ཤེར་ཕྱིན་གྱི་དྲིས་ལན་ཕྱོགས་བསྒྲིགས།

བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས། ། ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། ། ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་མགོན་གྱུར་པའི། ། དགའ་ལྡན་བཞུགས་པ་དེ་ལ་ཕ...


བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས། །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །

ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་མགོན་གྱུར་པའི། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །

༡༽ སྤྱིར་མཆོད་ཡུམ་དང་བཞེད་དོན་སྒྲུབ་བྱེད་དང་བསྐྱེད་བྱེད་ཀྱི་ཡུམ་སོགས་ཀྱི་སྐོར་བྲིས ?

ཞུ་ལན་ལ། དང་པོ་མཆོད་ཡུམ་ནི། མཁྱེན་པ་གསུམ་གྱི་བདག་ཉིད་ཀྱི་ཤེར་ཕྱིན་ཏེ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གསུམ་ཡིན་ནོ། 

དང་པོ་གཞི་ཤེས་ནི། གཞི་ཙམ་ཀུན་མངོན་སུམ་དུ་སྤྱིའི་མཚན་ཉིད་ཀྱིས་ཤེས་པའི་ཕར་ཕྱིན་ཏེ།  དབྱེ་ན། ལྟ་བ་ཁས་ལེན་གྱི་ཉན་ཐོས། སྤྲུལ་པའི་ཉན་ཐོས། རིགས་མ་ངེས་པའི་ཉན་ཐོས། རིགས་ངེས་པའི་ཉན་ཐོས་སོ།། ལམ་ཤེས་ནི། ལམ་ཙམ་མངོན་སུམ་དུ་རང་བཞིན་མེན་པར་རྟོགས་པའི་ཕར་ཕྱིན་ཏེ། དབྱེ་ན། མོས་པ་དང་ལྡན་པ། ལྷག་བསམ་དག་པ། མཚན་མར་སྤྱོད་པ། མཚན་མ་མེད་པ། མངོན་པར་འདུ་བྱེད་མེད་པར་སྤྱོད་པའོ།། རྣམ་མཁྱེན་ནི། ཁྱད་པར་གསུམ་ལྡན་གྱི་ཕར་ཕྱིན་ནམ་སྲིད་ཞི་ལ་མི་གནས་པའི་མཐར་ཐུག་པའི་མཁྱེན་པའོ། ཡང་ན། རྣམ་པ་ཐམས་ཅད་སྐྱེ་བ་མེད་པ་ཐུགས་སུ་ཆུད་པའི་མཁྱེན་པའོ།། གཉིས་པ་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་འཕགས་པའི་བཞེད་དོན་གྱི་གཙོ་བོ་སྒྲུབ་པའི་རིགས་སུ་གནས་པའི་མཁྱེན་པ་ཏེ། དབྱེ་ན། མཆོད་ཡུལ་དུ་གྱུར་པའི་ཡུམ་གཞི་ཤེས། ལམ་ཤེས། རྣམ་མཁྱེན་ནོ།། གསུམ་པ་སྐྱེད་བྱེད་ཀྱི་ཡུམ་ནི། བདག་མེད་གསུམ་ཅི་རིགས་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་རང་སྲས་འཕགས་པ་སྐྱེད་པར་བྱེད་པའི་མཁྱེན་པ་ཏེ། དབྱེ་ན། རང་སྲས་ཉན་རང་འཕགས་པའི་དང་། རང་སྲས་བྱང་སེམས་འཕགས་པའི་དང་། རང་སྲས་སངས་རྒྱས་འཕགས་པའི་སྐྱེད་བྱེད་ཀྱི་ཡུམ་དང་གསུམ་མོ།། 


༢༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་པའི་སྐབས་ཀྱི་མན་ངག་དང་རྒྱན་གྱི་ཁྱད་པར་བྲིས ?

ལན་ནི།  

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་པའི་སྐབས་ཀྱི་མན་ངག་དང་རྒྱན་གྱི་ཁྱད་པར་ནི།  དེ་སྐབས་མན་ངག་ཅེས་བརྗོད་པ་ནི།  གཞུང་ཤེར་ཕྱིན་གྱི་རྒྱ་ཆེའི་དོན་ཚིག་ཉུང་ངུས་བསྟན་པའི་ཆ་ནས་མན་ངག་ཅེས་བཏགས་པ་དང་།  ཤེར་ཕྱིན་གྱི་དོན་གསལ་བར་བྱེད་པའམ་རྟོགས་དགའ་སྐྱེད་པའི་ཆ་ནས་རྒྱན་ཞེས་བཏགས་པ་ཡིན་ནོ།།

༣༽ སྒྲུབ་པའི་རྟེན་དཀོན་མཆོག་གསུམ་ལེགས་པར་ངོས་ཟུངས་?

ལན་ནི། 

སྒྲུབ་པའི་རྟེན་དཀོན་མཆོག་གསུམ་ངོས་འཛིན་ཚུལ་ལ་མི་འདྲ་བ་གཉིས་ཏེ།  ཉོན་ཐོས་སྡེ་པའི་ལུགས་དང་།  ཐེག་ཆེན་གྱི་ལུགས་གཉིས་ལས།  དང་པོ་ཉན་ཐོས་སྡེ་པའི་ལུགས་ནི།  སངས་རྒྱས་སུ་བྱེད་པའི་ཆོས་སངྱས་འཕགས་པའི་རྒྱུད་ཀྱི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་འཁོར་དང་བཅས་པ་ལ་སངས་རྒྱས་དཀོན་མཆོག་དང་།   མྱང་ངན་ལས་འདས་པ་སོ་སོར་བརྟགས་འགོག་ལ་ཆོས་དཀོན་མཆོག་དང་།  སངས་རྒྱས་ལས་གཞན་པའི་འཕགས་པའི་རྒྱུད་ཀྱི་དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་པའི་ཟད་མི་སྐྱེ་ཤེས་པ་འཁོར་དང་བཅས་པ་ལ་དགེ་འདུན་དཀོན་མཆོག་ཅེས་བྱའོ།།   མདོ་སྡེ་པས་དེ་ལ་གཟུགས་སྐུ་གཉིས་ཁས་ལེན་པའི་ཁྱད་མ་གཏོགས་འདོད་ཚུལ་ལ་བྱེ་སྨྲས་དང་ཁྱད་པར་མེད་དོ་།། 

 གཉིས་པ་ཐེག་ཆེན་གྱི་ལུགས་ནི།   འདུས་མ་བྱས་སོགས་ཡྟོན་བརྒྱད་དང་ལྡན་པའི་དོན་གཉིས་ཕུན་སུམ་ཚོགས་པའི་རང་བྱུང་གི་ཡེེས་ལ་སངྱས་དཀོན་མཆོག་དང་།  བསམ་མེད་གཉིས་མེད་རྟོག་མེད་སོགས་ཡྟོན་བརྒྱད་དང་ལྡན་པའི་རྣམ་བྱང་གི་བདེན་པ་ལ་ཆོས་དཀོན་མཆོག་དང་།  སངྱས་ཀྱི་གཟིགས་པ་དང་ཉེ་བར་གནས་པའི་རིག་གྲོལ་གྱི་ཡྟོན་དང་ལྡན་པའི་ཕྱིར་མི་ལྡོག་པའི་ཚོགས་ལ་དགེ་འདུན་དཀོན་མཆོག་ཅེས་འདོད་པ་ཡིན་ནོ།།

༤༽ གདམས་ངག་གི་རྣམ་གཞག་དང་དེའི་དབྱེ་བ་བཞག་ཚུལ་བྲིས ?

ཞུ་ལན་ལ། གདམས་ངག་རྣམ་པར་བཞག་པ་ལ། གང་གིས། གང་ལ། གང་གི་ཚེ། དགོས་པ་དང་བཞི་ལས། དང་པོ་གང་གིས་གདམས་ན། སངས་རྒྱས་ཀྱིས། གང་ལ་ན། བྱང་ཆུབ་ཀྱི་སེམས་བསྐྱེད་ཉེར་གཉིས་དང་ལྡན་པའི་བྱང་སེམས་ལ། གང་གི་ཚེ་ན། སེམས་བསྐྱེད་རྣམས་ཀྱི་ས་མཚམས་སུ་དགོས་པ་གཉིས་ཀྱི་ཕྱིར་གདམས་ངག་དོན་དུ་ངཉེར་བར་བྱེད་པའི་དུས་ཇི་ལྟ་བ་བཞིན་དུ་སྟེ་དེའི་དུས་སུའོ། ། དགོས་པ་ཅིའི་ཕྱིར་ན། སྔ་མའི་ཡོན་ཏན་མ་འཐོབ་པ་རྣམས་ཐོབ་པའི་ཕྱིར་དང་། ཐོབ་པ་རྣམས་མི་ཉམས་པར་ཡོངས་སུ་བསྲུང་བའི་དོན་ནམ་གོང་དུ་འཕེལ་བའི་ཕྱིར་དུའོ།། 

དབྱེ་བ་བཞག་ཚུལ་ལ། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། ཞེས་གསུངས་པ་ལྟར། བསྡུས་ན་བཞི་སྟེ། རྣམ་པ། དམིགས་པ། རྟེན། རྒྱུའོ།། རྒྱས་ན་བཅུ་ཡིན་ཏེ། བསྒྲུབ་པའི་ངོ་བོ་ལ་འདོམས་པ། དམིགས་པ་བདེན་བཞི་ལ། རྟེན་དཀོན་མཆོག་གསུམ་ལ། ཁྱད་པར་དུ་འགྲོ་བའི་རྒྱུ་མ་ཞེན་པ་ལ། མི་ལྡོག་པར་འགྲོ་བའི་རྒྱུ་ཡོངས་སུ་མི་ངལ་བ་ལ། ཐེག་པ་གཞན་གྱིས་མི་འགྲོ་བའི་རྒྱུ་ལམ་ཡོངས་སུ་འཛིན་པ་ལ། གཞན་དྲིང་མི་འཇོག་པའི་རྒྱུ་སྤྱན་ལྔ་ལ། རྣམ་མཁྱེན་ཉིད་ཡོངས་སུ་རྫོགས་པའི་རྒྱུ་མངོན་ཤེས་ཀྱི་ཡོན་ཏན་དྲུག་ལ། མཐར་ཐུག་པའི་རྒྱུ་དང་པོ་མཐོང་ལམ་དང་། གཉིས་པ་སྒོམ་ལམ་སྟེ་བཅུའོ།།

༥༽ ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་དང་རབ་དབྱེ་ཁ་གསལ་བྲིས ?

