དཔྱད་རྩོམ་དང་པོའི་ལས་ཅན་གྱི་སྟོན་མོ།

གཞུང་ལུགས་འཆད་པས་སྐལ་ལྡན་རྗེས་སུ་འཛིན།། རྩོད་པས་མི་ཤེས་རྒོལ་བའི་འགོ་བོ་འགེམས།། ལེགས་བཤད་རྩོམ་པས་རྒྱལ་བསྟན་འཛིན་ཅིང་སྤེལ།། སྨྲ་བའི་ཟླ་བ་དཔལ་ལ...




གཞུང་ལུགས་འཆད་པས་སྐལ་ལྡན་རྗེས་སུ་འཛིན།།

རྩོད་པས་མི་ཤེས་རྒོལ་བའི་འགོ་བོ་འགེམས།།

ལེགས་བཤད་རྩོམ་པས་རྒྱལ་བསྟན་འཛིན་ཅིང་སྤེལ།།

སྨྲ་བའི་ཟླ་བ་དཔལ་ལྡན་ཆོས་གྲགས་རྒྱལ།།

         

                  ཞེས་མཆོད་པར་བརྗོད་པའི་ལེགས་ཚིག་སྔོན་དུ་བཏང་ནས།

རྣམ་འགྲེལ་གྱི་གཞུང་ལས།   

ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།།

གཏན་ཚིགས་དེ་ནི་རྣམ་གསུམ་ཉིད།།

མེད་ན་མི་འབྱུང་ངེས་ཕྱིར་རོ།།

གཏན་ཚིགས་ལྟར་སྣང་དེ་ལས་གཞན།།

ཞེས་པའི་གཞུང་ལས་འཕྲོས་ཏེ་རྟགས་ཀྱི་རྣམ་བཞག་བསྡུས་ཏེ་བཤད་པ་ལ་རྩའི་ས་བཅད་ལྔ་ཡོད་དེ། དང་པོ་ཕྱོགས་སྒྲ་འཇུག་པའི་ཡུལ། ཚུལ་གསུམ་དང་དེའི་མཚན་ཉིད་བཤད་པ། རྟགས་ཡང་དག་གི་དབྱེ་བ་བཤད་པ། རྟགས་དང་བསྒྲུབ་བྱའི་ཆོས་ཀྱི་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་པ། གཏན་ཚིགས་ལྟར་སྣང་བཤད་པའོ།།


དང་པོ་ཕྱོགས་སྒྲ་འཇུག་པའི་ཡུལ་ནི། 

ཚད་མ་རིགས་གཏེར་ལས། 

ཆོས་ནི་ཆོས་དང་ཆོས་ཅན་དང་། །ཚོགས་པ་བརྗོད་ལ་དངོས་མིང་དང་། །

འདིའི་ཕྱོགས་རེ་ཟིན་པའི་ཕྱིར། ། ཡ་རྒྱལ་གཉིས་ལ་བཏགས་ནས་འཇུག །


ཅེས་དཔེར་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདིའི་སྐབས། ཆོས་ཅན་སྒྲ་དང་བསྒྲུབ་བྱའི་ཆོས་མི་རྟག་པ་ཚོགས་པའི་ཚོགས་དོན། སྒྲ་མི་རྟག་པ་ལ་ཕྱོགས་སྒྲ་དངོས་མིང་དུ་འཇུག་པ་ཡིན་པ་དང་། འདིའི་ཡ་རྒྱལ་དུ་གྱུར་པ་ཆོས་ཅན་སྒྲ་དང་། བསྒྲུབ་བྱའི་ཆོས་མི་རྟག་པ་ལ་ཕྱོགས་སྒྲ་བཏགས་མིང་དུ་འཇུག་པ་ཡིན་ནོ།།


གཉིས་པ་ཚུལ་གསུམ་སོ་སོའི་མཚན་ཉིད་བཤད་པ་ནི།

གཞུང་ལས།

ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །

ཞེས་པས་ཕྱོགས་ཆོས། རྗེས་ཁྱབ། ལྡོག་ཁྱབ་བསྟན་པ་ཡིན་ལགས། དང་པོ་ཕྱོགས་ཆོས་ཀྱི་མཚན་ཉིད་ནི། ཤེས་འདོད་བཞུགས་པའི་གང་ཟག་གི་ངོར་རྟགས་འདི་རྩོད་གཞི་ཆོས་ཅན་གྱི་སྟེང་དུ་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའོ། །

ཕྱོགས་ཆོས་གྲུབ་པ་ལ་ཟུར་ལྔ་དགོས་ཏེ། ཤེས་འདོད་ཞུགས་པ། ཐ་དད་པའི་ཚུལ། འགོད་ཚུལ་དང་མཐུན་པ། ཡོད་པ་ཉིད། ངེས་པའོ། །

