འབྲས་རྟགས་ཡང་དག་གི་རྣམ་བཞག དེ་ལ་དོན་ཆེན་སྒྲུབ་པའི་མཆོད་བརྗོད། བརྩོན་པ་ལྷུར་ལེན་པའི་དམ་བཅའ། དོན་དངོས་བཤད་པ། མཇུག་མཐར་ཕྱིན་པའི་བསྔོ་བ་...
འབྲས་རྟགས་ཡང་དག་གི་རྣམ་བཞག
དེ་ལ་དོན་ཆེན་སྒྲུབ་པའི་མཆོད་བརྗོད།
བརྩོན་པ་ལྷུར་ལེན་པའི་དམ་བཅའ། དོན་དངོས་བཤད་པ། མཇུག་མཐར་ཕྱིན་པའི་བསྔོ་བ་དང་བཞི་ལས།
དང་པོ་དོན་ཆེན་སྒྲུབ་པའི་མཆོད་བརྗོད་ནི།
སྐྱབས་མཆོག་བསླུ་མེད་དོན་གཉིས་རྫོགས་སངས་རྒྱས།
།ཤེས་རབ་སྣང་བའི་སྒྲོན་མེ་སྨྲ་བའི་རྒྱལ། །
གཞན་དོན་ལྷུར་ལེན་དམ་པའི་བཤེས་གཉེན་རྣམས།
།སྒོ་གསུམ་གུས་པས་རྟག་ཏུ་གཙུག་ན་མཆོད། །
ཅེས་འདི་ནས་བྱང་ཆུབ་ཀྱི་བར་དུ་མེད་ན་མི་རུང་བའི་སྐྱབས་མཆོག་དོན་གཉིས་ཀྱི་དཔལ་དང་ལྡན་པའི་སྟོན་པ་རྫོགས་པའི་སངས་རྒྱས་དང་།
དོན་ཇི་བཞིན་རྟོགས་པ་ལ་ཤེས་རབ་ཀྱི་སྣང་བ་སྩོལ་བའི་ལྷ་མཆོག་སྨྲ་བའི་རྒྱལ་པོ་དང་། ཤུགས་ལ་དཔལ་ཆོས་ཀྱི་གྲགས་པའི་ཚད་མའི་གཞུང་ལ་ཐོས་བསམ་བྱས་པས་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པའི་ཤེས་རབ་སྐྱེ་བས་དེའི་ཕྱིར་དཔལ་ལྡན་ཆོས་གྲགས་ལ་ཤུགས་ཀྱིས་བསྟོད་པ་དང་། བྱིས་པ་བླངས་དོར་གྱི་གནས་ལ་མཁས་པའི་རྩེར་སོན་ན་ཅི་མ་རུང་སྙམ་པའི་གཞན་དོན་འབའ་ཞིག་ལྷུར་ལེན་པའི་བཀྲིན་ཅན་གྱི་བཤེས་གཉེན་དམ་པ་རྣམས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་བའམ་སྤྱི་བོའི་གཙུག་ན་བཀུར་བའོ།།
གཉིས་པ་བརྩོན་པ་ལྷུར་ལེན་པའི་དམ་བཅའ་ནི།
སྙིགས་དུས་གཞུང་ལུགས་མཁས་པའི་རྩེར་སོན་ལ། །བརྩོན་པའི་ཐེམ་སྐས་མེད་ན་དེར་མི་ཕོད། །
དེས་ན་གོང་མིའི་གསུང་རབ་ལ་བཏུས་ནས། །འབྲས་བུའི་རྟགས་ཀྱི་རྣམ་བཞག་མདོ་ཙམ་བྲི། །
ཞེས་སྙིགས་མ་ལྔའི་དུས་འདིར་རྒྱལ་བ་གོང་མའི་་གསུང་རབ་ཀྱི་དོན་ལ་མཁས་པའི་རྩེར་སོན་པ་ལ་བརྩོན་པའི་ཐེམ་སྐས་དང་བྲལ་ན་བཀའ་ལྟ་ཞོག་བསྟན་བཅོས་ཀྱི་དོན་ཙམ་ཡང་གོ་བར་མི་ནུས་ལ་།
དཔེར་ན་ཆོས་ཁང་དུ་སློབ་དཔོན་གྱི་ལེགས་བཤད་ཙམ་ལ་བརྟེན་ནས་གཞན་དུ་རང་གིས་འགྲེལ་པ་སོགས་ཡང་ཡང་མ་ཀློག་ན་དོན་ལེགས་པར་གཏན་ལ་འབེབས་མི་ནུས་པས་བརྩོན་པ་མེད་དུ་མི་རུང་ལ། དེས་ན་བློ་དམན་པ་རང་འདྲ་བས་བརྩོན་པའི་གོ་ཁྲབ་གོས་ནས་མཁས་པ་སྔོན་བྱོན་གོང་མིའི་་གསུང་རབ་ལ་བཏུས་ནས་རང་གི་དཔྱད་པས་གོ་བ་ཅི་ནུས་པ་དཔོག་ནས་འབྲས་བུའི་རྟགས་ཀྱི་རྣམ་བཞག་བྲི་བ་ལ་སྤོབས་པ་སྐྱེས་སོ།།