ཞུ་ལན།    དང་པོ་ཐེག་ཆེན་སེམས་སྐྱེད་བསྟན་པའི་གཞུང་ནི། 

སེམས་སྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། 

ཞེས་པ་འདི་ཡིན་ལ། ཐེག་ཆེན་སེམས་སྐྱེད་སྤྱིའི་མཚན་ཉིད་ནི་དོན་གྱི་ངོ་བོ་རིག་པ་གང་ཞིག གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་དུ་འབྱུང་བའོ།། དེ་ལ་དབྱེ་ཚུལ་རྣམ་པ་ལྔ་ཡོད་པ་ལས། 

དང་པོ་ངོ་བོའི་སྒོ་ནས་དབྱེ་ན། སྨོན་པ་སེམས་སྐྱེད་དང་འཇུག་པ་སེམས་སྐྱེད་གཉིས་སོ།། དང་པོ་ནི་བླ་ན་མེད་པའི་འབྲས་བུ་ལ་དམ་བཅའ་བ་དང་། ཕྱི་མ་ནི་བླ་ན་མེད་པའི་རྒྱུར་སྒྲུབ་པར་དམ་བཅའ་བའོ།། 

གཉིས་པ་སྐྱེ་ཚུལ་གྱི་སྒོ་ནས་དབྱེ་ན། ཀུན་རྫོབ་སེམས་སྐྱེད་དང་དོན་དམ་སེམས་སྐྱེད་གཉིས། དང་པོ་ན་རག་པ་བརྡ་ལས་བྱུང་བའི་སེམས་སྐྱེད་དང་། གཉིས་པ་ནི་ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་སྐྱེད་དོ།། 

གསུམ་པ་ས་མཚཙས་ཀྱི་སྒོ་ནས་དབྱེ་ན། 

སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །

རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །

ཞེས་པས་མོས་སྤྱོད་ཀྱི་ས་ལ་མོས་པ་ལས་བྱུང་བ། ས་བདུན་པའི་བར་ལ་ལྷག་བསམ་དག་པ། བརྒྱད་པ་དགུ་པ་བཅུ་པ་ལ་རྣམ་པར་སྨིན་པ། སངས་རྒྱས་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དོ། ། 

བཞི་པ་གྲོགས་ཀྱི་སྒོ་ནས་དབྱེ་ན། གཞུང་ལས། 

དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ།། 

རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །

རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །

སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། ། 

ཞེས་གསུངས་པ་ལྟར་འདུན་པ་ལ་སོགས་པ་དང་མཚུངས་ལྡན་དུ་འགྱུར་པའི་ས་ལྟ་བུ་སོགས་ཀྱི་སེམས་སྐྱེད་ཉེར་གཉིས་སོ།། 

ལྔ་པ་བཞེད་ཚུལ་གྱིས་དབྱེ་ན། སེམས་ཅད་ཐམས་ཅད་སངས་རྒྱས་ལ་བཀོད་དེ། དེ་ནས་རང་འཚང་རྒྱུ་འདོད་པ་རྫི་བོ་ལྟ་བུ། རང་གཞན་མཉམ་པར་འཚང་རྒྱ་འདོད་པ་མཉན་པ་ལྟ་བུ། ཐོག་མར་རང་སངས་རྒྱས་ནས་དེ་ནས་སེམས་ཅན་གྱི་དོན་བྱེད་པ་རྒྱལ་པོ་ལྟ་བུ་དང་གསུམ་དུ་བཤད་དོ། །

༦༽ སྒྲུབ་པའི་ཡོན་ཏན་ལེགས་པར་རྫོགས་པའི་རྒྱུ་མངོན་ཤེས་དྲུག་གི་རྣམ་བཞག་ལེགས་པར་བྲིས ?

ཞུ་ལན།   མངོན་ཤེས་དྲུག་བཤད་པ་ལ། དང་པོ་ནི། བདག་རྐྱེན་བསམ་གཏན་ལ་བརྟེན་ནས་ཡུལ་མངོན་སུམ་དུ་གྱུར་པའི་རིག་པ། སྤྱིར་མངོན་ཤེས་ཙམ་གྱི་མཚན་ཉིད། 

གཉིས་པ་བྱེ་བྲག་ཏུ་ཐེག་ཆེན་མངོན་ཤེས་ཀྱི་མཚན་ཉིད། བདག་རྐྱེན་བསམ་གཏན་བཞི་པ་ཤིན་ཏུ་དག་པ་ལ་བརྟེན་ནས་ཡུལ་མངོན་སུམ་དུ་གྱུར་པའི་ཏིང་ངེ་འཛིན་དང་། ཅིར་ཡང་མི་དམིགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །

འདི་ལ་དབྱེ་ན།  རྫུ་འཕྲུལ་གྱི་མངོན་ཤེས། ལྷའི་རྣའི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས། སྔོན་གྱི་གནས་རྗེས་སུ་དྲན་པའི་བངོན་ཤེས། ལྷའི་མིག་གི་མངོན་ཤེས། ཟག་པ་ཟད་པའི་མངོན་ཤེས་སོ།། 

དེ་དག་གི་མཚན་ཉིད་ནི་རིམ་པ་བཞིན། བདག་རྐྱེན་བསམ་གཏན་བཞི་པ་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྣམ་འཕྲུལ་སྣ་ཚོགས་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་། ཅིར་ཡང་མི་དམིགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པ་རྫུ་འཕྲུལ་གྱི་མངོན་ཤེས་དང་། །དེ་བཞིན་དུ་སྦྱར་ཏེ། སྒྲ་སྣ་ཚོགས་སྙན་པ། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ། སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ། གཞན་གྱི་སྐྱེ་བ་དང་འཆི་འཕོ་བཤད་པ། སྐྱེ་བ་ལ་ངེས་པར་འབྱུང་བའི་ཐབས་ཤེས་པ་སོགས་མངོན་ཤེས་དྲུག་གི་མཚན་ཉིད་དོ། །

སྐྱེ་དང་ངག་སེམས་དགེ་དང་མི་དགེ་བསྐྱེད། །དེ་ཡི་གནས་དང་འབྱུང་བ་མངོན་སུམ་གང་། །

ཤེས་པ་ཀུན་འགྲོ་རབ་ཏུ་དབྱེ་བཅས་ལ། །ཐོགས་མེད་བརྟན་པ་ཐོབ་པའི་མཐུ་ཡིན་ནོ། །

ཞེས་སོ།། 

དེ་རྣམས་ཀྱི་ཁྱད་པར་གྱི་རྒྱུ་ནི། རྫུ་འཕྲུལ་གྱི་མངོན་ནི་བཞོན་པ་དང་སྟེང་ཕུལ་བ་སོགས་ཀྱིས་ཐོབ་བོ།། ལྷ་རྣའི་མངོན་ཤེས་ནི་རོལ་མོ་དང་གདུང་ལ་སོགས་པའི་སྒྲ་སོགས་མཆོད་པ་ལས་ཐོབ་བོ།། གཞན་སེམས་ཤེས་པའི་མངོན་ཤེས་ནི་གཞན་གྱི་སེམས་སྲུང་བ་ལས་ཐོབ་བོ།། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ནི་དམ་པའི་ཆོས་ཀྱི་བྱིན་པ་ལས་ཐོབ་བོ།། ལྷའི་མིག་གི་མངོན་ཤེས་ནི་མར་མེ་ཕུལ་བ་སོགས་ལས་ཐོབ་བོ།། ཟག་པ་ཟད་པའི་མངོན་ཤེས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་ལས་ཐོབ་བོ།། དེ་རྣམས་ཀྱི་སེམས་བརྟེན་ནི་བསམ་གཏན་དངོས་གཞིའི་སེམས་སོ།། ལུས་བརྟེན་ནི་འདོད་ཁམས་པའོ།།

༧༽ དགོས་སོགས་ཆོས་བཞིའི་སྐོར་བྲིས ?

ཞུ་ལན། དགོས་སོགས་ཆོས་བཞི་ལ། དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་བཞི་དང་།  བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་བཞི་དང་།  བདེན་ཚིག་ཙམ་ཡོད་པའི་དགོས་འབྲེལ་བཞི་བཅས་གསུམ་ལས།  དང་པོ། དེ་ལ་ཡང་བརྗོད་བྱ་དགོས་པ་ཉིང་དགོས་འབྲེལ་བ་བཅས་བཞི་ལས།  དང་པོ། ངག་འདིས་བསྟན་པར་བྱ་བ་རྒྱན་གྱི་དགོས་འབྲེལ་བཞི་ནི། བརྗོད་བྱ།  ངག་དེ་ལས་བརྗོད་བྱ་ངེས་པའམ་དོན་འགྱུར་གྱི་ཐེ་ཚོམ་གྱིས་རྟོགས་པ་ནི། དགོས་པའོ། ། དེ་ལས་དགོས་པ་གཉིས་དོན་གཉེར་གྱི་གདུལ་བྱ་གཞུང་ལ་འཇུག་པ་ནི། ཉིང་དགོས་སོ། །དགོས་པ་གཉིས་པོ་ངག་གི་འབྲས་བུར་འབྲེལ་བ་ནི། འབྲེལ་བའོ། །

གཉིས་པ། དེ་ལ་ཡང་བརྗོད་བྱ་དགོས་པ་ཉིང་དགོས་འབྲེལ་བ་བཅས་བཞི་ལས། དང་པོ། བརྗོད་བྱ་ནི། རྩ་བ་ལས། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་དེ་ལས་བཤད་པ་གང་། །ཞེས་གསུངས་པ་ལྟར། རྒྱན་གྱི་བསྟན་པར་བྱ་བ་ཡུལ་གཞི་གཉེན་རྣམ་པ་གསུམ་གྱིས་བསྡུས་པ། ཡུལ་ཅན་མཁྱེན་གསུམ། དེ་ལས་ཕྱེ་བ་མངོན་རྟོགས་བརྒྱད་ངོས་འཛིན་གྱི་ཐབས་དོན་བདུན་ཅུ་དབྱེ་བ་དང་བཅས་པ་སྟེ། མདོར་ན། མདོ་གསུམ་གྱི་དོན་ནོ། །དགོས་པ་ནི། བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་གསུངས་པ་བཞིན། རྒྱན་ལས་གདུལ་བྱ་རྣམས་ཀྱིས་བརྗོད་བྱ་བདེ་བླག་ཏུ་རྟོགས་པའོ། །ཉིང་དགོས་ནི། སྔ་མ་ལས།  གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱིས། །མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །ཞེས་གསུངས་པ་ལྟར། རྟོགས་པ་ལས་ཉན་ཐོས་སོཊ་ཀྱིས་མ་མྱངས་པའི་ཟབ་མོ་རྣམ་མཁྱེན་གྱི་ཡེ་ཤེས་ཐོས་བསམ་སྒོམ་གསུམ་ལས་མངོན་དུ་བྱས་པའོ། །འབྲེལ་བ་ནི། དགོས་པ་གཉིས་ཐབས་ཀྱི་བསྒྲུབ་བྱ། བསྟན་བཅོས་སྒྲུབ་བྱེད་ཀྱི་ཐབས་སུ་འབྲེལ་བ་ལའོ། །

གསུམ་པ། དེ་ལ་ཡང་བཞི་སྟེ།  དང་པོ།  དོན་དང་མཐུན་པའི་ངག་གང་ཡིན་པ་དེས་བསྟན་པར་བྱ་བ་ནིབརྗོད་བྱ་དང་། དེ་ལས་དེའི་དོན་རྟོགས་པ་ནི་དགོས་པ་དང་། དེ་ལ་དགོས་པ་གཞན་ཡང་རིམ་གྱིས་འགྲུབ་པ་ནི་ཉིང་དགོས། དེ་དགོས་པ་ལས་བྱུང་ཞིང་དགོས་པ་བདེན་ཚིག་ལས་བྱུང་བ་ནི་འབྲེལ་བའོ། །

༨༽ སྒྲུབ་པའི་མི་མཐུན་ཕྱོགས་སྤོང་བའི་རྒྱུ་བརྩོན་འགྲུས་ཀྱི་སྐོར་ཕྲིས ?

