གསང་འཁོར་མཐོ་རིམ་བཤད་གྲྭའི་མཁན་སློབ་དགེ་འདུན་པ། ཐམས་ཅད་མཁྱེན་པའི་གཞུང་བཟང་ཆུ་གཏེར་ནི། །རེ་ཞིག་བྱིས་བློས་དཔོག་པར་མི་ནུས་ཀྱང་། ། གང་གི་ག...
གསང་འཁོར་མཐོ་རིམ་བཤད་གྲྭའི་མཁན་སློབ་དགེ་འདུན་པ། |
ཐམས་ཅད་མཁྱེན་པའི་གཞུང་བཟང་ཆུ་གཏེར་ནི། །རེ་ཞིག་བྱིས་བློས་དཔོག་པར་མི་ནུས་ཀྱང་། །
གང་གི་གཞུང་ལ་གོམས་པ་ལྷུར་བྱེད་ཅེས།
།དམ་བཅའི་སྒྲག་གིས་བཅིངས་པས་འབད་པར་སྤྲོ།
།
ཞེས་ལེགས་ཚིག་མཆོད་པའི་ཆར་སྤྲན་སྔོན་དུ་བཏང་ནས།
འདིར་གང་ཞིག་གླིང་བའི་གཞི་ནི། འཇམ་དཔལ་རྩ་བའི་རྒྱུད་ལས།
དེ་འོག་རྣམས་པར་གྲགས་པ་ནི།
།ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །
ཡི་གེའི་དང་པོ་བ་བསྟན་པ།
།སངས་རྒྱས་བསྟན་ལ་དེ་གཙོ་བྱེད། །
ཅེས་ལུང་བསྟན་པ་ཡིན་ནོ།
དེ་ལྟ་བུའི་སློབ་དཔོན་ཆེན་པོ་དེ་ཉིད་ཀྱིས་བརྩོམ་པར་མཛད་པའི་དམ་པའི་ཆོས་མངོན་མཛོད་ཅེས་བྱ་བའི་བསྟན་བཅོས་འདི་ཉིད་ལ་དོན་གསུམ་སྟེ།
ཐོག་མ་ཀླད་ཀྱི་དོན། བར་དུ་གཞུང་གི་དོན། མཐར་ཕྱིན་མཇུག་གི་དོན་གསུམ་ལས།
གཉིས་པ་གཞུང་དོན་ལ་རྣམས་པ་གསུམ་སྟེ།
འདི་ཡང་བཤད་པ་ལ་འཇུག་པ་དང་། བཤད་པ་དགོད་པ་དང་།
ཡོངས་སུ་རྫོགས་པའི་བྱ་བ་་གསུམ་མོ།དང་པོ་ལའང་བཞི་སྟེ། མཆོད་པར་བརྗོད་པ།
བཤད་པར་དམ་བཅའ་བ། བཤད་བྱའི་མཚན་དོན་བསྟན་པ།མཚན་ལྡན་གཞུང་གི་དགོས་འབྲེལ་ལོ། དང་པོ་མཆོད་པར་བརྗོད་པ་ནི།
སློབ་དཔོན་གྱིས་བསྟན་བཅོས་དེ་རྩོམ་པའི་གནས་སྐབས་ཀྱི་ཐོག་མར།
རང་གི་སྟོན་པའི་ཆེ་བའི་བདག་ཉིད་གཞན་གྱིས་ཤེས་པར་བྱ་བའི་ཆེད་དུ་དེའི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་སྒོ་ནས་ཕྱག་འཚལ་བ་མཛད་པ་ནི།
རྩ་བ་ལས།
གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་།
།
འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ།
།
དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས།