དང་པོ་ཤེས་འདོད་བཞུགས་པ་ནི། དཔེར་ན། སྒྲ་མི་རྟག་པར་མ་རྟོགས་ཤིང་སྒྲ་མི་རྟག་པ་ཡིན་མིན་ལ་ཐེ་ཚོམ་ཟ་བའི་གང་ཟག་གི་ངོར་བཀོད་དགོས་པ་ཡིན་ནོ། །

ཐ་དད་པའི་ཚུལ་ནི། རྟགས་དང་རྩོད་གཞི་ཆོས་ཅན་ཐ་དད་པའམ་ཐ་དད་པའི་ཚུལ་དུ་དགོས་པ་ཡིན་ལགས། དེ་མིན་ན་ཕྱོགས་ཆོས་མི་གྲུབ་སྟེ། དཔེར་ན་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའམ། ཡང་ན། རི་རྭ་ཆོས་ཅན། མེད་དེ། ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུའོ། །

འགོད་ཚུལ་དང་མཐུན་པ་ནི། འགོད་ཚུལ་ཡིན་འགོད་ཡིན་ན་རྩོད་གཞི་དེ་རྟགས་དེ་ཡིན་དགོས་པ་དང་། ཡོད་འགོད་ཡིན་ན་རྩོད་གཞི་དེ་ལ་རྟགས་དེ་ཡོད་དགོས་པ་ཡིན་ཏེ། དཔེར་ན་སྒྲ་ཆོས་ཅན།  མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། ཞེས་འགོད་ཚུལ་ཡིན་འགོད་དང་མཐུན་པར་སྒྲ་བྱས་པ་ཡིན་པ་དང་། དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་འགོད་ཚུལ་ཡོད་འགོད་དང་མཐུན་པར་དུ་ལྡན་ལ་ལ་མེད་ཡོད་པར་གྲུབ་པ་ལྟ་བུའོ། །

ཡོད་པ་ཉིད་ནི། རྟགས་འདི་རྩོད་གཞི་ཆོས་ཅན་གྱི་སྟེང་དུ་ཡོད་པ་ཙམ་གྱིས་མི་ཆོག་པར་རྩོད་གཞི་ཆོས་ཅན་གྱིས་ཁྱད་པར་དུ་བྱེད་པའི་ཆོས་ཐ་དག་ལ་ཡོད་པར་གྲུབ་དགོས་པ་ཡིན། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་སྐབས་རྩོད་གཞི་ཆོས་ཅན་སྒྲས་ཁྱད་པར་དུ་བྱེད་པའམ་སྒྲ་ཡིན་ཚད་ལ་བྱས་པས་ཁྱབ་པ་བཞིན་ནོ། །དེ་མིན་ན། མཚན་མོ་ལོ་མ་འཁུམས་ཏེ་ཉལ་བའི་རྟགས་ཀྱིས་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པ་དེ་ཡང་ཕྱོགས་ཆོས་གྲུབ་པར་ཐལ་ལོ། །

ངེས་པ་ནི། ཕྱོགས་ཆོས་གྲུབ་པ་ལ་རྟགས་འདི་རྩོད་གཞི་ཆོས་ཅན་གྱི་སྟེང་དུ་ཡོད་པ་ཉིད་ཡིན་པ་བཞིན་དུ་རྒོལ་བས་ངེས་དགོས་པ་ཡིན། དེ་མིན་ན་ཕྱོགས་ཆོས་གྲུབ་པ་མི་སྲིད་པའི་ཕྱིར་རོ། །


རྗེས་ཁྱབ་ཀྱི་མཚན་ཉིད་ནི། རྟགས་ཆོས་ཀྱི་འབྲེལ་བ་མཐོང་བའི་རྒོལ་བས། རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པའོ། །

དཔེར་ན། སྒྲ་ཆོས་ཅན།  མི་རྟག་པ་ཡིན་ཏེ།  བྱས་པ་ཡིན་པའི་ཕྱིར།  ཞེས་རྟགས་དང་བསྒྲུབ་བྱའི་ཆོས་ཀྱི་འབྲེལ་བ་མཐོང་བའི་གང་ཟག་གི་ངོར་རྟགས་མཐུན་ཕྱོགས་ཐ་དག་ལ་ཡོད་པ་ཉིད་དུ་ངེས་པ་ཞིག་དགོས་པ་ཡིན་ནོ། །


ལྡོག་ཁྱབ་ཀྱི་མཚན་ཉིད་ནི།  རྟགས་ཆོས་ཀྱི་འབྲེལ་བ་མཐོང་བའི་རྒོལ་བས། རྟགས་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །

དཔེར་ན། སྒྲ་ཆོས་ཅན།   མི་རྟག་པ་ཡིན་ཏེ།  བྱས་པ་ཡིན་པའི་ཕྱིར།  མི་རྟག་པ་ལས་ལྡོག་ན་རྟག་པ་། གང་རྟག་པ་ཡིན་ན་མ་བྱས་པ་ཡིན་པས་ཁྱབ་པ་ལྟ་བུའོ། །