ཞུ་ལན། རྩ་བ་ལས།  

མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །

ཞེས་གསུངས་པ་ལྟར། དང་པོ། མ་ཞེན་པའི་བརྩོན་འགྲུས་ནི།  གང་ལ་ན། མ་ཞེན་པའི་བརྩོན་འགྲུས་ལའོ། །ཅིའི་དོན་དུ་ན། ཞེན་པར་འགྱུར་བས་དེ་སྤང་བའི་ཕྱིར་རོ། །གང་གི་ཚེ་ན། དམ་བཅས་པའི་དོན་སྒྲུབ་པའི་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་སྔར་སེམས་བསྐྱེད་དུ་ཇི་སྐད་བཤད་པའི་དོན་བསྒྲུབ་པའི་ཕྱིར་དུ་སྤྲོ་བས་ནན་དུ་བྱེད་པའི་ཚེ་ནའོ། །རྒྱུ་གང་ལས་ན།  ལུས་སོཊ་ཀྱི་བྱ་བ་ངན་པ་ལ་བདེ་བའི་རོ་མྱང་བའི་བསོད་ནམས་ཉིད་ཀྱི་རྒྱུ་ལས་སོ། ། གང་ལ་ན། དབང་རྟུལ་དད་པའི་རྗེས་འབྲངས་ལའོ། །ཇི་ལྟར་བསྟན་ན། ལུས་ལ་སོགས་པའི་ཞེན་བྱ་དེ་དག་ངོ་བོ་ཉིད་མེད་ཅིང་མི་དམིགས་པ་ཉིད་དུ་བསྟན་ཅིང་། དེས་སེར་སྣ་ལ་སོགས་ཀྱི་སེམས་མི་སྐྱེས་པས་ལུས་ལ་སོགས་པར་མི་དམིགས་པ་ནི། བྱང་ཆུབ་ཀྱི་ལམ་ཡིན་ནོ། །མདོ་ལས། ལུས་མི་དམིགས་པ་དང་། ངག་མི་དམིགས་པ་དང་། སེམས་མི་དམིགས་པ་དེའི་ཚེ་ཞེས་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་འཇོག་པ་དེ་ལྟ་ན། བྱང་ཆུབ་སེམས་དཔའི་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་ཡོངས་སུ་དག་པ་ཞེས་ངས་བཤད་དོ། །ཞེས་སོ། །

གཉིས་པ། ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ནི།  གང་ལ་ན། ཡོངས་སུ་ངལ་བ་མེད་པའི་བརྩོན་འགྲུས་སོ། །ཇི་ལྟར་ན། གཟུགས་ལ་སོཊ་པའི་ཕུང་ཁམས་ལ་སོཊ་པ་ནས་ཡང་དག་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ངལ་ཞིང་རློམ་པའི་ཡུལ་དུ་མ་གྲུབ་པས་རློམ་སེམས་མེད་པར་གྱིས་ཤིག་ཅེས་བསྟན་ཏོ། །ཅིའི་དོན་དུ་ན། རློམ་སེམས་ལ་བརྟེན་ནས་སྐྱོ་བར་འགྱུར་བས་དེ་སྤང་བའི་ཆེད་དུའོ། །གང་གི་ཚེ་ན། དུས་ཡུན་རིང་པོ་ཞིག་ཏུ་ལམ་ལ་གོམས་པ་བྱས་ཀྱང་འདོད་པའི་དོན་བྱང་ཆུབ་ཐོབ་པ་སོགས་མ་གྲུབ་པའི་ཚེ་ནའོ། །གང་ལ་ན། དུས་ཅུང་ཟད་ལ་རིང་པོར་རློམ་པའི་དངངས་པའི་རང་བཞིན་ཅན་དབང་རྟུལ་ལོ། །མདོ་ལས། ཕྱིན་དྲུག་ལ་སྤྱོད་པའི་ཚེ་གཟུགས་སུ་མི་རློམ་ཞེས་པ་ནས་བྱང་ཆུབ་ཏུ་རློམ་པ་མེད་པ་དེ་ལྟར་ན་སུས་ཀྱང་ཐུབ་པ་མེད་པ་ཡིན་ནོ། །ཞེས་སོ། །

གསུམ་པ། ལམ་ཡོངས་སུ་གཟུང་བའི་བརྩོན་འགྲུས་ནི། གང་ལ་ན། ལམ་ཡོངས་སུ་གཟུང་བའི་ཡེ་ཤེས་ལའོ། །ཇི་ལྟར་ན། ཤེས་བྱའི་ཆོས་རྣམས་དོན་དམ་པར་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུའོ། །ཅིའི་དོན་དུ་ན། ཕྱོགས་བཅུ་ན་བཞུགས་པའི་སངྱས་དང་།  བྱང་སེམས་ལ་སོགས་པ་ལ་དགོས་པའི་དོན་རེ་རེ་ཤེས་པའི་ཕྱིར་དུའང་ལམ་གྱི་ལུང་ནོད་ཅིང་དཀའ་བ་དཔྱད་དགོས་ན། དེ་འདྲ་བདག་གིས་ག་ལ་ནུས་སྙམ་དུ་སེམས་ཞུམ་པར་འགྱུར་བས་དེ་སྤང་བའི་ཕྱིར་ཆོས་སྐྱེ་མེད་དུ་ཤེས་པའི་ཡེ་ཤེས་དང་ལྡན་ན་སྐྱིལ་དཀྲུང་གཅིག་ལ་གནས་བཞིན་དུ་ཕྱོགས་བཅུ་ལྟ་ཞིང་སངྱས་ལ་ཆོས་ཉན་ནུས་སོ། །ཞེས་བསྟན་ཏོ། །མདོ་ལས། ཡེ་ཤེས་གང་དང་ལྡན་པས་ཤར་ཕྱོགས་ཀྱི་ལོ་ཀ་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །དེ་དག་གི་ཆོས་བསྟན་པ་ཡང་ཉན་ནོ། །ཞེས་སོ། །

༩༽ ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་དང་རབ་དབྱེ་ཁ་གསལ་བྲིས ?

ཞུ་ལན།   ཐེག་ཆེན་སེམས་སྐྱེད་བསྟན་པའི་གཞུང་ནི། 

སེམས་སྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། ། 

ཞེས་པ་འདི་ཡིན་ལ། ཐེག་ཆེན་སེམས་སྐྱེད་སྤྱིའི་མཚན་ཉིད་ནི། དོན་གྱི་ངོ་བོ་རིག་པ་གང་ཞིག གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་དུ་འབྱུང་བའོ།། 

དེ་ལ་དབྱེ་ཚུལ་རྣམ་པ་ལྔ་ཡོད་པ་ལས་དང་པོ་ངོ་བོའི་སྒོ་ནས་དབྱེ་ན། སྨོན་པ་སེམས་སྐྱེད་དང་འཇུག་པ་སེམས་སྐྱེད་གཉིས་སོ།། དང་པོ་ནི་བླ་ན་མེད་པའི་འབྲས་བུ་ལ་དམ་བཅའ་བ་དང་། ཕྱི་མ་ནི་བླ་ན་མེད་པའི་རྒྱུར་སྒྲུབ་པར་དམ་བཅའ་བའོ།། གཉིས་པ་སྐྱེ་ཚུལ་གྱི་སྒོ་ནས་དབྱེ་ན། ཀུན་རྫོབ་སེམས་སྐྱེད་དང་དོན་དམ་སེམས་སྐྱེད་གཉིས། དང་པོ་ན་རག་པ་བརྡ་ལས་བྱུང་བའི་སེམས་སྐྱེད་དང་། གཉིས་པ་ནི་ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་སྐྱེད་དོ།། གསུམ་པ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་པས་མོས་སྤྱོད་ཀྱི་ས་ལ་མོས་པ་ལས་བྱུང་བ། ས་བདུན་པའི་བར་ལ་ལྷག་བསམ་དག་པ། བརྒྱད་པ་དགུ་པ་བཅུ་པ་ལ་རྣམ་པར་སྨིན་པ། སངས་རྒྱས་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དོ། ། བཞི་པ་གྲོགས་ཀྱི་སྒོ་ནས་དབྱེ་ན། གཞུང་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ།། རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། ། ཞེས་གསུངས་པ་ལྟར་འདུན་པ་ལ་སོགས་པ་དང་མཚུངས་ལྡན་དུ་འགྱུར་པའི་ས་ལྟ་བུ་སོགས་ཀྱི་སེམས་སྐྱེད་ཉེར་གཉིས་སོ།། ལྔ་པ་བཞེད་ཚུལ་གྱིས་དབྱེ་ན། སེམས་ཅད་ཐམས་ཅད་སངས་རྒྱས་ལ་བཀོད་དེ། དེ་ནས་རང་འཚང་རྒྱུ་འདོད་པ་རྫི་བོ་ལྟ་བུ། རང་གཞན་མཉམ་པར་འཚང་རྒྱ་འདོད་པ་མཉན་པ་ལྟ་བུ། ཐོག་མར་རང་སངས་རྒྱས་ནས་དེ་ནས་སེམས་ཅན་གྱི་དོན་བྱེད་པ་རྒྱལ་པོ་ལྟ་བུ་དང་གསུམ་དུ་བཤད་དོ། །

༡༠༽ སྒྲུབ་པའི་ཡོན་ཏན་ལེགས་པར་རྫོགས་པའི་རྒྱུ་མངོན་ཤེས་དྲུག་གི་རྣམ་བཞག་ལེགས་པར་བྲིས ?

