མདོ་སྔགས་སྡེ་ཚན།

                           བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། མངོན་པའི་སྡེ་བདུན་གཅིག་ཏུ་འདྲིལ་བ་ཡི།། མངོན་པར་མཛོད་དེ་དགོངས་པ་ག...

                          

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།

མངོན་པའི་སྡེ་བདུན་གཅིག་ཏུ་འདྲིལ་བ་ཡི།།

མངོན་པར་མཛོད་དེ་དགོངས་པ་གསལ་བྱེད་པའི།།

སློབ་དཔོན་དབྱིག་གཉེན་གང་ལ་ཕྱག་འཚལ་ནས།།

མཆོད་བརྗོད་གང་ལ་དཔྱད་པ་བརྩམ་པར་བྱ།།

 

ཞེས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བའི་ལེགས་ཚིག་སྔོན་དུ་འཐོར་ནས་དེ་ལ་ཡང་། དཔྱད་པར་བྱ་བའི་གཞུང་དང་།  བསྔོ་བས་རྒྱས་འདེབས་པ་ལས།  དང་པོ་ནི། མངོན་པར་མཛོད་ཀྱི་མཆོད་བརྗོད་སྟེ། དེ་ལ་དགོས་དོན།  བསྡུས་དོན། ཚིག་དོན་ཏེ་གསུམ་ལས། དང་པོ་ནི།

 

གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་།།

འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ།།

དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས།།

 

ཞེས་སོགས་མཆོད་བརྗོད་ཚིག་རྐང་གསུམ་པ་འདིས་དགོས་པ་བསྟན་པ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་དགོས་པ་ལས།  དང་པོ་ལ་གསུམ་ཏེ། སྟོན་པའི་ཆེ་བ་བརྗོད་པ་དང་། བསོད་ནམས་འཕེལ་བ་དང་། དམ་པའི་སྤྱད་པ་སྟོན་པ་དང་གསུམ་ལས། དང་པོ་ནི།

 

གང་ཞིག་ཀུན་ལ་སོགས་ཚིག་རྐང་གཅིག་འདིས། རང་དོན་ལ་སྤངས་རྟོགས་ཕུན་སུམ་ཚོགས་པ་བསྟན་པ་དང་། འཁོར་བའི་འདམ་ལས་སོགས་ཚིག་རྐང་བར་པ་གཅིག་འདིས་ གཞན་དོན་ཕྲིན་ལས་ཕུན་སུམ་ཚོགས་པ་བསྟན་པ་དང་།

 

གཉིས་པ་བསོད་ནམས་འཕེལ་བ་ནི། སྟོན་པ་གང་ལ་སློབ་དཔོན་དབྱིག་གཉེན་གྱིས་མཆོད་པར་བརྗོད་པ་དང་བསྟོད་པ་དང་ཕྱག་འཚལ་བ་དང་གདུལ་བྱ་རྣམས་ཀྱིས་གཞུང་འདི་ལ་ཐོས་བསམ་བྱེད་པ་དང་དད་གུས་སོགས་བྱེད་པ་ལས་བསོད་ནམས་འཕེལ་བ་དང་།  

 

གསུམ་པ་དམ་པའི་སྤྱད་པ་དང་མཐུན་པར་ནི། སློབ་དཔོན་དབྱིག་གཉེན་རང་ཉིད་སྐྱས་བུ་དམ་པའི་སྤྱད་པ་རྟོགས་པ་སོགས་ཀྱི་ཆེད་དུ་གཞུང་རྩོམ་པའི་སྔ་རོལ་དུ་ཡུལ་གོང་མ་ལ་མཆོད་པར་བརྗོད་ནས་བསྟན་བཅོས་འདི་བརྩམ་པ་ལ་རྩོམ་པ་མཐར་ཕྱིན་པ་དང་། དེ་ལ་བར་ཆད་མེད་པ་དང་། གདུལ་བྱའི་གུས་ལ་བསོད་ནམས་ཀྱི་ཚོགས་རྫོགས་པ་སོགས་དམ་པའི་སྤྱད་པ་དང་མཐུན་པ་ཡོད་དོ།།

 

གཉིས་པ་བསྡུས་དོན་ནི། གཞུང་གང་ཞིག་ཀུན་ལ་སོགས་ཚིག་རྐང་གསུམ་འདིས་སྟོན་པ་ལ་མཆོད་པར་བརྗོད་པ་སྟོན་པ་ཡིན་ནོ།།

 

