རྣམ་དག་གང་ཐུགས་ལྷ་ལམ་དཀྱིལ་འཁོར་ནས། །བྱམས་བརྩེའི་ཉི་ཟླ་ཟུང་འཇུག་རབ་འཕྲོ་སྟེ། ། རྨོངས་པའི་འགྲོ་ཚོགས་མུན་ལས་སྣང་བའི་སར། །འདྲེན་མཁན་འོད་...
རྣམ་དག་གང་ཐུགས་ལྷ་ལམ་དཀྱིལ་འཁོར་ནས། །བྱམས་བརྩེའི་ཉི་ཟླ་ཟུང་འཇུག་རབ་འཕྲོ་སྟེ། །
རྨོངས་པའི་འགྲོ་ཚོགས་མུན་ལས་སྣང་བའི་སར།
།འདྲེན་མཁན་འོད་སྟོང་རྒྱལ་པོ་གཙུག་ན་མཆོད། །
གང་གི་གཞུང་ལུགས་མཚོ་སྟོང་གཏིང་ལས་ཟབ།
།མ་རིག་ཁང་ཆེན་འཛིན་པའི་བདག་འདྲའི་བློས། །
དཔག་པར་ནུས་ཞེས་བསམ་ན་གད་མོའི་གནས།
།འོན་ཀྱང་བག་ཆགས་འཇོག་ཕྱིར་བྲི་ལ་སྤོ། །
ཞེས་མཆོད་པར་བརྗོད་པ་དང་བརྩམས་པར་དམ་བཅའ་བའི་ལེགས་ཚིག་སྔོད་དུ་བཏང་ནས།
དེ་ཡང་སློབ་དཔོན་ཆོས་ཀྱི་གྲགས་པས་རྟགས་ཡང་དག་གི་མཚན་ཉིན་བསྟན་པ་ན།
རྣམ་འགྲེལ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།།
ཞེས་གསུངས་པ་ལས་འཕྲོས་ནས་ལྟོས་གཞི་ཕྱོགས་སྒྲའི་སྐོར་ཆུ་ཆེན་པོ་བཞི་འདུས་པའི་རྒྱ་མཚོ་ལྟ་བུ་ཡོད་པ་ལས་ཆུ་ཐིག་ཙམ་ཞིག་ཞུ་བར་བྱ་བ་ལ།
ཕྱོགས་སྒྲའི་སྐོར་བཤད་པ་ལ།
སྤྱར་ཕྱོགས་ཆོས་ཞེས་པའི་ཕྱོགས་སྒྲ་དེ་བསྒྲུབ་བྱ་ལ་དངོས་མིང་དུ་ཡོངས་སུ་གྲགས་པ་ཡིན་ལ། དཔེར་ན་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར།
ཞེས་པའི་ཆོས་ཅན་སྒྲ་དང་། བསྒྲུབ་བྱའི་ཆོས་མི་རྟག་པའི་ཚོགས་དོན་ཏེ་མི་རྟག་པར་ཤེས་འདོད་ཞུགས་པའི་ཆོས་ཅན་ལྟ་བུ་ལ་དངོས་མིང་དུ་བཏགས་པ་ཡིན་ནོ།
ཡང་རྩོད་གཞི་དང་བསྒྲུབ་བྱའི་ཆོས་ལ་བཏགས་མིང་དུ་འཇུག་པ་ཡིན་ཏེ།
གཏན་ཚིགས་ཐིག་པའི་རྒྱ་ཆེར་འགྲེལ་པ་ལས࿒ ཕྱོགས་ཞེས་བྱ་བ་སྤྱ་ལ་ཡན་ལག་གཉིས་ཡོད་དེ།
ཆོས་དང་ཆོས་ཅན་ནོ། དེ་བས་ན་འདིར་ཆོས་ཅན་ཙམ་འབའ་ཞིག་ལ་ཉེ་བར་བཏགས་ནས་ཆོས་ཅན་ལ་ཕྱོགས་ཀྱི་སྒྲར་བཤད་དོ།།
ཞེས་དང་། རིགས་གཏེར་ལས࿒ ཕྱོགས་ནི་ཆོས་དང་ཆོས་ཅན་གྱི།།
ཚོགས་པ་བརྗོད་ལ་དངོས་མིང་དང་།། དེ་ཡི་ཕྱོགས་རེ་འཛིན་པའི་ཕྱིར།།
ཡ་གྱལ་གཉིས་ལ་བཏགས་ནས་འཇུག། ཅེས་གསུངས་སོ།། ཡང་རང་ལུགས་ལ་ཡང་།
འཇམ་དབྱངས་དགོངས་རྒྱན་ལས࿒ ཕྱོགས་སམ་རྗེས་སུ་དཔག་པར་བྱའི་སྒྲ་རྣམ་པ་གསུམ་ལ་འཇུག་སྟེ།
