ཤེས་བྱ་མ་ལུས་མཁྱེན་ཞིང་ཁོང་ཡངས་པའི། །བརྩེ་བས་སྐྱ་དགུའི་མ་རིག་མུན་པའི་ཚོགས། ། སེལ་བར་བྱེད་ནས་ཤེས་རབ་ཀུན་སྟེར་བའི། །ལྷག་པའི་ལྷ་མཆོག་རྗེས་འ...
ཤེས་བྱ་མ་ལུས་མཁྱེན་ཞིང་ཁོང་ཡངས་པའི།
།བརྩེ་བས་སྐྱ་དགུའི་མ་རིག་མུན་པའི་ཚོགས། །
སེལ་བར་བྱེད་ནས་ཤེས་རབ་ཀུན་སྟེར་བའི།
།ལྷག་པའི་ལྷ་མཆོག་རྗེས་འཇུག་རྣམས་འདུད། །
ཅེས་མཆོད་པར་བརྗོད་པའི་ལེགས་ཚིག་བརྗོད་ནས་ཚད་མ་རིགས་པའི་གཞུང་ལ་རང་བློས་གང་ཤེས་དཔྱད་པ་ཅུང་ཟད་སྤྲོ་བར་བྱ་ན།
དེ་ལ་ཕྱོགས་སྒྲ་འཇུག་པའི་ཡུལ་གསུམ་ལས།
དང་པོ་ཤེས་འདོད་ཆོས་ཅན་ལ་འཇུག་ཚུལ་ནི། ཚད་མ་རིགས་གཏེར་ལས། དེ་ཡི་ཕྱོགས་རེས་ཟིན་པའི་ཕྱིར། །ཡ་གྱལ་གཉིས་ལ་བཏགས་ནས་འཇུག །ཅེས་གསུངས་པ་ལྟར། ཤེས་འདོད་ཆོས་ཅན་ཡ་གྱལ་ལ་བཏགས་མིང་གི་སྒོ་ནས་འཇུག་པ་ཡིན་ལ།
ཤེས་འདོད་ཆོས་ཅན་ཡ་གྱལ་ལ་ཕྱོགས་སྒྲ་གཟུང་དགོས་པའི་རྒྱ་མཚན་ཡང་རྟགས་ཚུལ་དང་པོ་གཏན་འབེབས་ཀྱི་སྐབས་སུ་རྟགས་དེ་ཕྱོགས་ཀྱི་ཆོས་སུ་སྒྲབ་པ་ཚུལ་དང་པོ་ཞེས་མ་བརྗོད་པར་ཤེས་འདོད་ཆོས་ཅན་སྟེང་དུ་གྲུབ་པ་ཚུལ་དང་པོ་ཞེས་བརྗོད་ན་ཆོས་ཅན་ལ་མཐུན་དཔེའི་ཆོས་ཅན་དང་མི་མཐུན་དཔེའི་ཆོས་ཅན་སོ་སོ་ཡོད་པ་ལས་རྟགས་དེ་མཐུན་དཔེའི་ཆོས་ཅན་གྱི་ཆོས་སུ་གྲུབ་པ་ཡང་ཚུལ་དང་པོ་ཡིན་ནམ་སྙམ་ལོག་རྟོག་སྐྱས་སྲིད་ལ་དེ་བསལ་བའི་ཕྱིར་གསུངས་པ་ཡིན་ཏེ།
ཚད་མ་རིགས་གཏེར་ལས།
ཆོས་ཅན་བརྗོད་ན་འཁྲུལ་གཞི་ཡོད།
།མཐའ་རྣམས་བཀག་ན་ཡུན་རིངའ་གོར། །
དངོས་མིང་བརྗོད་ན་སྡེབ་སྦྱར་ཉམས།
།བདེ་བླག་རྟོགས་ཕྱིར་ཕྱོགས་ཞེས་གསུངས། །
ཅེས་གསུངས་སོ།།
གཉིས་པ་བསྒྲུབ་བྱའི་ཆོས་ལ་ཕྱོགས་སྒྲ་འཇུག་ཚུལ་ནི།
བསྒྲུབ་བྱའི་ཆོས་ཡ་གྱལ་ལ་ཕྱོགས་སྒྲ་བཏགས་མིང་གི་སྒོ་ནསའཇུག་པ་ཡིན་ཏེ།
ཚད་མ་རིགས་གཏེར་ལས།
ཕྱོགས་ནི་ཆོས་དང་ཆོས་ཅན་གྱི།