གསུམ་པ་དོན་དངོས་བཤད་པ་ལ།
འབྲས་བུའི་གཏན་ཚིག་ངོས་བཟུང་བ་དང། དེའི་དབྱེ་བ་བཤད་པའོ།། དང་པོ་ལ་གང་ལ་གཏུགས་པའི་ཁུངས་དང་།
བཤད་པར་བྱ་བ་དངོས་སོ།། དང་པོ་ལ་རྒྱལ་བའི་བཀའ་དང་།
རྗེས་འཇུག་མཁས་པའི་བསྟན་བཅོས་དང་ཡང་འབྲེལ་བར་བཤད་པ་
གཉིས་ལས། དང་པོ་ནི།
བཅོམ་ལྡན་འདས་ཀྱིས། མདོ་སྡེ་ས་བཅུ་པར།
དུ་བ་ལས་ནི་མེར་ཤེས་དང་།
།ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར།།
བྱང་ཆུབ་སེམས་དཔའ་བློ་ལྡན་དག
།རིགས་ནི་ཚད་མ་དག་ལས་ཤེས།།
ཞེས་གསུངས་སོ།།
གཉིས་པ་ནི། སློབ་དཔོན་ཟླ་བ་གྲགས་པས།
སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས།
།ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །
རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་།
།ལུས་ཀྱི་བ་སྤུ་ལྡང་བར་འགྱུར་པ་
གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད།
།
ཅེས་གསུངས་སོ།།
གཉིས་པ་འབྲས་བུའི་གཏན་ཚིག་བཤད་པ་ལ། མཚན་ཉིད། མཚན་གཞི། དགོས་པ་གསུམ་ལས། དང་པོ་ནི། སློབ་དཔོན་ཆོས་ཀྱི་གྲགས་པས།།
རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མེད་བྱུང་འབྲས་བུ་ནི། །
གཏན་ཚིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །
ཅེས་གསུངས་པ་ལྟར། སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་ཆོས་རང་ལས་རྫས་གཞན་དུ་གྲུབ་པ་འབྲས་རྟགས་ཡང་དག་གི་མཚན་ཉིད།
ཅེས་སློབ་དཔོན་སྐར་མ་ཕུན་ཚོགས་ཀྱིས་གསུངས་སོ། ། དེའི་དོན་ཟུར་དང་པོ་སྒྲུབ་རྟགས་ཡང་དག་གང་ཞིག་ཅེས་པས་དགག་རྟགས་དང་རྟགས་ལྟར་སྣང་བཅད་དེ།
རང་འགྲེལ་ལས། དེ་ལས་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ་གཅིག་ནི་དགག་པའི་གཏན་ཚིག་སྟེ། ཞེས་གསུངས་སོ།། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་ཆོས་རང་ལས་རྫས་གཞན་དུ་གྲུབ་པ་ཞེས་པས་རང་བཞིན་གྱི་རྟགས་རྣམས་བཅད་པའོ།། རང་ལུགས་ཀུན་མཁྱེན་གྱིས། ཚུལ་གསུམ་པ་ཅན་གྱི་འབྲས་བུའི་གཏན་ཚིག ཅེས་གསུངས་སོ།།