གཏན་ཚིགས་ཀྱི་མཚན་ཉིད་གཏན་ལ་འབེབས་པའི་སྐབས་འདིར་ཆོས་ཅན་ལ་དང་། གཞན་བསྒྲུབ་པར་བྱ་བ་ཁོང་དུ་ཆུད་པར་བྱ་བའི་ཚེ་ནི་ཆོས་དང་ཆོས་ཅན་གྱི་སྤྱ་ལ་དང་།
ཁྱབ་པར་ངེས་པར་བྱེད་པའི་ཚེ་ན་ཆོས་ལ་སྟེ་བར་མ་དངོས་དང་ཐོག་མཐའ་གཉིས་ལ་བཏགས་པས་འཇུག་གོ།
ཞེས་གསུངས་པ་ལྟར། སྤྱི་དོན་རིགས་པའི་སྙིང་པོ་ལས་ཀྱང་དེ་དག་མཚུངས་པར་གསུངས་ཡོད།།
ཚུལ་དང་པོའི་སྐབས་སུ་ཕྱོགས་སྒྲ་རྩོད་གཞི་ཆོས་ཅན་ལ་བཏགས་མིང་དུ་འཇུག་པའི་དབང་དུ་བྱས་པ་ལ་བཏགས་པའི་རྒྱུ་མཚན་དགོས་པ་དང་དངོས་ལ་གནོད་བྱེད་གསུམ་ཡོད་དེ།
དང་པོ་བཏགས་པའི་རྒྱ་མཚན་ནི། ཤེས་འདོད་ཆོས་ཅན་ ཆོས་ཅན།
ཁྱོད་ལ་ཕྱོགས་ཞེས་བཏགས་པའི་རྒྱུ་མཚན་ཡོད་དེ།
ཁྱོད་ལ་ཕྱོགས་མཚན་ཉིད་པ་བསྒྲུབ་བྱ་ཡང་དག་དེ་དང་འབྲེལ་བས་ཕྱོགས་སོ་ཞེས་འདི་ནི་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་ཚོགས་པའི་མིང་ཡ་གྱལ་ལ་བཏགས་པ་སྟེ།
དཔེར་ན་རས་ཡུག་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་ལྟ་བུའོ།།
གཉིས་པ་ནི།
རྩོད་ཞིག་ཆོས་ཅན་ཁྱོད་ལ་ཕྱོགས་ཞེས་བཏགས་པའི་དགོས་པ་ཡོད་དེ།
འཁྲུལ་གཞི་མེད་ཅིང་སྡེབ་སྦྱོར་ཉམས་པ་སྤངས་ཏེ་རྟགས་ཚུལ་དང་པོ་བདེ་བླག་ཏུ་རྟོགས་ནུས་པའི་ཕྱིར།
དང་པོ་འཁྲུལ་ཞིག་ཡོད་དེ།
འོ་ན་ཆོས་ཆོས་ཅན་མཐུན་དཔེའི་ཆོས་ཅན་གྱི་ཆོས་སུ་གྲུབ་པའང་རྟོགས་ཚུལ་དང་པོ་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ། དེ་སྐྱེས་ན་མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་ཡིན་ནམ་སྙམས་པའི་ལོག་རྟོག་སྐྱེ་བའི་ཕྱིར་རོ།།
གཉིས་པ་ཡུན་རིང་དུ་འགོར་ཏེ།
ཆོས་ཅན་གྱི་ཆོས་སུ་གྲུབ་པ་ཞེས་ཤོས་འདོད་ཆོས་ཅན་གྱི་ཆོས་སུ་གྲུབ་པ་གོ་དགོས་ཏེ།
མཐུན་དཔེ་སོགས་ལའང་མིན་ནོ་ཞེས་སྨོས་ན་ཅ་ཅོ་འཕེལ་བས་མཐའ་རྣམས་བཀག་ནས་ཡུན་རིང་འཁོར་བའི་ཕྱིར་རོ།།
གསུམ་པ་དགོས་མིང་དུ་བརྗོད་ན་སྡེབ་སྦྱར་ཉམས་པ་ཡིན་ཏེ།
ཤེས་འདོད་ཆོས་ཅན་དེ་ཆས་ཁྱབ་པ་ཡི། ཞེས་སྨོས་ན་ཡི་གེ་སྡེབ་སྦྱར་ཉམས་པ་འགྱུར་རོ།།
དེ་ཡང་རིགས་གཏེར་ལས࿒ ཆོས་ཅན་བརྗོད་ན་འཁྲུལ་གཞི་ཡོད།། མཐའ་རྣམས་བཀག་ན་ཡུན་རིག་འགོར།།