།ཚོགས་པ་བརྗོདལ་དངོས་མིང་ཡིན། །
དེ་ཡི་ཕྱོགས་རེས་ཟིན་པའི་ཕྱིར།
།ཡ་གྱལ་གཉིས་ལ་བཏགས་ནས་འཇུག །
ཅེས་གསུངས་སོ།
།
བསྒྲུབ་བྱའི་ཆོས་ལ་ཕྱོགས་སྒྲ་འཇུག་པའི་རྒྱུ་མཚན་ནི།
དཔེར་ན་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ཞེསཔའི་སྐབས་རྟགས་བྱས་པ་དེ་ཁྱབ་བྱའི་ཡུལ་ངོས་འཛིན་པའི་ཕྱིར་ཕྱོགས་ཅེས་གདགས་པ་ཡིན་ཏེ།
།ཚད་མ་རྣམ་འགྲེལ་ལས།
གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ།
།བསྒྲུབ་བྱ་མེད་ན་མེད་པ་ཉིད། །
ཅེས་གསུངས་སོ། །
གསུམ་པ་ཚོགས་དོན་དུ་འཇུག་ཚུལ་ནི།
ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་གཉིས་ཀྱི་ཚོགས་དོན་ལ་དངོས་མིང་དུ་འཇུག་སྟེ།
། ཚད་མ་རིགས་གཏེར་ལས།
ཕྱོགས་ནི་ཆོས་དངཆོས་ཅན་གྱི།
།ཚོགས་པ་བརྗོད་ལ་དངོས་མིང་ཡིན། །
ཞེས་གསུངས་སོ།
།
ཁ་ཅིག་གིས་ནི་ཚོགས་དོན་ཡིན་ན་དངོས་པོ་ཡིན་དགོས་པ་འདོད་པ་ནི་འཐད་པ་མ་ཡིན་པ་ཉིད་དུ་བདག་རང་ཉིད་ཀྱིས་བསམ་སྟེ།
དཔེར་ན་ནམ་མཁའ་ཆོས་ཅན། རྟག་པ་ཡིན་སྟེ། སྐད་ཅིག་མ་མ་ཡིན་པའི་ཕྱིར།
ཞེས་བརྗོད་པའི་སྐབས་སུ་ཤེས་འདོད་ཆོས་ཅན་ནམ་མཁའ་དང་བསྒྲུབ་བྱའི་ཆོས་རྟག་པ་གཉིས་ཚོགས་དོན་ཡིན་ཡང་མ་ཡིན་པ་ཉིད་དུ་ཐལ་ཏེ།
དེ་གཉིས་དངོས་པོ་མ་ཡིན་པ་དངོས་མེད་ཡིན་པའི་ཕྱིར་རོ། །རྒྱ་མཚན་དེའི་ཕྱིར་ཚོགས་དོན་ཡིན་ན་དངོས་པོ་དང་དངོས་མེད་གཉིས་ཀ་འཐད་པ་ཡིན་ནོ།།
ཚད་མའི་གཞུང་འདི་ཉིད་ལུང་མང་ལ་གནད་ཀ་ཤིན་ཏུ་ཟབ་པ་དེ་རྨོངས་པ་རང་ཉིད་ཀྱི་བློ་ལ་འཆར་ཚུལ་ལྟར་གཞུང་འདི་ཉིད་ལ་བག་ཆགས་འཇོག་པའི་ཕྱིར་དུ་མདོར་ཙམ་བཀོད་པ་ལགས་སོ།།
བསྔོ་བ།
དེ་ལྟར་གང་ཤེས་བྲིས་པའི་དགེ།
།རང་རྒྱད་ལོག་རྟོག་རབ་ཞི་ནས། །
ཚད་མའི་གཞུང་གི་གལ་གནད་རྣམས།
།རྟག་ཏུ་རྒྱད་ལ་འཇུག་པར་སྨོན། །
བསམ་འཆར།