།
ཞེས་གསུངས་ལྟར། འདི་ཡང་དོན་གསུམ་གྱིས་ངེས་པར་བྱ་སྟེ།
དགོས་པ་དང་། བསྡུས་པ་དང་། ཚིག་དོན་ནོ།
དང་པོ་དགོས་དོན་ནི། མཆོད་བརྗོད་དེ་ལ་བརྟེན་ནས་སྟོན་པའི་ཡོན་ཏན་ཤེས་པ་དང་།
རང་ལ་བསོད་ནམས་འཕེལ་བ། རང་ཉིད་དམ་པའི་སྤྱད་པ་དང་མཐུན་པར་འཇུག་པ་དང་།
དེ་དག་ལ་བརྟེན་ནས་མཐར་ཐུག་ཐར་པ་ཐོབ་པའོ།།
གཉིས་པ་བསྡུས་དོན་ནི།
ཚིགས་བཅད་འདིས་སྟོན་པ་ལ་ཕུན་སུམ་ཚོགས་པ་གསུམ་མངའ་བའི་སྒོ་ནས་ཕྱག་འཚལ་བ་དང་།
བཤད་པར་དམ་བཅའ་བསྟན་པ་ཡིན་ནོ།
གསུམ་པ་ཚིག་དོན་ནི།
གང་ཞིག་སོགས་གོང་དུ་ཞུས་པ་ལྟ་བུ་ཡིན། གང་ཞིག་ནི་སྤྱིའི་སྒྲ་ཡིན་ཡང་བྱེ་བྲག་ལ་འཇུག་པའི་རྒྱུ་སྐབས་དང་ཤུགས་དང་ལྡན་བྲལ་དང་ཁྱད་པར་གྱི་སྒྲ་དང་སྦྱར་བ་བཞི་ལས་འདིར་ནི་ཁྱད་པར་གྱི་སྒྲ་སྦྱར་བས་སངས་རྒྱས་བཅོམ་ལྡན་འདས་སུ་ཤེས་ཏེ་ཀུན་ལ་མུན་པ་གཏན་བཅོམ་པ་ལ་སོགས་པའི་ཁྱད་པར་གྱི་སྒྲ་དང་འབྲེལ་བའི་ཕྱིར་འགྲེལ་པ་ལས་གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་ཀྱི་དབང་དུ་བྱས་ནས་སྨྲས་པའོ། ། འདིར་ནི་ཁྱད་པར་གྱི་སྒྲ་སྦྱར་བའི་ཕྱིར་རོ། །ཀུན་ལ་ཞེས་བྱ་བ་ནི་སྐྱ་མཆེད་བཅུ་གཉིས་སོ།མུན་པ་ནི་ཡང་དག་པའི་བདེན་བཞི་བླང་དོར་གྱི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་ཞེས་བྱ་ལ།མུན་པ་དེ་ཉིད་སངས་རྒྱས་ཀྱིས་གཉེན་པོ་རྙེད་ནས་ཤེས་བྱ་ཐམས་ཅད་སླར་མི་སྐྱ་བའི་ཆོས་ཅན་དུ་སྤངས་ཟིན་པ་ཡིན་པའི་ཕྱིར།
དེས་ན་གཏན་ནས་བཅོམ་པའམ་ཞེས་བྱ་ལ། ཉན་རང་དང་།
སངས་རྒྱས་གཉིས་ཀྱིས་མུན་པ་གཉིས་སྤོང་ཚུལ་གྱི་ཁྱད་པར་ནི།
ཉན་རང་གིས་ཉོན་མོངས་ཅན་གྱི་སྒྲབ་པ་ཙམ་ཞིག་སྤོང་བ་དང་།
སངས་རྒྱས་ཀྱིས་ཉོན་མོངས་ཅན་དང་།
ཉོན་མོངས་ཅན་མ་ཡིན་པའི་མུན་པ་གཉིས་ཀ་སྤངས་པས་ཉོན་མོངས་གཉིས་ཀ་སྤངས་དང་མི་སྤངས་ཀྱི་ཁྱད་པར་ཡོད།
མི་ཤེས་པའི་རྒྱ་བཞི་དེ་ཉན་ཐོས་དང་རང་རྒྱལ་རྣམས་ལ་ཡོད།