གསུམ་པ་རྟགས་ཡང་དག་གི་དབྱེ་བ་བཤད་པ་ནི།  ཚུལ་གསུམ་ཚང་བ་ནི་རྟགས་ཡང་དག་གི་མཚན་ཉིད་ཡིན་ནོ།།

དེ་ལ་དབྱེ་ན་གསུམ་ཡོད་དེ།   

གཞུང་ལས།

གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །

                                                                                 ཅེས་པས་འབྲས་བུའི་རྟགས། རང་བཞིན་གྱི་རྟགས།  མ་དམིགས་པའི་རྟགས་ཏེ་གསུམ་མོ།།

དང་པོ་འབྲས་བུའི་རྟགས་ཀྱི་མཚན་ཉིད་ནི། ཚུལ་གསུམ་པ་ཅན་གྱི་འབྲས་བུའི་གཏན་ཚིགས་ཡིན་ནོ།།  

རྣམ་འགྲེལ་ལས།  

རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །

གཏན་ཚིགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

ཞེས་གསུངས་པའི་ཕྱིར། དཔེར་ན། དུ་བ་དང་ལྡན་པའི་ལར་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པ་ལྟ་བུའོ།།


གཉིས་པ་རང་བཞིན་གྱི་རྟགས་ཀྱི་མཚན་ཉིད་ནི། ཚུལ་གསུམ་པ་ཅན་གྱི་རང་བཞིན་གྱི་གཏན་ཚིགས་སོ།།  

རྣམ་འགྲེལ་ལས།  

རང་བཞིན་ཡོད་ཙམ་དང་། །

འབྲེལ་བ་ཅན་གྱི་ངོ་བོ་ཡང་། །

ཞེས་གསུངས་པ་ལྟར། མཚན་གཞི་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པ་བཞིན་ནོ། །

གསུམ་པ་མ་དམིགས་པའི་རྟགས་ཀྱི་མཚན་ཉིད་ནི། ཚུལ་གསུམ་པ་ཅན་གྱི་མ་དམིགས་པའི་གཏན་ཚིགས་སོ།། 

གཞུང་ལས།

ཚད་མ་རྣམས་ནི་མི་འཇུག་པ། །

མེད་ལ་མི་འཇུག་འབྲས་བུ་ཅན།

ཞེས་པ་ལྟར། མཚན་གཞི་ནི། བུམ་པས་དག་པའི་ས་ཕྱོགས་ན་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུའོ། །


བཞི་པ་བསྒྲུབ་བྱའི་ཆོས་ཅན་དང་རྟགས་མེད་ན་མེད་འབྱུང་གི་འབྲེལ་བ་བཤད་པ་ནི།  བསྒྲུབ་བྱའི་ཆོས་དེ་མེད་ན།  རྟགས་དེ་མི་འབྱུང་བར་ཚད་མས་ངེས་པའི་ཕྱིར་རོ།། 

དཔེར་ན། མེ་མེད་ན།  དུ་བ་མེད་པའི་ཕྱིར་ཞེས་བསྒྲུབ་བྱ་མེ་མེད་ན།  དུ་བ་མེད་པ་བཀོད་པ་ལྟ་བུའོ།།

ལྔ་པ་གཏན་ཚིགས་ལྟར་སྣང་བཤད་པ་ནི། 

གཏན་ཚིགས་ལྟར་སྣང་དེ་ལས་གཞན། །

ཞེས་ཚུལ་གསུམ་མ་ཚང་བའི་གཏན་ཚིགས་ཡིན་ནོ།།

སླར་སྨས་པ།

འདི་ལས་བྱུང་བའི་རྣམ་དཀར་དགེ་ཚོགས་ཀྱིས། །ས་དང་ལམ་གྱི་ཡོན་ཏན་ཀུན་རྫོགས་ཏེ། །

འདིར་གྱི་ཕ་མས་གཙོས་པའི་སེམས་ཅན་ཀུན། །འདི་ཕྱི་བདེ་བར་བཀོད་པའི་བྱེད་པོར་ཤོག །

ཞེས་དུས་ངན་སྙིགས་མའི་་་སློབ་གཉེར་བའི་ཁུལ་དུ་འཛིན་པ་ཟླ་བ་ཚེ་རིང་རང་ཉིད་དང་རང་གི་སྡེ་ཚན་གྱིས་བྲིས་པ་དགེའོ།།       །།

བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,12,དྲིས་ལན་སྣ་ཚོགས།,8,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,9,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,7,མཛོད་ཀྱི་དཔེ་ཁྲིད།,84,ཤེར་ཕྱིན་གྱི་དཔེ་ཁྲིད།,2,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: དཔྱད་རྩོམ་དང་པོའི་ལས་ཅན་གྱི་སྟོན་མོ།
དཔྱད་རྩོམ་དང་པོའི་ལས་ཅན་གྱི་སྟོན་མོ།
https://ti.zangdiyg.com/Uploads/Editor/2016-10-09/57f9f598b1af2.jpg
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2022/04/blog-post_23.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2022/04/blog-post_23.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content