་དེ།
མཆོད་ཡུམ་ཡིན་ན་འཕགས་བཞིའི་མཁྱེན་པ་ཡིན་དགོས་པའི་ཕྱིར་རོ། །
གཉིས་པ་རང་ལུགས་བཞག་པ་ལ། མཚན་ཉིད་དང་དབྱེ་བ་གཉིས་ལས། དང་པོ་མཆོད་ཡུམ་གྱི་མཚན་ཉིད་ནི།
མཁྱེན་པ་གསུམ་གྱི་བདག་ཉིད་ཀྱི་ཤེར་ཕྱིན་ནོ།
།གཉིས་པ་དེ་ལ་དབྱེ་ན། ཉན་རང་གི་ཡུམ། བྱང་ཆུབ་སེམས་དཔའི་ཡུམ། སངས་རྒྱས་ཀྱི་ཡུམ་མོ།
།དང་པོ་གཞི་ཤེས་ཀྱི་མཚན་ཉིད་ནི། གཞི་ཙམ་མངོན་སུམ་དུ་སྤྱིའི་མཚན་ཉིད་ཀྱི་ཤེས་པའི་ཕར་ཕྱིན།
དེ་ལ་དབྱེ་ན། ཉན་རང་གི་གཞི་ཤེས་སམ། ཉན་རང་གི་འཕགས་ལམ་མོ།
།གཉིས་པ་ལམ་ཤེས་ཀྱི་མཚན་ཉིད་ནི།
ལམ་ཙམ་མངོན་སུམ་དུ་རང་བཞིན་མེད་པར་རྟོགས་པའི་ཕར་ཕྱིན་ནོ། །དེ་ལ་དབྱེ་ན།
ས་བཅུའི་བྱང་སེམས་མཐོང་སྒོམ་ལ་སོགས་པའོ། །གསུམ་པ་རྣམ་མཁྱེན་གྱི་མཚན་ཉིད་ནི།
ཁྱད་པར་གསུམ་ལྡན་གྱི་ཕར་ཕྱིན་ནམ་སྲིད་ཞི་ལ་མི་གནས་པ་མཐར་ཐུག་པའི་མཁྱེནཔའོ། །
གསུམ་པ་དེ་ལ་རྩོད་པ་སྤོང་བ་ནི། ཁ་ཅིག
།མཆོད་ཡུམ་ཡིན་ན་འབྲས་ཡུམ་ཡིན་པའི་ཁྱབ་པར་ཐལ།
མཆོད་ཡུམ་ཡིན་ན་མཁྱེན་པ་གསུམ་གྱི་བདག་ཉིད་ཀྱི་ཤེར་ཕྱིན་ཡིན་དགོས་པའི་ཕྱིར།
ཞེ་ན་མ་ཁྱབ་སྟེ། མཁྱེན་པ་གསུམ་གྱི་བདག་ཉིད་ཀྱི་ཤེར་ཕྱིན་ཞེས་པའང་མཁྱེན་པ་གསུམ་གང་རུང་གི་བདག་ཉིད་ཀྱི་ཤེར་ཕྱིན་ལ་གོ་དགོས་ཏེ།
ཀུན་མཁྱེན་ཆེན་པོས། མཆོད་ཡུམ་དེའི་མཚན་ཉིད་ནི།
མཁྱེན་པ་གསུམ་གྱི་བདག་ཉིད་ཀྱི་ཤེར་ཕྱིན། དབྱེ་བ་ཉན་རང་གི་ཡུམ།
བྱང་ཆུབ་སེམས་དཔའི་ཡུམ། སངས་རྒྱས་ཀྱི་ཡུམ་མོ། །ཞེས་གསུངས་པས་གྲུབ་བོ། །ཡང་
རྣམ་མཁྱེན་ལ་གཞི་ཤེས་དང་ལམ་ཤེས་ཡོད་དམ་མེད། དང་པོ་ལྟར་ན།
གཞི་ཤེས་དང་ལམ་ཤེས་ཀྱི་མཚན་ཉིད་དང་འགལ་ལོ། །གཉིས་པ་ལྟར་ན།
རྣམ་མཁྱེན་ཐམས་ཅད་མཁྱེན་པ་མ་ཡིན་པ་འགྱུར་རོ་ཞེ་ན། སྐྱོན་གཉིས་པ་མི་འབྱུང་ཏེ།
དང་པོ་གཞི་ཤེས་མེད་དེ། རྔོ་ལོ་ཆེན་པོས།
དེས་ཀྱང་དངོས་པོ་ཁྱད་པར་ཅན་ལ་དམིགས་པའི་དབང་པོའི་བློ་དང་། རྟགས་དང་སྒྲ་ལ་བརྟེན་ནས་ཕྱིར་གཞི་མཐའ་དག་རྟོགས་པའི་རྣམ་པར་རྟོག་པ་དང་།
རྣམ་པ་ཐམས་ཅད་མཁྱེན་པའི་ཤེས་པ་རྣམ་བསལ་ལོ། །ལམ་ཤེས་པ་ཡང་ཐལ་བར་མི་འགྱུར་ཏེ།
གཞི་ཙམ་གྱི་སྒྲས་རྣམ་པར་བཅད་པའི་ཕྱིར་རོ། །ཞེས་དང། ལམ་ཤེས་ཀྱང་མེད་དེ།
བྱང་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ། འདིས་བྱང་ཆུབ་སེམས་ཀྱི་དང་། སོ་སྐྱེའི་ལམ་ཐམས་ཅད་རྒྱུར་བསྡུས།
འདི་རྒྱུད་ལྡན་བྱང་སེམས་འཕགས་པ་ཁོ་ནའོ། །ཞེས་གསུངས་པས་སོ། །
བདག་ནི་ནམ་ཡང་སྒོ་གསུམ་བྱ་བ་ཀུན། །གཞན་གྱི་དོན་ཕྱིར་དམིགས་པའི་ཆེད་ཅིག་ལ། །
ཐུགས་རྗེས་གཟིགས་ཤིག་བདག་དང་འགྲོ་ཀུན་ལ། །མྱུར་བ་ཉིད་དུ་ཞུགས་ཏེ་ཅི་བསམ་སྨོན། །
བསམ་འཆར།