གསུམ་པ་ཚིག་དོན་ནི། དེ་ཡང་གང་ཞེས་པ་ནི་སྤྱའི་སྒྲ་ཡིན་ཀྱང་དེ་ལ་བྱེ་བྲག་ལ་འཇུག་པའི་རྒྱ་སྐབས་དང་། ཤུགས་དང་། ལྡན་བྲལ་དང་། ཁྱད་པར་གྱི་སྒྲ་དང་སྦྱར་བ་བཞི་ལས་འདིར་ནི་ཁྱད་པར་གྱི་སྒྲ་སྦྱར་བས་སངས་རྒྱས་སུ་ཤེས་ཏེ་དེ་ཡང་སྤྱར་སངས་རྒྱས་ཞེས་པའང་སྐུ་གསུམ་ལ་འཇུག་སྟེ་འདིར་སངས་རྒྱས་ཞེས་པ་འདི་གང་ལ་འཇོག་ན་སངས་རྒྱས་ཆོས་སྐུ་ལ་གོ་དགོས་ཏེ་མཁན་ཀུན་དགའ་དབང་ཕྱུག་གིས་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་འཇོག་འདུག་པས་དེ་ལྟར་ཡིན་ན་ཉན་ཐོས་ཀྱི་ལུགས་ལ་གཟུགས་སྐུ་སངས་རྒྱས་སུ་མི་འདོད་པས་ཅིའི་ཕྱིར་ན་ཉན་ཐོས་སྡེ་པ་དག་ནི་འཕགས་པ་གང་རྒྱ་ལས་དང་ཉོན་མོངས་པས་བསྡུས་པའི་ཀུན་འབྱུང་གི་བདེན་པ་སྤངས་པའི་སོ་སོར་བརྟགས་འགོག་ཐོབ་ཅིང་མངོན་དུ་བྱས་ལ་འབྲས་བུ་སྡུག་བསྔལ་སྤངས་པའི་འགོག་པ་མངོན་དུ་མ་བྱས་པ་ནི་ལྷག་བཅས་ཏེ།  སངས་རྒྱས་བཅོམ་ལྡན་འདས་ཀྱང་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་དང་།  སྐུ་རོ་རྒྱབ་བསྙུང་བ་དང་།  ལྷས་བྱིན་གྱིས་འཁྲུལ་འཁོར་གྱི་སྒྱགས་ཀྱི་ཆ་ཤས་ཕོག་པས་སྐུ་མཚལ་ཕྱུང་བ་ལ་སོགས་པ་སྡུག་བསྔལ་གྱི་སྡུག་བསྔལ་དང་བཅས་པར་མདོ་སྡེ་དེ་དག་ལས་འབྱུང་བ་སོགས་མཐོང་བ་སྟེ།   ཉན་ཐོས་རྣམས་ཀྱིས་གཟུགས་སྐུ་གཉིས་ལ་ལྷག་བཅས་དང་ཆོས་སྐུ་ལ་ལྷག་མེད་ཀྱི་ཐ་སྙད་འཇོག་སྟེ།   ཇི་སྐད་དུ།  ཕུང་པོར་བཅས་པའི་མྱ་ངན་འདས།།ཐུབ་སྐུ་གཉིས་ལ་བཞག་པ་ཡིན།།ཕུང་པོ་ཀུན་དང་བྲལ་བའི་ཕྱིར།།ཆོས་ཀྱི་སྐུ་ལ་ཕུང་པོ་མེད།།ཅེས་གསུངས་པ་བཞིན་ནོ།།  དེ་བས་ན་གང་མངོན་པའི་གཞུང་ལ་ཡིད་ཆེ་ཡོད་པ་ནི་འདིའི་མཆོད་བརྗོད་ཀྱི་ཡུལ་ལའང་ཡིད་ཆེ་དགོས་ཏེ། སློབ་དཔོན་དབྱིག་གཉེན་གྱིས་ཆོས་ཅན། མཆོད་བརྗོད་ཀྱི་ཡུལ་སངས་རྒྱས་གཟུགས་སྐུ་འཇོག་པ་ལ་དགོས་པ་དང་ཡིད་ཆེ་མེད་པར་ཐལ།  གཞུང་འདི་ལ་དོན་གཉེར་ཅན་གྱི་ཐེག་པ་དམན་པ་རྣམས་ཀྱིས་སངས་རྒྱས་ཤཱཀྱ་ཐུབ་པའི་གཟུགས་ཕུང་འདི་སྡུག་ལྡན་གྱི་ཕུང་པོ་ལྡན་པའི་ཕྱིར་ཞེས་འདོད་པའི་ཕྱིར་ཏེ། གང་སྡུག་ལྡན་གྱི་ཕུང་པོ་ལྡན་པ་ཡིན་ན་མུན་པ་གཏན་ནས་བཅོམ་པ་ཡིན་པས་མ་ཁྱབ་སྟེ།  ཉན་ཐོས་ལ་གདམས་པའི་མདོ་ལས་ཀྱང་། ཇི་སྲིད་ཕུང་པོ་འཛིན་ཡོད་པ།། དེ་སྲིད་དེ་ལ་ངར་འཛིན་ཡོད།།ཞེས་སོགས་གསུངས་པའི་ཕྱིར་རོ།། དེ་བས་ན་ད་ལྟར་མངོན་པའི་གཞུང་ལས་སྟོན་པའི་སྟོན་པ་ཞེས་པའང་སངས་རྒྱས་མི་སློབ་པའི་ཐུགས་སམ་མཁྱེན་པ་ལ་གོ་དགོས་མཁྱེན་པ་ཞེས་པའང་ཕུང་ཁམས་སྐྱ་མཆེད་སོགས་ཀྱི་གནས་ལུགས་ཀྱི་ཤེས་བྱ་ཀུན་ལ་མུན་པ་མ་ལུས་པ་གཏན་ནས་སམ་ཡེ་ནས་བཅོམ་ཟིན་པའི་མཁྱེན་པའམ་བློ་ལ་དགོངས་པ་ཡིན་ནོ།།