ཞུ་ལན།   མངོན་ཤེས་དྲུག་བཤད་པ་ལ། དང་པོ་བདག་རྐྱེན་བསམ་གཏན་ལ་བརྟེན་ནས་ཡུལ་མངོན་སུམ་དུ་གྱུར་པའི་རིག་པ། སྤྱིར་མངོན་ཤེས་ཙམ་གྱི་མཚན་ཉིད། གཉིས་པ་བྱེ་བྲག་ཏུ་ཐེག་ཆེན་མངོན་ཤེས་ཀྱི་མཚན་ཉིད། བདག་རྐྱེན་བསམ་གཏན་བཞི་པ་ཤིན་ཏུ་དག་པ་ལ་བརྟེན་ནས་ཡུལ་མངོན་སུམ་དུ་གྱུར་པའི་ཏིང་ངེ་འཛིན་དང་། ཅིར་ཡང་མི་དམིགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །འདི་ལ་དབྱེ་ན།  རྫུ་འཕྲུལ་གྱི་མངོན་ཤེས། ལྷའི་རྣའི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས། སྔོན་གྱི་གནས་རྗེས་སུ་དྲན་པའི་བངོན་ཤེས། ལྷའི་མིག་གི་མངོན་ཤེས། ཟག་པ་ཟད་པའི་མངོན་ཤེས་སོ།། དེ་དག་གི་མཚན་ཉིད་ནི་རིམ་པ་བཞིན། བདག་རྐྱེན་བསམ་གཏན་བཞི་པ་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྣམ་འཕྲུལ་སྣ་ཚོགས་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་། ཅིར་ཡང་མི་དམིགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པ་རྫུ་འཕྲུལ་གྱི་མངོན་ཤེས་དང་། །དེ་བཞིན་དུ་སྦྱར་ཏེ། སྒྲ་སྣ་ཚོགས་སྙན་པ། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ། སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ། གཞན་གྱི་སྐྱེ་བ་དང་འཆི་འཕོ་བཤད་པ། སྐྱེ་བ་ལ་ངེས་པར་འབྱུང་བའི་ཐབས་ཤེས་པ་སོགས་མངོན་ཤེས་དྲུག་གི་མཚན་ཉིད་དོ། །སྐྱེ་དང་ངག་སེམས་དགེ་དང་མི་དགེ་བསྐྱེད། །དེ་ཡི་གནས་དང་འབྱུང་བ་མངོན་སུམ་གང་། །ཤེས་པ་ཀུན་འགྲོ་རབ་ཏུ་དབྱེ་བཅས་ལ། །ཐོགས་མེད་བརྟན་པ་ཐོབ་པའི་མཐུ་ཡིན་ནོ། །ཞེས་སོ།། དེ་རྣམས་ཀྱི་ཁྱད་པར་གྱི་རྒྱུ་ནི། རྫུ་འཕྲུལ་གྱི་མངོན་ནི་བཞོན་པ་དང་སྟེང་ཕུལ་བ་སོགས་ཀྱིས་ཐོབ་བོ།། ལྷ་རྣའི་མངོན་ཤེས་ནི་རོལ་མོ་དང་གདུང་ལ་སོགས་པའི་སྒྲ་སོགས་མཆོད་པ་ལས་ཐོབ་བོ།། གཞན་སེམས་ཤེས་པའི་མངོན་ཤེས་ནི་གཞན་གྱི་སེམས་སྲུང་བ་ལས་ཐོབ་བོ།། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ནི་དམ་པའི་ཆོས་ཀྱི་བྱིན་པ་ལས་ཐོབ་བོ།། ལྷའི་མིག་གི་མངོན་ཤེས་ནི་མར་མེ་ཕུལ་བ་སོགས་ལས་ཐོབ་བོ།། ཟག་པ་ཟད་པའི་མངོན་ཤེས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་ལས་ཐོབ་བོ།། དེ་རྣམས་ཀྱི་སེམས་བརྟེན་ནི་བསམ་གཏན་དངོས་གཞིའི་སེམས་སོ།། ལུས་བརྟེན་ནི་འདོད་ཁམས་པའོ།།

༡༡༽ ཡེ་ཤེས་ཀྱི་ཚོགས་སྟོང་ཉིད་ཉི་ཤུ་གང་ལ་ལྡན་པའི་ས་མཚམས་དང་བཅས་ངོས་ཟུངས ?

ཞུ་ལན།  ཡེ་ཤེས་ཀྱི་ཚོགས་ས་མཚམས་དང་བཅས་པ་ནི། ཕྱི་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་གསུམ་ནི་མོས་པ་སྤྱོད་པའི་ས་ན་ཡིན་ནོ།། སྟོང་པ་ཉིད་སྟོང་པ་ཉིད་ནི་སྦྱོར་ལམ་ལའོ།། ཆེན་པོ་སྟོང་པ་ཉིད་ནི་ས་དང་པོ་ལའོ།། དོན་དམ་པ་སྟོང་པ་ཉིད་ནི་ས་གཉིས་པ་ལའོ།། འདུས་བྱས་སྟོང་པ་ཉིད་ནི་ས་གསུམ་པ་ལའོ།། འདུས་མ་བྱས་སྟོང་པ་ཉིད་ནི་ས་བཞི་པ་ལའོ།། མཐའ་ལས་འདས་པ་སྟོང་པ་ཉིད་ནི་ས་ལྔ་པ་ལའོ།། ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་ནི་ས་དྲུག་པའོ།། དོར་བ་མེད་པའི་སྟོང་པ་ཉིད་ནི་ས་བདུན་པ་ལའོ།། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཞིང་སྟོང་པ་ཉིད་གསུམ་ནི་ས་བརྒྱད་པ་ལའོ།། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་ནི་ས་དགུ་པ་ལའོ།། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་སྟོང་པ་ཉིད་ནི་ས་བཅུ་པ་ལའོ།། དངོས་པོ་མེད་པ་སྟོང་པ་ཉིད་དང་། རང་གི་ངོ་བོ་སྟོང་པ་ཉིད་དང་། གཞན་གྱི་ངོ་བོ་སྟོང་པ་ཉིད་བཅས་གསུམ་ནི་སངས་རྒྱས་ཀྱི་ས་ལའོ།།

༡༢༽ མཚོན་བྱེད་དཔེའི་དགེ་བདུན་ཉི་ཤུ་སྤངས་རྟོགས་ཀྱི་ཁྱད་པར་དང་བཅས་ངོས་ཟུངས་ ?

ཞུ་ལན༽མཚོན་བྱེད་དཔེའི་དགེ་བདུན་ཉི་ཤུ་སྤངས་རྟོགས་ཀྱི་ཁྱད་པར་ནི། མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་ལ་འདོད་ཉོན་བསྐོར་གཅིག་ཀྱང་མ་སྤོང་བ་རྒྱུན་ཞུགས་ཞུགས་པ་དད་པའི་རྗེས་འབྲང་དང་ཆོས་ཀྱི་རྗེས་འབྲང་ངོ།། དེའི་འོག་ཏུ་མཐོང་ལམ་སྐད་ཅིག་བཅུ་དྲུག་ལ་གནས་ལ་འདོད་ཉོན་མ་སྤོང་བ་དང་ཡང་ན་གཉིས་མན་ཆད་སྤངས་བ་ནི་རེ་ལྟར་ཐོགས་ན་སྲིད་པ་ལེན་བདུན་ནོ།། དེའི་འོག་ཏུ་སྒོམ་པའི་ལམ་ལ་འདོད་ཉོན་རྣམ་པ་གསུམ་མམ་བཞི་རབ་ཏུ་སྤངས་པ་ལས་ལྷ་དང་མིའི་རིགས་ནས་རིགས་སུ་སྐྱེ་བའོ།། དེ་ལྔ་ལས་དང་པོ་གཉིས་རྒྱུན་ཞུགས་ཞུགས་པ་ཕྱི་མ་གསུམ་འབྲས་གནས་སོ།། དེའི་འོག་ཏུ་བྱངས་སེམས་དབང་པོ་རྟུལ་པོ་དང་རྣོན་པོ་དག་རིམ་བཞིན་དད་པས་མོས་པ་དང་མཐོང་བས་ཐོབ་པ་ཞེས་པའི་མིང་ཅན་དག་འདོད་ཉོན་ལྔ་པ་སྤངས་ཤིང་དྲུག་པ་སྤོངས་བ་ལ་བརྩོན་པ་ནི་ཕྱིར་འོང་ཞུགས་པ། དེའི་འོང་ཏུ་འདོད་ཉོན་རྣམ་པ་དྲུག་སྤངས་པས་ཕྱིར་འོང་འབྲས་གནས་ཙམ་པ་བ། དེའི་འོག་ཏུ་འདོད་ཉོན་བདུན་ནམ་བརྒྱད་པ་སྤངས་པས་ཚེ་གཅིག་བར་ཆད་གཅིག་པའམ་འབྲས་གནས་ཁྱད་པར་ཅན། དེའི་འོག་ཏུ་འདོད་ཉོན་བརྒྱད་པ་མན་ཆད་སྤངས་ཟིན་ལ་དགུ་པ་སྤོང་བ་ལ་བརྩོན་པ་ནི་ཕྱིར་མི་འོང་ཞུགས་པ། དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དགུ་པ་སྤངས་པས་ཕྱིར་མི་འོང་བ་སྟེ། གཟུགས་སུ་སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས། མངོན་པར་འགྲུབ་པའི་ཀུན་སྦྱོར་ནི་མ་སྤངས་པས་བར་སྲིད་གྲུབ་པ་ན་ལམ་མངོན་དུ་བྱས་པས་སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་པ་ནི་བར་མ་དོ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཀུན་སྦྱོར་གཉི་ག་མ་སྤངས་པས་གཟུགས་ཁམས་སུ་སྐྱེས་ནས་སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་པ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་འདའ་བ་དང་། དེ་བཞིན་དུ་སྐྱེས་ནས་མངོན་པར་འདུ་བྱེད་པ་དང་བཅས་པས་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་པ་ནི་མངོན་པར་འདུ་བྱེད་པ་འདའ་བ་དང་། དེ་ལས་བཟློག་པ་ནི་མངོན་པར་འདུ་མི་བྱེད་པ་འདའ་བ་དང་། དེའི་འོག་ཏུ་གོང་འཕོ་དེ་ཉིད་འོག་མིན་མཐར་ཐུག་པར་འགྲོ་བ་སྟེ། ཚངས་རིས་ནས་འོག་མིན་དུ་འགྲོ་བ་འཕར་བ་དང་། ཚངས་རིས་གནས་གཙང་འགའ་ཞིག་དོར་ཏེ་འོག་མིན་དུ་འགྲོ་བ་ཕྱེད་འཕར་བ། གནས་ཐམས་ཅད་བརྒྱུད་དེ་འོག་མིན་དུ་འགྲོ་བ་གནས་ཐམས་ཅད་དུ་འཕོ་བ་གཉིས་ཀྱིས་གོང་དུ་འཕོ་བ་གཞན་རྣམ་པ་གསུམ་མོ། དེའི་འོག་ཏུ་གོང་འཕོ་དེ་ཉིད་སྲིད་རྩེ་མཐར་ཐུག་འགྲོ་བ་ནི་གཟུགས་ཀྱི་འདོད་ཆགས་དང་དང་བྲལ་བ་སྟེ། ཚེ་འདི་ལ་མྱ་ངན་ལས་འདས་པ་འཐོབ་པ་མཐོང་ཆོས་ཞི་བ་དང་། འགོགས་པའི་སྙོམས་འཇུག་ལུས་ཀྱིས་མངོན་སུམ་དུ་བྱེད་པའོ།། དེའི་འོག་ཏུ་སྲིད་པའི་རྩེ་མོའི་ཉོན་མོངས་བརྒྱད་པ་སྤངས་པས་དགྲ་བཅོམ་ཞུགས་པ་དང། དེའི་འོག་ཏུ་ཉན་ཐོས་ཀྱི་སྡེ་སྣོད་ལ་བརྟེན་ནས་ཡུན་རིང་དུ་ཚངས་པར་སྤྱད་དེ་མཐར་སངས་རྒྱས་མི་འབྱུང་བ་ན་རང་གིས་བྱང་ཆུབ་མངོན་དུ་བྱེད་པ་རང་སངས་རྒྱས་ཏེ་ཉི་ཤུའོ། །

