རྣམ་དག་ཆོས་སྐུར་གདོད་ནས་ཕྱིན་མཛད་ནས། ། ཟབ་དང་རྒྱ་ཆེའི་བདུད་རྩི་དམ་པའི་ཆོས། ། གདུལ་བྱའི་བློ་བཞིན་སྟེར་བའི་བླ་མ་ལ། ། རྐང་གི་ཁོང་དང་སྙིང་ག...
རྣམ་དག་ཆོས་སྐུར་གདོད་ནས་ཕྱིན་མཛད་ནས། །
ཟབ་དང་རྒྱ་ཆེའི་བདུད་རྩི་དམ་པའི་ཆོས། །
གདུལ་བྱའི་བློ་བཞིན་སྟེར་བའི་བླ་མ་ལ། །
རྐང་གི་ཁོང་དང་སྙིང་གི་དཀྱིལ་ནས་འདུད། །
ཟབ་རྒྱས་ཚད་མའི་གཏེར་མཛོད་གཏིང་ཟབ་ཆེ། །
བློ་དམན་བདག་འདྲས་རྟོགས་པར་ནམ་མཁའི་མཐའ། །
འོན་ཀྱང་རང་ལ་གོམས་པ་ལྷུར་ལེན་ཕྱིར། །
བློ་ལ་གང་འཆར་རི་མོར་འགོད་པར་སྤྲོ། །
ཞེས་མཆོད་བརྗོད་དང་རྩོམ་པ་དམ་བཅའ་སྔོན་དུ་བཏང་ནས་འབྲས་བུའི་རྟགས་ཀྱི་སྐོར་ཅུང་ཟད་གླེང་བའི་སྐབས་འབྲས་རྟགས་མདོ་ལས་གསུངས་ཚུལ། བསྟན་བཅོས་ལས་གསུངས་ཚུལ། འབྲས་རྟགས་ཡང་དག་གི་མཚན་ཉིད་དང་དབྱེ་བ་མང་པོ་ཡོད་ཀྱང་རྒྱུ་སྔོན་སོང་དང་རྒྱུ་ཆོས་རྗེས་དཔོག་གི་འབྲཔས་རྟགས་ལ་ཅུང་ཟད་དཔྱད་པ། རྒྱུ་སྔོན་སོང་བཀོད་དགོས་པའི་རྒྱུ་མཚན་གྱི་སྒོ་ནས་བཤད་སྐབས་ དང་པོ། མདོ་ལས་གསུངས་ཚུལ་ནི། ཐུབ་པའི་དབང་པོས་ཆོས་བཅུ་པའི་མདོ་ལས། ཆུ་སྐྱར་ལས་ནི་ཆུ་ཤེས་དང་། ། དུ་བ་ལས་ནི་མེར་ཤེས་དང་། ། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། ། རིགས་ནི་ཚད་མ་དག་ལས་ཤེས། ། ཞེས་གསུངས་པ་ལྟར། འབྲས་བུ་ཆུ་སྐྱོར་སྡིང་བའི་རྟགས་དང་ཉོན་ཐོས་ ཐོས་པའི་ཆོས་བཤད་པས་ལུས་ཀྱི་བ་སྤུ་གཡོ་ཤིང་མིག་ལས་ཕྱི་མ་འཁྲུགས་པའི་ཉོན་ཐོས་ཀྱི་རིགས་ཅན་དང་དེ་བཞིན་རང་རྒྱལ་དང་ཐེག་ཆེག་གྱི་རིགས་ཡིན་པར་དོན་གྱི་འབྲས་རྟགས་ཡང་དག་གསུངས།
གཉིས་པ། བསྟན་བཅོས་ལས་གསུངས་ཚུལ་ནི། སློབ་དཔོན་ཆོས་གྲགས་ཀྱིས་རྣམ་འགྲེལ་ལས། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག། ། མེད་ན་མི་འབྱུང་འབྲས་བུ་ནི། ། གཏན་ཚིགས་ ཞེས་གསུངས་ནས། རྒྱུ་ཕན་འདོགས་བྱེད་དུ་མེད་ན་མི་འབྱུང་བའི་འབྲས་བུ་ནི་འབྲས་རྟགས་ཡིན་པར་གསུངས། ། གསུམ་པ། འབྲས་རྟགས་ཡང་རྟགས་ཀྱི་མཚནཉིད་དང་དབྱེ་བ་མང་པོ་ཡོད་ཀྱང་རྒྱུ་སྔོན་སོང་དང་རྒྱུ་ཆོས་རྗེས་དཔོག་འབྲས་རྟགས་ལ་ཅུང་ཟད་དཔྱད་པ་ནི།། དང་པོ་རྒྱུ་སྔོན་སོང་གི་འབྲས་རྟགས་ཀྱི་སྦྱོར་བ་ནི།་བར་སྣང་གི་དུ་བ་སྔོ་ལོང་པ་ཆོས་ཅན་ རང་རྒྱུ་མེ་སྔ་མ་སྔོན་དུ་སོང་སྟེ་ དུ་བ་ཡིན་པའི་ཕྱིར་ ཞེས་བཀོད་པས་དེའི་སྐབས་ཚུལ་གསུམ་ཚང་བ་ཡིན་པས་དུབ་ཡིན་ན་རང་རྒྱུ་མེ་སྔོན་དུ་ཡོད་པ་ཡིན་པས་ཁྱབ་པ་ཞེས་བཀོད་སྐབས་ ཁ་ཅིག་གིས་འདིའི་སྐབས་རང་རྒྱུ་མེ་མེད་པར་འབྲས་བུ་རྟགས་སུ་བཀོད་པ་ཡིན་ནོ་ཞེས་སོ། ། ཡིན་ན་ཡང་དེ་སྒྲུབ་ཀྱི་སྐབས་སུ་རང་རྒྱུ་མེ་མེད་པར་མ་ཡིན་ཏེ་རྒྱུ་སྔོན་དུ་སོང་བས་འབྲས་བུ་དུ་བ་འདི་ དེ་འབྱུང་འབྲས་ཀྱི་ཚུལ་དུ་གྲུབ་པས་འབྲས་བུ་རྟགས་སུ་བཀོད་པའི་གཏན་ཚིག་ཡང་དག་ཡིན་ནོ། ། གང་ལྟར་ཡང་འབྲས་རྟགས་ཀྱི་དབྱེ་བ་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་དང་གཞན་མང་པོ་ཡོད་ཀྱང་དཔྱད་ན་རྒྱུ་སྔོན་སོང་ལས་མ་འདས་བསམས་སོ། །
གཉིས་པ། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཀྱི་སྦྱོར་བ་ནི། ཁ་ནང་བུ་རམ་གོང་མའི་སྟེང་དུ་ཆོས་ཅན་ བུར་གཟུགས་ད་ལྟ་བ་ཡོད་དེ་ བུར་རོ་ད་ལྟ་བ་ཡོད་པའི་ཕྱིར་ ཞེས་རྟགས་སྦྱོར་བཀོད་སྐབས་ལ་ལས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་བུར་གཟུགས་ད་ལྟ་བ་བསྐྱེད་པའི་ནུས་པ་ཡོད་ཅེས་གསུངས་དགོས་ དེ་ལྟར་མ་ཡིན་ན་རྟགས་ཆོས་སྔ་ཕྱི་མེད་ནས་འབྲས་རྟགས་མིན་པར་ཐལ་བའི་སྐྱོན་ཡོད་པར་གསུངས་ཀྱང་། རྟགས་སྦྱོར་དེས་སྒྲུབ་ནུས་ཏེ་ དེ་སྐབས་རྒྱུའི་ཆོས་རྗེས་སུ་དཔོག་པ་ཡིན་པས་རྟགས་ བུར་རོ་དེ་ཉིད་ཚོགས་པ་གཅིག་པའི་གཟུགས་ལ་སོགས་པའི་ལྷན་ཅིག་བྱེད་པ་དང་བུར་རོ་སྔ་མས་བུར་རོ་ཕྱི་མའི་ཉེར་ལེན་གྱི་རྒྱུ་ཡིན་པས་མི་འཐད་པ་མེད་དོ། །
བཞི་པ། རྒྱུ་སྔོན་སོང་གི་འབྲས་རྟགས་བཀོད་དགོས་པའི་རྒྱུ་མཚན་ནི། ཕྱི་རོལ་པས་སྐྱེ་བ་སྔ་མའི་འདེར་འོང་བ་མ་མཐོང་བར་གློ་བུར་དུ་བྱུང་བ་ཡིན་ཞེས་པ་དང་ཕྱི་མ་ཡང་མེད་ཅེས་བརྗོད་ནས་རྒྱུ་འབྲས་དུས་མཉམ་དུ་འདོད་པ་དག་ལ་རྒྱུ་དགེ་བ་བྱེད་པ་ལ་བརྟེན་ནས་འབྲས་བུ་བདེ་བ་འབྱུང་བ་དང་། མི་དགེ་བས་སྡུག་བསྔལ་འབྱུང་ཞེས་དེ་རྣམས་ཀྱི་ལོག་རྟོག་དགག་ནས་ལས་འབྲས་ལ་ཡིད་ཆེས་སྐྱེད་པའི་ཕྱིར་རྒྱུ་སྔོན་སོང་གི་འབྲས་རྟགས་ཡང་རྟགས་བཀོད་པ་ཡིན་ནོ། ། ། །
སྨོན་ཚིག
དེ་ལྟར་དགེ་བའི་བསོད་ནམས་ས་བོན་འདེབས། ། སྟོན་དང་བསྟན་པའི་ལོ་འདབ་རྒྱ་མཚོར་འགེང་། །
མ་ཉམས་བྱང་སེམས་རྒྱུད་ལ་འབྲས་རྟག་སྨིན། །དེ་འདྲའི་བསྟན་འཛིན་སྐྱེས་བུས་ས་སྟེང་ཁྱབ། །
བསམ་འཆར།