 

སྤྱར་མུན་པ་ཞེས་པའི་སྐབས་སུ་མུན་པའི་མཚན་ཉིད་ནི། འགྲེལ་པ་ལས།  མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་བགེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ།   དེ་ལ་དབྱེ་ན་གཉིས་ཏེ། ཉོན་མོངས་པ་ཅན་གྱི་མུན་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མུན་པའོ། དང་པོ་ལ་དབྱེ་ན་གཉིས་ཏེ།བདག་དང་བདག་གིར་ལྟ་བའི་བློའོ། གཉིས་པ་ལ་དབྱེ་ན་བཞི་སྟེ། སངས་རྒྱས་ཀྱི་ཆོས་མི་ཤེས་པ།  ཡུལ་བསྐལ་པ་མི་ཤེས་པ། དུས་བསྐལ་པ་མི་ཤེས་པ། དོན་གྱི་དབྱེ་བ་མཐའ་ཡས་པ་མི་ཤེས་པའོ།། ཡང་དག་པའི་དོན་མཐོང་བ་ཞེས་པའི་སྐབས་སུ་ཡང་དག་པའི་དོན་ནི་གང་ཞེ་ན། བདེན་པ་བཞིའི་དོན་མཐོང་བ་ལ་གོ་དགོས་པ་དང་། གཏན་བཅོམ་ཞེས་པ་ནི།

 

དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཉེན་པོ་བརྙེས་ནས་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་གཏན་ནས་བཅོམ་པའམ་ཡེ་ནས་བཅོམ་པ་ཞེས་བྱ་ལ།  ཉོན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཉོན་མོངས་པ་ཅན་གྱི་མུན་པ་ཙམ་ལས་གཞན་མ་བཅོམ་པར་བསྟན་ཏེ། སངས་རྒྱས་ཀྱི་ཆོས་དང་ཡུལ་དང་དུས་ཤིན་ཏུ་བསྐལ་པ་དང་དོན་རབ་ཏུ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ།།  ད་ནི་འཁོར་བའི་འདམ་ལས་འགྲོ་བ་སོགས་ཚིག་རྐང་བར་མ་འདི་ཕྲིན་ལས་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་འགྲོ་བ་སེམས་ཅན་རྣམས་འཁོར་བ་ལ་ཆགས་ཞིང་ཞེན་པའི་དབང་གིས་འཁོར་བའི་ཕ་རོལ་ཏུ་བརྒལ་བར་དཀའ་བ་ལྟ་བུ་གྱུར་པའི་ཕྱིར་འཁོར་བའི་འདམ་ཞེས་འདམ་རྫབ་དང་ཆོས་མཚུངས་པར་བསྟན་ནས་འགྲོ་བ་རྣམས་ལ་དམ་པའི་ཆོས་ཀྱི་ཐག་པའི་སྒོ་ནས་འགྲོ་བ་རྣམས་དྲངས་པར་མཛད་པ་ཡིན་ཏེ།  དེ་ཡང་ཁྱབ་འཇུག་ཀྱི་རྫུ་འཕྲུལ་དང་དབང་ཕྱུག་གིས་དམ་པ་སྦྱན་པའི་མཐུ་ལྟ་བུ་དེ་འདྲ་མ་ཡིན་པར་སངས་རྒྱས་ཀྱིས་བདེན་པ་བཞིའི་དོན་ཇི་ལྟ་བ་བཞིན་དུ་སྟོན་པའི་སྒོ་ནས་འགྲོ་བ་དྲངས་པར་མཛད་པ་དེ་ལ་སློབ་དབྱིག་གཉེན་རང་གིས་སྒོ་གསུམ་གུས་པའི་སྒོ་ནས་བསྟན་བཅོས་རྩོམ་པ་ལ་བར་ཆད་མེད་པ་དང་། རྩོམ་པ་མཐར་ཕྱིན་པ་དང་། གདུལ་བྱ་སློབ་མ་རྣམས་ཀྱིས་འཆད་ཉན་མཛད་ནས་རྒྱད་ལ་བསོད་ནམས་རྫོགས་པ་སོགས་དེ་འདྲར་འགྱུར་བའི་དགོངས་པ་ལ་གཟིགས་ནས་ཕྱག་འཚལ་བ་ཡིན་ནོ།། 