༡༣༽ སྒྲུབ་པའི་དམིགས་པ་ཞེས་པ་གང་ཡིན་དེ་ལ་གྲངས་ཇི་ཙམ་གསུངས་ཡོད ?

ཞུ་ལན༽ སྒྲུབ་པའི་དམིགས་པ་ཞེས་པ་གང་ཡིན་ཞེ་ན། སྒྲུབ་ནི་ལམ་དང་དམིགས་པ་ནི་སྒྲོ་འདོགས་བཅད་པའི་གཞི་ཡིན་ལ། ལམ་ལ་སྒྲོ་འདོགས་བཅད་པའི་གཞི་ལ་སྒྲུབ་པའི་དམིགས་པ་ཞེས་བྱ་ལ། དེ་ལ་གྲངས་ཇི་ཙམ་ཡོད་ཅེ་ན། བཅུ་གཅིག་ཡོད་པ་ཡིན་ཏེ། དེ་ཡང་ ༡. དགེ་བ། ༢. མི་དགེ་བ། ༣ .ལུང་མ་བསྟན། ༤ . འཇིག་རྟེན་པའི་ལམ། ༥. འཇིག་རྟེན་ལས་འདས་པའི་ལམ། ༦.ཟག་བཅས། ༧ ་ཟག་མེད། ༨. འདུས་བྱས། ༩.འདུས་མ་བྱས། ༡༠. ཐུན་མོང་གི་ཆོས་དང་། ༡༡. ཐུན་མོངས་མ་ཡིན་པའི་ཆོས་ཏེ་བཅུ་གཅིག་གོ།། དེ་ཡང་གཞུང་ལས།

དམིགས་པའི་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། ། 

འཇིག་རྟེན་པ་ཡི་རྟོགས་པ་དང་། །གང་དག་འཇིག་རྟེན་འདས་འདོད་དང་།  །

ཟག་བཅས་ཟག་པ་མེད་ཆོས་དང་། །གང་དག་འདུས་བྱས་འདུས་མ་བྱས། །

སློབ་མ་ཐུན་མོ་ཆོས་རྣམས་དང་། །གང་དག་ཐུབ་པའི་ཐུན་མོང་མིན། ། 

ཞེས་གསུངས་སོ།།

༡༤༽ སྒྲུབ་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་ལེགས་པར་ངོས་བཟུང ? 

ཞུ་ལན༽ ཆེད་དུ་བྱ་བ་རྣམ་པ་གསུམ་ལས་དང་པོ་སེམས་ཆེན་པོ་ནི། མདོའི་དོན་སེམས་ཅན་གྱི་ཕུང་པོ་ནི་འགྲོ་བ་རིགས་ལྔས་བསྡུས་པའི་སེམས་ཅན་དང། འཕགས་པ་གསུམ་གྱིས་བསྡུས་པའི་སེམས་ཅན་བརྒྱད་པ་ལ་སོགས་པ་ནས་ཕྱིར་མི་བཟློག་པའི་བྱང་སེམས་ཀྱི་བར་རོ།། དེ་དག་ནི། འདིར་སེམས་ཅན་ཀུན་ཅེས་པར་བསྡུས་ལ། མཆོག་ནི་དེ་ཐམས་ཅད་ཀྱི་ནང་ནས་དམ་པར་གྱུར་པ་སྟེ་རྫོགས་པའི་སངས་སྐྱི་སྐུ་གསུམ་མོ།། གཉིས་པ་སྤོང་བ་ཆེན་པོ་ནི། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་སོགས་ལྟ་བར་གྱུར་པ་ཐམས་ཅད་སྤོང་བའི་ཆེད་དུ་སྒྲུབ་པ་ཉམས་སུ་བླངས་པས་མ་ལུས་པ་སྤངས་པའོ།། གསུམ་པ་རྟོགས་པ་ཆེན་པོ་ནི། བྱང་ཆུབ་ཀྱི་སེམས་། ཐམས་ཅད་མཁྱེན་པའི་སེམས་། ཟག་པ་མེད་པའི་སེམས་ཞེས་སོགས་མདོ་ལས་གསུངས་པ་ལྟར་སངས་རྒྱས་ཀྱི་ས་ཡི་ཡེ་ཤེས་བཞིའོ། །

༡༥༽ ས་དང་པོའི་ཡོངས་སྦྱོང་བཅུ་རེ་རེ་བཞིན་ངོས་བཟུང་ ?

ལན- ས་དང་པོའི་ཡོངས་སྦྱོང་བཅུ་ནི་ རྩ་བར་ བསམ་དང་ཕན་པའི་དངོས་ཉིད་དང་། སེམས་ཅན་རྣམས་ལ་སེམས་མཉམ་ཉིད། གཏོང་དང་བཤེས་གཉེན་བསྟེན་པ་དང་། དམ་ཆོས་དམིགས་པ་འཚོལ་བ་དང་། རྟག་ཏུ་ངེས་འབྱུང་སེམས་ཉིད་དང་། སངས་རྒྱས་སྐུ་འདོད་དགའ་བ་དང་། ཆོས་སྟོན་པ་དང་བདེན་པ་ཡི། ཚིག་ནི་བཅུ་པ་ཡིན་པར་འདོད། ཅེས་གསུངས་པ་ལྟར། བསམ་པ། ཕན་པ། སེམས་གཅིག་པ། གཏོང་བ། བཤེས་གཉེན་བསྟེན་པ། དམ་པའི་ཆོས་དམིགས་པ་འདོད་པ། ངེས་འབྱུང་སེམས་པ། སངས་རྒྱས་ཀྱི་སྐུ་འདོད་པ། དམ་ཆོས་སྟོན་པ། བདེན་པ་སྨྲ་བ་བཅས་བཅུའོ།

༡༦༽ ཚོགས་སྒྲུབ་ཀྱི་མཚན་ཉིད་དང་དབྱེ་བ་བཅས་བྲིས ?

ལན- མཚན་ཉིད་ནི་ ཐེག་ཆེན་ལ་ཞུགས་པ་མཐར་ཐུག་པར་བྱ་བའི་བྱ་བ། ཡང་ན་ རང་གི་དངོས་འབྲས་ གནས་སྐབས་དང་མཐར་ཐུག་གི་བྱང་ཆུབ་གང་རུང་དངོས་སུ་བྱིན་པར་བྱེད་པའི་བྱ་བའོ། དབྱེ་བ་ནི་ སྙིང་བརྩེ་བ་ཆེན་པོའི་ཆོོགས། སྦྱིན་པའི། ཚུལ་ཁྲིམས་ཀྱི། བཟོད་པའི། བརྩོན་འགྲུས་ཀྱི། བསམ་གཏན་གྱི། ཤེས་རབ་ཀྱི། ཞི་གནས་ཀྱི། ལྷ་མཐོང་གི། ཟུང་དུ་འབྲེལ་བའི་ལམ་གང་གི། ཐབས་ལ་མཁས་པ་གང་ཡིན་པའི། ཡེ་ཤེས་ཀྱི། བསོད་ནམས་ཀྱི། ལམ་ཀྱི། གཟུངས་ཀྱི། ས་བཅུའི། གཉེན་པོའི་ཚོགས་བཅས་སོ།


༡༧༽ གཞི་དང་དེའི་གཉེན་པོ་ཡི།།ཞེས་སོགས་ཀྱི་སྐབས་ནས་གསུངས་པའི་རྣམ་རྟོག་བཞིའི་འགྲེལ་བཤད་ལེགས་པར་རྒྱོབ ?

ལན། འདིར་བསྟན་གྱི་རྟོག་པའི་མཚན་ཉིད་ནི། ཡུལ་ཇི་ལྟ་བཞིན་མ་ཡིན་པར་མངོན་པར་ཞེན་པ་ལའོ། །དེ་ལ་དབྱེ་ན། གཟུང་རྟོག་དང་འཛིན་རྟོག་གཉིས་ལས་དང་པོ་ནི། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་དང་གཉེན་པོའི་རྟེན་ཅན་ནོ། །དེ་ལ་དབྱེ་ན། ཀུན་ཉོན་གཟུང་རྟོག་པ་དང་། རྣམ་བྱང་གཟུང་རྟོག་གཉིས། དང་པོ་ནི། སྲིད་པར་བརྒྱུད་པའི་བྱ་བ་བྱེད་པའི་གཞི་ཉོན་མོངས་པ་ལ་དམིགས་པའི་རྟོག་པའོ། །དེ་ལ་དབྱེ་ན། མ་རིག་པ་དང་ཕུང་པོ་སོགས་ལ་དམིགས་པའི་རྣམ་པར་རྟོག་པ་དགུའོ། །གཉིས་པ་རྣམ་བྱང་གཟུང་རྟོག་ནི།    སྲིད་པར་བརྒྱུད་པའི་བྱ་བ་བྱེད་པའི་གཞི་ཉོན་མོངས་པ་དེ་ཡི་གཉེན་པོ་ལམ་ལ་དམིགས་པའི་རྟོག་པའོ། །དེ་ལ་ དབྱེ་བ་ན། ཕུང་པོ་དང་སྐྱེ་མཆེད་སོགས་ལ་དམིགས་པའི་རྣམ་པར་རྟོག་པ་དགུའོ། །འཛིན་རྟོག་ནི། སོ་སྐྱེ་གང་ཟག་རྫས་སུ་ཡོད་པ་དང་འཕགས་པས་སྐྱེས་བུ་བཏགས་པར་ཡོད་པ་ལ་དམིགས་པས་འཛིན་པར་རྣམ་པར་རྟོག་པའོ། །དེ་ལ་དབྱེ་ན། རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོག་པའོ། །སྐྱེས་བུ་རྫས་སུ་ཡོད་པ་ལ་བརྟེན་པ་རྫས་འཛིན་རྟོག་པ་དང་། འཕགས་པས་སྐྱེས་བུ་བཏགས་པར་ཡོད་པ་ལ་བརྟེན་པའོ།།

༡༨༽ རྒྱུ་འབྲས་ཀྱི་ཐེག་པའི་རྣམ་པར་གཞག་ཚུལ་བྲིས ?