དངོས་མིང་བརྗོད་ན་སྡེབ་སྦྱར་ཉམས།། བདེ་བླག་རྟོགས་ཕྱིར་ཕྱོགས་ཞེས་བརྗོད།།
ཅེས་གསུངས་སོ།།
གསུམ་པ་དངོས་ལ་གནོད་བྱེད་ནི།
རྩོད་གཞི་ཆོས་ཅན་ཁྱོད་ལ་ཕྱོགས་ཞེསབཏགས་པ་ལ་དངོས་ལ་གནོད་བྱེད་ཡོད་པ་ཐལ་ཞེས་ན། འདོད།
ཡོད་དེ་ ཕྱོགས་མཚན་ཉིད་པ་ཡིན་ན་ཚོགས་དོན་ཡིན་དགོས་པ་གང་ཞིག།
ཁྱོད་ཚོགས་དོན་མ་ཡིན་པའི་ཕྱིར།
དེ་ཡང་རིགས་གཏེར་ལས࿒ ཆོས་དང་ཆོས་ཅན་བསྒྲུབ་བྱ་ཉིད།། མ་ཡིན་མཚན་ཉིད་མེད་ཕྱིར་རོ།། ཞེས་གསུངས་སོ།
མདོར་ན་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་བཏགས་ནས་ཕྱོགས་ཞེས་སྨོས་པ་ལ་དགོས་པ་ནི་འཁྲུལ་གཞི་མེད་ཅིང་སྡེབ་སྦྱར་ཉམས་པ་སྤངས་ནས་རྟགས་ཚུལ་དང་པོ་བདེ་བླག་ཏུ་ཐུན་མོང་མ་ཡིན་པར་གོ་བའི་ཕྱིར་ཁྱོད་རྩོད་གཞི་ལ་འཇུག་པ་མཁས་པ་རྣམས་ལ་ཡེཨོངས་སུ་གྲགས་པའང་ཕྱིར་རོ།། དཔེར་ན་ལག་པ་ཞེས་བྱ་བའི་སྒྲ་མིའི་ལག་པ་སོགས་སྤྱི་ལ་འཇུག་ཀྱང་ལྡན་པ་ཞེས་བྱ་བའི་ཚིག་དང་འབྲེལ་བ་ན་མི་ལ་སོགས་པ་ལག་པ་དང་ལྡན་ཡང་ལག་ལྡན་གྱི་སྒྲ་མི་འཇུག་པར་ལག་ལྡན་ཞེས་པའི་སྒྲ་དེ་གླང་པོ་ཆེ་ཁོ་ན་ལ་འཇུག་པར་མཁས་པ་ལ་གྲགས་པ་བཞིན་དུ།
ཕྱོགས་ཞེས་བྱ་བའི་སྤྱའི་སྒྲ་དེ་ཡང་ཆོས་ཞེས་བྱ་བའི་ཚིག་དང་འབྲེལ་བ་ན་སྤྱ་ལ་མི་འཇུག་པར་ཤེས་འདོད་ཆོས་ཅན་ཁོ་ན་ལ་འཇུག་པར་མཁས་པ་གྲགས་པའི་ཕྱིར་ཏེ།
ལག་ལྡན་གྱི་སྒྲ་དང་ཕྱོགས་ཆོས་ཞེས་བྱ་བའི་ཕྱོགས་ཀྱི་སྒྲ་དོ་གཉིས་གླང་པོ་ཆེ་དང་ཤེས་འདོད་ཆོསཅན་ཁོ་ན་ལ་སྒྲ་དེ་གཉིས་མ་འཁྲུལ་བར་འཇུག་པའི་ཕྱིར་ཏེ།
ཚད་མ་རྣམ་འགྲེས་ལས࿒ སྒྲ་ནི་འཁྲུལ་པ་མེད་ན་ཡང་།། སྒྲུབ་བྱེད་སྐྱོན་ལྡན་ཤེས་བྱ་སྟེ།།
ཞེས་གསུངས་པའི་ཕྱིར་དང་། རང་ལུགས་ལའང་འཇམ་དབྱངས་དགོངས་རྒྱན࿒ དེ་བས་ན་ཆོས་ཅན་ཁོ་ན་ལ་ཕྱོགས་སམ་རྗེས་སུ་དཔག་པར་བྱ་བ་ཞེས་ཁྱད་པར་དུ་བྱས་པ་ཡིན་ནོ།།
ཞེས་གསུངས་སོ། །།
མཇུག་བསྔོ་བ་ནི།
དེ་ལྟར་བྲིས་པའི་བསོད་ནམས་བསིལ་ཟེར་གྱི་བདུད་རྩི།
།འཐོབ་པར་སྲིད་ན་གསང་འཁོར་བཤད་གྲྭ་ཡི་ཚལ་དུ། །
དམ་ཆོས་དཔལ་ལ་སྤྱོད་པའི་བསྟན་འཛིན་གྱི་རྒྱུད་ལ།
།མངོན་པར་སྨིན་ཏེ་ཐོས་བསམ་མཐར་ཕྱིན་ལ་འགྱུར་ཤོག །
སརྦ་མངྒ་མཾ།
།
བསམ་འཆར།