 

 

གཉིས་པ་བསྔོ་བས་རྒྱས་འདེབས་པ་ནི།

 

དེ་ལྟར་རྩོམ་པའི་དགེ་བ་འདིས།།

ཐེག་དམན་གཞུང་ལ་མངོན་གྱུར་ནས།།

འཇིག་རྟེན་རྨོངས་པའི་ཡུལ་ཁམས་སུ།།

ལུང་རྟོགས་བསྟན་པ་རྒྱས་པར་ཤོག།     །།

 

 

མདོ་སྔགས་སྡེ་ཚན།

 

ལྷག་པ་ཚེ་རིང་།

སངས་རྒྱས།

ཟླ་བ་ཚེ་རིང་།

མགོན་པོ་རྒྱལ་མཚན།

 

བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,12,དྲིས་ལན་སྣ་ཚོགས།,8,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,9,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,7,མཛོད་ཀྱི་དཔེ་ཁྲིད།,84,ཤེར་ཕྱིན་གྱི་དཔེ་ཁྲིད།,2,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: མདོ་སྔགས་སྡེ་ཚན།
མདོ་སྔགས་སྡེ་ཚན།
https://blogger.googleusercontent.com/img/b/R29vZ2xl/AVvXsEjAh5QJoR2cRq8GWXx78LM7XqoDuhTPu2F80LzMOy_hMvjyiER-d-7T0B2ZjWvKNqbKaikW54Ngj5Acn1IUBfv6kw9Cm-iZTLOOLO0EogXp2go4KKL90VcETwPqYAk9rhgwIEDo7p2KakbWH-q1f9uwf6k65gy5qYZPKobSY7EUCh772TjmuThHcwR7/w355-h494/%E0%BD%A6%E0%BE%B3%E0%BD%BC%E0%BD%96%E0%BC%8B%E0%BD%91%E0%BD%94%E0%BD%BC%E0%BD%93%E0%BC%8B%E0%BD%91%E0%BD%96%E0%BE%B1%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%89%E0%BD%BA%E0%BD%93%E0%BC%8D.png
https://blogger.googleusercontent.com/img/b/R29vZ2xl/AVvXsEjAh5QJoR2cRq8GWXx78LM7XqoDuhTPu2F80LzMOy_hMvjyiER-d-7T0B2ZjWvKNqbKaikW54Ngj5Acn1IUBfv6kw9Cm-iZTLOOLO0EogXp2go4KKL90VcETwPqYAk9rhgwIEDo7p2KakbWH-q1f9uwf6k65gy5qYZPKobSY7EUCh772TjmuThHcwR7/s72-w355-c-h494/%E0%BD%A6%E0%BE%B3%E0%BD%BC%E0%BD%96%E0%BC%8B%E0%BD%91%E0%BD%94%E0%BD%BC%E0%BD%93%E0%BC%8B%E0%BD%91%E0%BD%96%E0%BE%B1%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%89%E0%BD%BA%E0%BD%93%E0%BC%8D.png
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2022/04/blog-post_66.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2022/04/blog-post_66.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content