ལན། རྒྱུ་འབྲས་ཀྱི་ཐེག་པ་དེ་ཡང་ འདིར་ཐེག་པ་ནི་འགྲོ་བ་དང་རྣམ་གྲངས་ཡིན་པས་ འདིས་འགྲོ་བའི་ཕྱིར། ལམ་ལ་ཐེག་པ་དང་། འདིར་འགྲོ་བའི་ཕྱིར། འབྲས་བུ་ལ་ཐེག་པའོ། །བྱང་ཆུབ་སེམས་དཔའི་ཚོགས་སྦྱོར་གྱི་ལམ་སོགས་རྒྱུའི་ཐེག་ཆེན་དང་། སྡུག་བསྔལ་ཐམས་ཅད་དང་བྲལ་བ་རྟོགས་པ་སངས་རྒྱས་ཀྱི་ས་ལ་འབྲས་བུའི་ཐེག་ཆེན་ནོ།།

 ༡༩༽ སྒྲུབ་པའི་རྟེན་རིགས་ཀྱི་རྣམ་པར་བཞག་པ་ལ་གྲུབ་མཐའ་བཞིའི་འདོད་ཚུལ་བྲིས་  ?

ལན་་་་་་སྒྲུབ་པའི་རྟེན་རིགས་ཀྱི་རྣམ་པར་བཞག་པ་ལ་གྲུབ་མཐའ་བཞིའི་འདོད་ཚུལ་མ་ནོར་བར་གཞུང་ལྟར་ཏུ་མདོར་ཙམ་ཞིག་བཀོད་ན། དེ་ཡང་དང་པོ་བྱེ་བྲག་སྨྲ་བའི་འདོད་ཚུལ་ནི། མ་ཆགས་འཕགས་པའི་རིགས་ཡིན་ཏེ། སེམས་བྱུང་མ་ཆགས་པ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་ལ་བཞག་པའོ།། གཉིས་པ་མདོ་སྡེ་པའི་འདོད་ཚུལ་ནི། ཟག་མེད་ཀྱི་སེམས་ཀྱི་ས་བོན་འབྲས་བུ་འབྱུང་ནུས་ཀྱི་ནུས་པའམ་ས་བོན་ལ་བཞག་པ་ཡིན་ནོ།། སེམས་ཙམ་པའི་འདོད་ཚུལ་ནི། ཀུན་གཞི་རྣམ་ཤེས་ཀྱི་བརྟེན་དུ་ཟག་མེད་ཀྱི་ཆོས་སྐྱེ་བའི་ནུས་པའམ་ས་བོན་ལ་བཞག་པའོ།། དབུ་མ་པས།  ཆོས་ཀྱི་དབྱིངས་ཀྱི་རང་བཞིན་འོད་གསལ་བ་འདི་ལ་རིགས་ཞེས་བཞག་པ་ཡིན་ནོ།། རིགས་ཞེས་པའི་དོན་ནི། འཕགས་པའི་ཆོས་སམ་འབྲས་བུ་རང་རང་སོ་སོའི་མཐར་ཐུག་གི་འབྲས་བུ་ཐོབ་པར་བྱེད་པའི་རྒྱུ་ལ་རིགས་ཞེས་བརྗོད་དོ།།  


༢༠༽ བརྟེན་ཆོས་སྒྲུབ་པ་བཅུ་གསུམ་ས་མཚམས་དང་བཅས་ངོས་བཟུང་།

ལན་་་བརྟེན་ཆོས་སྒྲུབ་པ་བཅུ་གསུམ་ནི། གཞུང་ལས། རྟོགས་པ་ཡི་ནི་ཆོས་དྲུག་དང་།། གཉེན་པོ་དང་ནི་སྤོང་བ་དང་།། དེ་དག་ཡོངས་སུ་གཏུགས་པ་དང་།། ཤེས་རབ་སྙིང་བརྩེར་བཅས་པ་དང་།། སློབ་མ་ཐུན་མོང་མིན་ཉིད།། གཞན་གྱི་དོན་གྱི་གོ་རིམ་དང་།། ཡེ་ཤེས་རྩོལ་བ་མི་མངའ་བ།། འཇུག་པའི་རྟེན་ལ་རིགས་ཤེས་བྱ།། ཞེས་གསུངས་པ་ལྟར། ༡་དྲོད། ༢་རྩེ་མོ། ༣་བཟོད་པ། ༤་ཆོས་མཆོག་སྟེ་ངེས་འབྱེད་ཡན་ལག་བཞི་དང་། ༥་མཐོང་ལམ། ༦་སྒོམ་ལམ། ༧་གཉེན་པོ་བཞི་དང། ༨་མི་མཐུན་པའི་ཕྱོགས་སྤོང་བ། ༩་ཡོངས་སུ་གཏུགས་པ། ༡༠ ཤེས་རབ་དང་སྙིང་རྗེ་། ༡༡་ཡོན་ཏན་གྱི་རྟེན། ༡༢་ལྡེམ་པོར་དགོངས་པ་དང་། ༡༣་ཡེས་རྩོལ་བ་བཅས་བཅུ་གསུམ་མོ།། ས་མཚམས་ནི། ངེས་འབྱེད་ཡན་ལག་བཞིའི་ས་མཚམས་ནི། སྦྱོར་ལམ། མཐོང་ལམ་ནི།ས་དང་པོ། སྒོམ་ལམ། གཉེན་པོ་བཞི་ནི། བར་ཆད་མེད་པའི་ལམ། མི་མཐུན་པའི་ཕྱོགས་སྤོང་བ་ནི། རྣམ་གྲོལ་ལམ། ཡོངས་སུ་གཏུགས་པ་ནི། ས་གཉིས་པ་ནས་དྲུག་པའི་བར། ཤེས་རབ་དང་སྙིང་རྗེ་ནི། ས་བདུན་པ། ཡོན་ཏན་གྱི་རྟེན་ནི། དག་པ་ས་གསུམ། ལྡེམ་པོར་དགོངས་པ་ནི། སྲིད་པ་ཐ་མ་བ། ཡེ་ཤེས་རྩོལ་བ་ནི། རྒྱུན་མཐར་ཆོས་བཤེས་ཀྱིས་སོ།། 

༢༡༽ མཚོན་བྱ་དོན་གྱི་དགེ་བདུན་ཉི་ཤུ་ལེགས་པར་ངོས་བཟུང་ ?

ལན་ནི།   མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་ནི། ༡ དབང་པོ་རྟུལ་པོ་དད་པའི་རྗེས་སུ་འབྲང་བའི་མིང་ཅན།  ༢ རྣོན་པོ་ཆོས་ཀྱི་རྗེས་འབྲང=།  ༣ དད་པའི་མོས་པ=། ༤ མཐོང་བའི་ཐོབ་པ=།  ༥ རྒྱུན་ཞུགས་མིའི་རིགས་སྐྱེ=། ༦ ལྷའི་རིགས་སྐྱེ=། ༧ ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ=། ༨ ཕྱིར་མི་འོང་བར་འདའ=། ༩ སྐྱེ་འདའ=། ༡༠ མངོན་པར་འདུ་བྱེད་པ་དང་བཅས་ནས་འདའ་བ=། ༡༡ འདུ་བྱེད་མིན་པར་འདའ་བ=།  ༡༢ འཕར་བ=།  ༡༣ ཕྱེད་འཕར་བ=། ༡༤ ཐམས་ཅད་དུ་འཕར་བ=། ༡༥ སྲིད་རྩེ་མཐར་ཐུག་འགྲོ་བ=། ༡༦ གཟུགས་ཀྱི་ཆགས་བཅོམ =། ༡༧ མཐོང་ཆོས་ཞི་བ=།  ༡༨ ལུས་མངོན་བྱེད=། ༡༩ དགྲ་བཅོམ་ཞུགས་པའི་མིང་ཅན། ༢༠ བསེ་རུ་ལྟ་བུའི་མིང་ཅན་དང་ཉི་ཤུའོ།། དོགས་སེལ། ༼=༽ དེ་འདྲ་བའི་རྟགས་ཐམས་ཅད་ལ་༼མིང་ཅན༽ཞེས་པའི་ཚིག་སྦྱར་དགོས་པ་ཡིན་ལ།  མིང་ཅན་ཞེས་པ་ནི་རྗེས་སུ་མཐུན་ཞེས་པ་ལས་མིང་དངོས་མ་ཡིན་པར་གོ་དགོས་པ་ཡིན་ཏེ།  མིང་དངོས་ནི་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུའི་མིང་ཡིན་པས་འདིར་ནི་མིང་ཅན་ལས་མིང་དངོས་མ་ཡིན་པར་མཁྱེན་པར་མཛོད་། ཞེས་དགེ་འདུན་ཉི་ཤུ་དེ་ལྟར་འབྲང་པ་ཡང་གཞུང་ཚིག་དང་མཐུན་པར་འཕགས་པའི་བཞེས་པ་ཀུན་མཁྱེན་ཆེན་པོས་ཤེར་ཕྱིན་ལུང་ལ་འཇུག་པའི་སྒོར་གསུངས་པ་ལྟར་བྲིས་པ་ཡིན་ལ།  གཞན་དག་བཞེས་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང་དོན་ལ་འགལ་བ་མེད་དེ། དཔེར་ན་ས་དང་པོའི་རྗེས་ཐོབ་མཐོང་ལམ་དུ་བསྡུ་བ་དང་། སྒོམ་ལམ་དུ་བསྡུ་བ་ལྟ་བུ་ཡིན་ནོ་ཞེས་གསུངས་སོ།། 

༢༢༽ སྤྱིར་སྒྲུབ་པའི་ངོ་བོ་དང་སྒྲུབ་པའི་དབྱེ་བ་བྲིས ?