མི་ཤེས་པའི་རྒྱ་བཞི་གང་ལ་ཡོད་པའི་མཚན་གཞི་ནི། ༡
སངས་རྒྱས་ཀྱི་ཆོས་ཟབ་ཅིང་ཕྲ་བས་མི་ཤེས་པ་ཤཱ་རིའི་བུ་ལྟ་བུ། ༢
ཡུལ་ཤིན་ཏུ་བསྐལ་བས་མི་ཤེས་པ་ནི།
མཽང༌གལ་གྱི་བུས་རང་གི་མ་བྱང་ཕྱོགས་འོད་ཟེར་ཅན་གྱི་འཇིག་རྟེན་དུ་སྐྱས་པ་མི་ཤེས་པ་འཕགས་པ་མོའུ་རྒྱལ་བུ་ལྟ་བུ།
༣ དུས་ཤིན་ཏུ་བསྐལ་བས་མི་ཤེས་པ་ནི།
ཤཱ་རིའི་བུས་ཁྱིམ་བདག་དཔལ་སྐྱས་ཀྱི་རྒྱད་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ་ཡོད་པ་མི་ཤེས་པ་ལྟ་བུ།
༤
རྣམ་པའི་དབྱེ་བ་མཐའ་ཡས་པས་མི་ཤེས་པ་ནི། ཁམས་དང་འགྲོ་བ་དང་སྐྱེ་གནས་དང་སྐྱེ་བ་ལ་སོགས་པའི་བྱེ་བྲག་རྟོགས་དཀའ་བ་རྣམས་མཐའ་ཡས་པ་དེ་རྣམས་ལ་མི་གསལ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཞེས་བྱ་བ་ཡོད་པའི་ཕྱིར་གཏན་ནས་བཅོམ་པ་མ་ཡིན་ལ།
སངས་རྒྱས་ཀྱིས་གཏན་ནས་བཅོམ་པ་ཡིན་པ་དེས་གང་ཞིག་ཅེས་པའི་སྒྲ་དེ་སངས་རྒྱས་ལ་འཇུག་གོ།
དེ་དག་མི་ཤེས་པ་ནི་དཔེར་ན་རྨ་བྱའི་མདོངས་ཀྱི་ཁ་དོག་སྣ་ཚོགས་མི་ཤེས་པ་ལྟ་བུ་སྟེ། སྒྲག་ཅན་ཟིན་གྱིས།
རྨ་བྱའི་མདོངས་ནི་གཅིག་ལ་ཡང་།
།
རྒྱུ་ཡི་རྣམ་པ་ཐམས་ཅད་ནི། །
ཀུན་མཁྱེན་མུན་པས་ཤེས་བྱ་མིན།
།
དེ་ཤེས་ཀུན་མཁྱེན་སྟོབས་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །དེས་ན་མི་ཤེས་པ་བཞི་པོ་དེ་ནི་ཤེས་བྱའི་སྒྲབ་པ་ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་ཡིན་ནོ། ཆོས་ཀུན་ལ་མུན་པ་གཏན་ནས་བཅོམ་ཞིང་། གཞན་དོན་དུ་འཁོར་བའི་འདམ་ལས་ འགྲོ་བ་སེམས་ཅན་རྣམས་ཐར་པའི་ལམ་དུ་དྲངས་པར་མཛད་པའི་ཕྱིར་དུ་ཆོས་ཀྱི་དོན་རྣམས་ཇི་མ་ཇི་བཞིན་སྟོན་པར་མཛད་པའི་ སྟོན་པ་དེ་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ་ཞེས་པའོ།། ཅེས་པ་འདི་ཡང་སྤྱི་ལོ་༢༠༢༢ རང་ཟླ་ ༢ པའི་ཚེས་ ༧ ལ་ལྷག་བསམ་དག་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།
བསམ་འཆར།