ལན་ནི།   སྤྱིར་སྒྲུབ་པའི་ངོ་བོ་ནི།  མཁྱེན་གསུམ་གྱི་ཡུལ་ལ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་ལེན་པའི་བྱ་བ་ཞིག་ལ་སྒྲུབ་པ་ཞེས་བྱའོ།།  འགྲེལ་པར། མཁྱེན་གསུམ་གྱི་ལམ་ལ་གོམས་པའི་མཐུ་མ་ཐོབ་པའི་ཕྱིར། དཀར་པོའི་ཆོས་སྤྱིའི་རྟེན་ཅན་སྒོ་དུ་མ་ནས་སྤྱོད་པའི་བྱ་བ་ནི་མཁྱེན་གསུམ་གྱི་ཡུལ་གྱི་སྒྲུབ་པའོ།། ཞེས་གསུངས། ཀུན་མཁྱེན་ཆེན་པོས་ནི།  གནས་རྩོམ་འབྱུང་བ་ཆེན་པོའི་བདག་ཉིད་ཅན་གྱི་ལེན་བཟོད་དོན་ཆེན་པོའི་བྱ་བ། བསྒྲུབ་པའི་མཚན་ཉིད་།  ཞེས་གསུངས་སོ།།  དེ་ལ་དབྱེ་ན།  གོ་སྒྲུབ། འཇུག་སྒྲུབ། ཚོགས་སྒྲུབ།  ངེས་འབྱུང་སྒྲུབ་པ་སྟེ་བཞིའོ།།

༢༣༽ ཕར་ཕྱིན་དྲུག་གི་རྣམ་བཞག་ལེགས་པར་བྲིས ?

ལན་ནི།  ཕར་ཕྱིན་དྲུག་གི་རྣམ་བཞག་བསྡུས་ཙམ་ཞུ་ན།  དེ་ཡང་ཕྱིན་དྲུག་གི་མཚན་ཉིད་།  གྲངས་ངེས། གོ་རིམས་ངེས་ཚུལ། འབྲས་བུ་དང་བཞི་ལས།  དང་པོ་ནི། གཏོང་བའི་སེམས་པ་ཆོས་བཞི་ལྡན། སྦྱིན་པའི་མཚན་ཉིད་།  དེ་བཞིན་དུ།  སྤོང་བའི་སེམས་དང་།  མི་འཁྲུག་པ་དང་།  དགེ་བ་ལ་སྤྲོ་བ་དང་། སེམས་རྩེ་གཅིག་པ་དང་། ཆོས་རབ་ཏུ་རྣམ་འབྱེད་ཆོས་བཞི་ལྡན་ནོ།། དེ་དག་རིམ་བཞིན་ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཀྱི་ཕར་ཕྱིན་གྱི་མཚན་ཉིད་དུ་སྦྱར་རོ།།  ཆོས་བཞི་ནི།  མི་མཐུན་པའི་ཕྱོགས་ཉམས་པ། རྣམ་པར་མི་རྟོག་པ་དང་ལྡན་པ།  རྫོགས་པར་བྱེད་པ། ཐེག་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་སྨིན་པར་བྱེད་པའོ།།  གཉིས་པ་གྲངས་ངེས་ནི།  བསླབ་གསུམ་ལ་ལྟོས་ཏེ་ཕྱིན་དྲུག་ཏུ་གྲངས་ངེས་པ་ཡིན་ཏེ།  རྒྱན་ལས།  བསླབ་གསུམ་དབང་དུ་མཛད་ནས་ནི།། རྒྱལ་བས་ཕ་རོལ་ཕྱིན་པ་དྲུག། ཡང་དག་བཤད་དེ་དང་པོ་གསུམ།། ཐ་མ་གཉིས་ཀྱིས་རྣམ་པ་གཉིས།། གཅིག་ནི་གསུམ་ཆར་ལ་ཡང་གཏོགས།། ཞེས་དང་པོ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཐ་མ་དང་པོས་བསམ་གཏན་གྱི་བསླབ་པ་དང་།  ཕྱི་མས་ཤེས་རབ་ཀྱི་བསླབ་པའོ།།  བརྩོན་འགྲུས་ནི་ཐམས་ཅད་དུ་གཏོགས་པ་ཡིན་ནོ།།  གསུམ་པ་གོ་རིམས་ངེས་ཚུལ་ནི།   དེ་ཡང་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ།། དམན་དང་མཆོག་ཏུ་གནས་ཕྱིར་དང་།། རགས་པ་དང་ནི་ཕྲ་བའི་ཕྱིར།། དེ་དག་རིམ་པར་བསྟན་པ་ཡིན།།  ཞེས་སྐྱེ་བའི་རིམ་པ་དང་མཆོག་དམན་རགས་པ་དང་ཕྲ་བའི་རིམ་པས་དེ་ལྟར་བཞག་པ་ཡིན་ནོ།།  བཞི་པ་འབྲས་བུ་ནི།  རིན་ཆེན་ཕྲེང་བ་ལས།  སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་།། བཟོད་པས་གདངས་ལྡན་བརྩོན་པས་བརྫིད།། བསམ་གཏན་གྱིས་ཞི་བློ་ཡིས་གྲོལ།།  ཞེས་གསུངས་པ་ལྟར་ཡིན་ནོ།།

༢༤༽ ས་དགུ་འདས་ནས་ཡེ་ཤེས་ནི། །ཞེས་པའི་སྐབས་ནས་བསྟན་པའི་ས་དགུ་ངོས་བཟུང་ནས་ས་བཅུ་པ་ལ་སངས་རྒྱས་ཀྱི་ས་ཞེས་བཞག་པའི་རྒྱུ་མཚན་བྲིས ?

 ལན་   ས་དགུ་འདས་ནས་ཡེེས་ནི།། ཞེས་པའི་སྐབས་ཀྱི་ས་དགུ་ནི་་རིགསདང་། བརྒྱད་པ་དང་། མཐོང་བ་དང་།བསྲབས་པ་དང་། འདོད་ཆགས་དང་བྲལ་བདང་། བྱས་པ་རྟོགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་རྣམས་དང་། བྱང་ཆུབ་སེམས་དཔའི་ས་དགུ་པོ་གཅིག་ཁོ་ན་སྟེ། ས་དགུའོ།།

ས་བཅུ་པ་ལ་སངས་རྒྱས་ཀྱི་ས་ཞེས་བཞག་པའི་རྒྱུ་མཚན་ནི་་་་་བྱམས་པའི་ཞལ་ལུང་དུ་་་་་རྒྱུའི་ས་རྣམས་ཀྱི་ཡོངས་སུ་སྦྱོང་བ་བསྟན་ནས་འབྲས་བུའི་ས་དེ་ཉིད་དུ་ཡོངས་སྦྱོང་མ་བཤད་པར་ས་ཐམས་ཅད་བསྡུ་བའི་སྒོ་ནས་ས་དགུ་འདས་ནས་ཡེེས་ནི་གང་གིས་ཐོབ་པ་དེ་སངས་རྒྱས་ཀྱི་སར་གནས་པ་ཞེས་བྱ་བ་ཡིན་ལ། ཡང་དག་པར་རྫོགས་པའི་སངས་རྒྱེས་ནི་མ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་ཤེས་པར་བྱ་བས་སོ།།

༢༥༽ གདམས་ངག་གི་སྐབས་སུ་མཐོང་ལམ་དང་སྒོམ་ལམ་ལ་གདམས་ཚུལ་བྲིས ?

ཞུ་ལན་ལ། དང་པོ་མཐོང་ལམ་ལ་གདམས་ཚུལ་ནི། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་ངོ་བོ་ཆོས་བཟོད་དང་ཆོས་ཤེས་གཉིས་ཀྱིས་འདོད་ཁམས་ལ་དམིགས་ཏེ་ས་ལ་ལྟ་བ་དང་འདྲ། རྗེས་བཟོད་དང་རྗེས་ཤེས་གཉིས་ཀྱིས་ནི་ཁམས་གོང་ལ་དམིགས་ཏེ་གནམ་ལ་ཡར་ལྟ་བ་དང་འདྲ་བས། གཅིག་གི་ཡུལ་གཅིག་གིས་མཐོང་བ་བཀག་ནས་རྣལ་འབྱོར་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པས། དཔེར་ན་སྒྱུ་མ་མཁན་བཞིན་དུ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཡུལ་ཅན་དེས་མཐོང་སྤང་དྲུངས་ཕྱུང་བའི་དོན་དུ་བསྒོམ་པར་བྱའོ་ཞེས་འདོམས་སོ།། གཉིས་པ་སྒོམ་ལམ་ལ་གདམས་ཚུལ་ནི། དཔེར་ན་འདུས་བྱས་ལམ་བདེན་དང་འདུས་མ་བྱས་འགོག་བདེན་དག་སྟོང་པ་ཉིད་དུ་ངོ་བོ་གཅིག་པ་ཉིད་ཀྱིས་དོན་དམ་པར་ཕན་ཚུན་ཐ་དད་པར་གདགས་མི་ནུས་པ་བཞིན། སྒོམ་པའི་ལམ་རྣམ་པར་བཞག་པ་ནི་བཏགས་པ་བ་ཡིན་གྱི་མཚན་ཉིད་པ་མ་ཡིན་ཏེ། ཇི་ལྟར་མཐོང་བའི་ལམ་གྱིས་མངོན་སུམ་དུ་བྱས་པའི་དངོས་པོ་དེ་ག་ལ་སྒོམ་ལམ་གྱིས་མངོན་དུ་ཕྱོངས་པར་བྱས་པས་དེ་གཉིས་ངོ་བོའི་སྒོ་ནས་ཐ་མི་དད་པའི་ཕྱིར་རོ། འོན་ཀྱང་རྟེན་འབྲེལ་སྒྱུ་མ་ཙམ་གྱིས་ཐ་དད་བྱས་ནས་སྒོམ་སྤང་དྲུངས་འབྱིན་པའི་དོན་དུ་བསྒོམ་པར་བྱའོ་ཞེས་འདོམས་སོ།།

༢༦༽ ཐེག་ཆེན་གྱི་སྦྱོར་ལམ་ཉན་ཐོས་ཀྱི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་ཚུལ་བྲིས ?

ལན།   ཐེག་ཆེན་སྦྱོར་ལམ་ནི་ཉན་ཐོས་སྦྱོར་ལམ་ལས་ཁྱད་པར་འཕགས་ཚུལ་ནི། རྩ་བ། དམིགས་པ་དང་ནི་རྣམ་པ་དང་།། རྒྱུ་དང་ཡོངས་སུ་འཛིན་པ་ཡིས།། ཞེས་པ་སྟེ། ཉན་རང་གི་སྦྱོར་ལམ་ནི་བདེན་པ་བཞི་ལ་དམིགས་པ་ཙམ་ཡིན་ལ། འདིས་ནི་བདེན་བཞིའི་སྟེང་གི་མི་རྟག་པ་སོགས་ལ་ཡང་དམིགས་པ་དང་། ཉན་རང་སྦྱོར་ལམ་ནི་མི་རྟག་སོགས་སུ་མངོན་པ་ཞེན་པའི་རྣམ་པ་ཅན་ཡིན་ལ། འདིས་ནི་མངོན་ཞེན་བཀག་པའི་རྣམ་པ་ཅན་དང་། ཉན་རང་སྦྱོར་ལམ་ནི་ཐེག་པ་གཅིག་དང་གཉིས་ཀྱི་རྟོགས་རིགས་རྒྱུ་ཙམ་ཡིན་ལ། འདིས་ནི་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཀྱི་རྒྱུ་ཡིན་པ་དང་། ཉན་རང་སྦྱོར་ལམ་ནི་ཕྱི་ནང་ཡོངས་འཛིན་གཉིས་དང་བྲས་བས་ཐེག་དམན་དུ་ལྟུང་བ་བ་ཡིན་ལ། འདི་ནི་ཕྱི་ནང་གི་ཡོངས་འཛིན་གཉིས་ཀྱིས་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པ་ཡིན་སྟེ། ཁྱད་ཆོས་བཞིས་ཁྱད་པར་དུ་འཕགས་སོ།།

༢༧༽ འཇུག་སྒྲུབ་ཀྱི་འཇུག་ཡུལ་ཐེག་ཆེན་གྱི་མཚན་ཉིད་དང་དབྱེ་བ་བཅས་བྲིས ?

ལན།   འཇུག་ཡུལ་ཐེག་ཆེན་གྱི་མཚན་ཉིད་ནི། བགྲོད་པ་གང་ཞིག་ཆེན་པོ་བདུན་ལྡན་ནོ། དབྱེ་བ་ནི། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་ལྡང་བའི་འཇུག་པ། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ། འཕགས་པའི་ལམ་གྱི་འཇག་པ་དང་། བྱམས་པ་ལ་སོགས་ཚད་མེད་པའི་འཇུག་པ། དམིགས་པ་མེད་པ་དང་ལྡན་པའི་འཇུག་་པ་དང་། འཁོར་གསུམ་རྣམ་པ་དག་པའི་འཇུག་པ། ཆེད་དུ་བྱ་བའི་འཇུག་པ། མངོན་ཤེས་དྲུག་གི་འཇུག་པ། རྣམ་པ་ཀུན་མཁྱེན་པའི་ཚུལ་ལ་ནི་འཇུག་པ་དང་དགུའོ།།  

༢༨༽ བྱམས་སོགས་ཚད་མེད་བཞིའི་རྣམ་པར་བཞག་ཚུལ་བྲིས ?

ལན།   ཚད་མེད་བཞིའི་རྣམ་པ་བཞག་ཚུལ་ནི། ངེས་ཚིག་ནི། སེམས་ཅན་ཚད་མེད་པ་ལ་དམིགས་པས་ཚད་མེད། ཚོགས་ཚད་མེད་པའི་རྒྱུར་རྒྱུར་པས་སམ། ཆོས་ཚད་མེད་པ་ཐོབ་པའི་རྒྱུར་རྒྱུར་པས་སམ། ཡེ་ཤེས་ཚད་མེད་པའི་སྤྱོད་པ་ཡུལ་དུ་གྱུར་པའི་ཕྱིར་རོ།། རྒྱུ་ནི། ཀུན་བཏུས་སུ། དག་པའི་བསམ་གཏན་བཞི་ལ་གཏན་བརྟེན་ནས་ཚད་མེད་པ་རྣམས་མངོན་པར་འགྲུབ་བོ་ཞེས་སོ།། ངོ་བོ་ནི། བྱང་ཆུབ་སེམས་དཔའི་ཚད་མེད་ནི། མི་མཐུན་ཕྱོགས་སྤང་པ། གཉེན་པོ་ཁྱད་པར་དང་ལྡན་པ། དམིགས་པ་རྣམ་པ་གསུམ་ལ་འཇུག་པ། ལས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བཞི་ལྡན་ནོ།། དབྱེ་བ་ནི། སེམས་ཅན་ལ་དམིགས་པའི་བྱམས་པ། ཆོས་ལ་དམིགས་པའི་བྱམས་པ། དམིགས་པའི་བྱམས་པ། དམིགས་པ་མེད་པའི་བྱམས་པའོ།། དེ་བཞིན་ཚད་མེད་ལྷག་མ་གསུམ་ལའང་རིགས་འགྲེའོ།། མཐར་ཐུག་འབྲས་བུ་ནི། རྣམ་མཁྱེན་ཡེ་ཤེས་སོ།། 

༢༩༽ སའི་རྣམ་པར་བཞག་ཚུལ་ལེགས་པར་བྲིས ?

ལན། སའི་རྣམ་བཞག་ནི། ངེས་ཚིག་ནི། ས་སྤྱིིའི་ངེས་ཚིག་ནི། འབྱུང་པོ་དཔག་མེད་འཇིག་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་ས་འདོད་དོ། །ཞེས་སོ། ། སའི་དབྱེ་བ་ནི། ས་དང་པོ་རབ་ཏུ་དགའ་བ་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་རོ། །སའི་རང་བཞིན་ནི། ཡེ་ཤེས་འཇིག་རྟེན་ལས་འདས་པའི་ངོ་བོ་ཉིད་དོ། །ས་གང་ལ་ཆོས་ཤས་ཆེ་ཆུང་ནི། ས་དང་པོ་ནས་ས་བཅུ་པའི་བར་ཕར་ཕྱིན་བཅུ་རིམ་བཞིན་ལྡན་པ་དང་། ཡང་ན་ས་འདིའི་ཡོངས་སྦྱོང་རིམ་བཞིན་ནོ། །ལུས་ཡོངས་སུ་འཛིན་པ་ནི། འཛམ་བུ་གླིང་གི་རྒྱ་ལ་པོ་དང་། འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་། ལྷའི་དབང་པོ་བརྒྱ་བྱིན་ཉིད་ལ་སོགས་པའོ། །རྐུན་རྫོབ་ཀྱི་ཡེ་ཤེས་ནི། ས་དང་པོ་ལ་དུས་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱའི་ཤལ་མཐོང་བ་དང་། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱའི་ཞིང་བརྒྱ་བསྐྱོད་པ་ལ་སོགས་པའོ། དེ་བཞིན་ས་གཉིས་སོགས་ལ་གྲངས་སྟོང་སོགས་ལྡན་པའོ། །མི་མཐུན་ཕྱོགས་ནི། ཐུན་མོང་ཉིད་དུ་གཟུང་འཛིན་གྱི་རྣམ་རྟོག་བཞི་བརྒྱ་རྩ་བརྒྱད་དུ་གྱུར་པ་རྣམས་སོ། །འབྲས་བུ་ནི། ས་ཕྱི་མ་གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཅེས་སོ། །

༣༠༽ རྒྱུ་དང་ཡོངས་སུ་འཛིན་པ་དང་། ཞེས་པའི་སྐབས་ནས་བསྟན་པའི་ཡོངས་འཛིན་དེ་ལ་ཁྱད་ཆོས་ཇི་ལྟར་དགོས ?

དེ་སྐབས་ཀྱི་ཡོངས་འཛིན་ནི་ཁྱད་པར་གཉིས་ལྡན་པའི་དགེ་བའི་བཤེས་གཉེན་ནོ།། དེ་ཡང་ཤེར་ཕྱིན་ལུང་ལ་འཇུག་པའི་སྒོ་ལས། དེ་དག་ཏུ་ཡོངས་སུ་འཛིན་པའི་ཁྱད་པར་ནི་གཉིས་ཏེ། ཐབས་མཁས་པ་དགེ་བའི་བཤེས་གཉེན། དེ་ལས་བཟློག་པའི་ཆོས་དང་གཏན་བྲལ་བའོ།། ཞེས་གསུངས་པའི་ཕྱིར་རོ།། ཁྱད་པར་གཉིས་ཀྱང་ ཐབས་ལ་མཁས་པ་དང་མི་མཐུན་ཕྱོགས་དང་བྲལ་བ་གཉིས་ཡིན་ནོ།།

དང་པོ་ཐབས་ལ་མཁས་ཚུལ་ནི། སེམས་དཔའ་མི་འགོང་བ་ཉིད་དང་མི་སྐྲག་པས་འདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་བྱེད་པའོ།། གཉིས་པ་མི་མཐུན་པའི་ཕྱོགས་སྤོང་ཚུལ་ནི།བདུད་ཀྱི་ལས་དང་ཉན་ཐོས་ལ་སོགས་པའི་མདོ་དང་བསླུ་བ་ཉེ་བར་སྟོན་པ་རྣམས་ལ་འདི་དག་བདུད་ཀྱི་ལས་ཡིན་པར་མི་སྟོན་པ་ལ་སོགས་པ་སྤངས་པའོ།།

བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,12,དྲིས་ལན་སྣ་ཚོགས།,8,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,9,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,7,མཛོད་ཀྱི་དཔེ་ཁྲིད།,84,ཤེར་ཕྱིན་གྱི་དཔེ་ཁྲིད།,2,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: ཤེར་ཕྱིན་གྱི་དྲིས་ལན་ཕྱོགས་བསྒྲིགས།
ཤེར་ཕྱིན་གྱི་དྲིས་ལན་ཕྱོགས་བསྒྲིགས།
https://blogger.googleusercontent.com/img/b/R29vZ2xl/AVvXsEjrZLQJfOOjXMvGXvGF9HYzDr889xKXWtO36zPbmRSzujF_DmEZXo7i-0aFOBYFU0pfivLTkUC-IbW_gWdZonnCqWO1ofCO6L5AyUgJlMK8ZiWPJvRI-613Wgs99xnCq3y3JRrNy6RMlrs8EJx1koupyU0u7qzwvBbHV31PFmuoIPyN62nKwdbd3RKr/w301-h400/hrsh-15702-maitreya-buddha-tibetan-hand-painted-buddhist-thangka-real-gold-traditional-color.jpeg
https://blogger.googleusercontent.com/img/b/R29vZ2xl/AVvXsEjrZLQJfOOjXMvGXvGF9HYzDr889xKXWtO36zPbmRSzujF_DmEZXo7i-0aFOBYFU0pfivLTkUC-IbW_gWdZonnCqWO1ofCO6L5AyUgJlMK8ZiWPJvRI-613Wgs99xnCq3y3JRrNy6RMlrs8EJx1koupyU0u7qzwvBbHV31PFmuoIPyN62nKwdbd3RKr/s72-w301-c-h400/hrsh-15702-maitreya-buddha-tibetan-hand-painted-buddhist-thangka-real-gold-traditional-color.jpeg
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2022/04/blog-post_25.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2022/04/blog-post_25.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content