གཉིས་པ་མཚན་གཞི་ནི། དུ་ལྡན་གྱི་ལ་ལ་ཆོས་ཅན། མེད་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་འབྲས་བུ་དུ་བ་རྟགས་སུ་བཀོད་ནས་བསྒྲུབ་བྱ་དུ་ལྡན་གྱི་ལ་ལ་དུ་བ་དེའི་རྒྱུ་མེ་ཡོད་པར་བསྒྲུབ་པ་ཡིན་ནོ།། སྦྱོར་བ་དེ་ཆོས་ཅན། འབྲས་རྟགས་ཡང་དག་ཡིན་ཏེ། འབྲས་བུའི་རྟགས་ཀྱིས་རང་གི་རྒྱུ་ཡོད་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་གཏན་ཚིག་ཡིན་པའི་ཕྱིར།
ཚུལ་གསུམ་ཚང་སྟེ། ཕྱོགས་ཆོས་གྲུབ་ཅིང་རྗེས་ཁྱབ་དང་ལྡོག་ཁྱབ་ཡང་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། དུ་བ་དང་ལྡན་པའི་ལ་ཡིན་པས་དུ་བ་ལ་ལ་མི་ལྡན་རྣམ་གཅོད་དུ་གྲུབ་པས་ན་ཚུལ་དང་པོ་ཕྱོགས་ཆོས་གྲུབ།
གཉིས་པ་གྲུབ་སྟེ། མཐུན་དཔེ་དུ་ལྡན་ཚང་མང་གི་སྟེང་དུ་དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པ་རྗེས་འགྲོའི་ཚུལ་གྲུབ།
གསུམ་པ་གྲུབ་སྟེ། མི་མཐུན་དཔེ་མཚན་དུས་མེ་མེད་ཀྱི་རྒྱ་མཚོའི་སྟེང་དུ་མེ་མེད་ན་དུ་བ་མེད་པས་ཁྱབ་པ་ལྡོག་ཚུལ་ཡང་གྲུབ་པའི་ཕྱིར་རོ།། གཞན་ཡང་སྟོང་ཉིད་ཀྱི་སྣོད་དང་ལྡན་པའི་གང་ཟག་ཆོས་ཅན། ཁྱོད་ལ་རྫོགས་པའི་སངས་རྒྱས་ཀྱི་བློའི་ས་བོན་ཡོད་དེ།
སྟོང་ཉིད་ཐོས་པའི་ཚེ་མིག་ནས་མཆི་མ་དང་ལུས་ཀྱི་བ་སྤུ་ལྡང་བའི་ཕྱིར་ལྟ་བུའོ།།
གསུམ་པ་དགོས་པ་ནི། དེ་ཡང་སྤྱིར་རྟགས་ཡང་དག་ལ་འབྲས་བུའི་རྟགས་ཡང་དག་དང་། རང་བཞིན་གྱི་རྟགས་ཡང་དག་དང་། མ་དམིགས་པའི་རྟགས་ཡང་དག་གསུམ་ལས་སྐབས་སུ་བབ་པ་འབྲས་བུའི་གཏན་ཚིག་བསྟན་པའི་དགོས་པ་ནི། ཕ་རོལ་གྱི་ལོག་རྟོག་དགག་པའི་ཕྱིར་ཏེ། དེ་ཡང་ནང་གི་རྒོལ་བ་དང་ཕྱིའི་རྒོལ་བ་ལོག་རྟོག་ཅན་འབྲས་བུ་ལ་རྒྱུ་མེད་པར་རྟོག་པ་དང་རྒྱུ་མེད་ལས་སྐྱེ་བར་འདོད་པ་སོགས་ལ་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་པ་དང་། གང་ཁྱོད་ལ་འབྲས་བུ་ཡོད་ན་རྒྱུ་ཡོད་པའི་ཁྱབ་པ་བསྟན་པའི་དོན་དུ་སྟེ། ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱད་ལས། འབྲས་རྟགས་ཡང་དག་བཤད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སྤྱིར་རྒྱུ་འབྲས་ཀྱི་རྣམ་དབྱེ་ལ་མཁས་པ་དང་། ཁྱད་པར་ཀུན་ཉོན་གྱི་རྒྱུ་རྐྱེན་དང་། དེ་ཟློག་བྱེད་རྣམ་བྱང་རྒྱུ་རྐྱེན་ལ་མཁས་པ་དང་། ཞར་བྱུང་རྒྱང་འཕེན་གྱིས་རྒྱུ་མེད་པར་འདོད་པ་དང་། རྒྱུ་ཡོད་པར་འདོད་ཀྱང་གྲངས་ཅན་དང་དབང་ཕྱུག་པ་དང་། ཁྱབ་འཇུག་པ་དང་སྤྱོད་པ་བ་སོགས་ཀྱིས་རྒྱུ་རྟག་པ་དང་རྒྱུ་ཁ་ཡར་བས་འབྲས་བུ་སྐྱེ་བར་འདོད་པ་དང་། སྒྲ་བའམ་བརྡ་སྤྲོད་པའམ་ལུང་སྟོན་པ་ཁ་ཅིག་མེ་མེད་པའི་བརྒྱ་བྱིན་གྱི་སྤྱི་བོར་ཡང་དུ་བ་ཡོད་པར་འདོད་པའི་ལོག་རྟོག་ཀུན་བཏགས་དུ་མ་བཟློག་པའི་ཆེད་ཡིན་པའི་ཕྱིར། ཞེས་དང་། ཚད་ཆེན་དཀའ་འགྲེལ་ལས། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་དེའི་དོན་ངེས་པར་བཟུང་བ་ལས་བདེ་འགྲོའི་རྒྱུ་ལས་དང་འབྲས་བུ་ཕྱིན་ཅི་མ་ལོག་པ་ལ་ཡིད་ཆེས་སྐྱེ་ཞིང་། ངེས་པར་ལེགས་པའི་རྒྱུ་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ་ཡང་ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་གྱིས་སྐྱེའོ་ཞེས་པ་ནས། གཞན་དག་གིས་མི་མཐུན་པའི་རྒྱུ་དང་ཚད་མ་དང་འགལ་བའི་དངོས་པོ་ལ་བརྟེན་པར་འདོད་དེ། དེ་ལྟ་བས་ན་དེ་བསལ་བའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བ་བཞིན་དུ་གསུངས་པ་ཡིན་ནོ། ། ཞེས་དང་། དབུ་མ་འཇུག་པ་ལས།
གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི། །རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས། །
དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། །དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །
ཞེས་རྒྱུ་མེད་པ་དང་རིགས་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འགྱུར་བ་འདོད་པ་སོགས་དགག་པའི་ཆེད་དུ་བསྟན་པ་དང་། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ།
འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ།།
ཞེས་དང་། ས་ལུ་ལྗང་པའི་མདོ་ལས། མྱུ་གུ་དེ་ཡང་བདག་གིས་མ་བྱས་གཞན་གྱིས་མ་བྱས།
ཞེས་པ་ནས། རྒྱུ་དང་རྐྱེན་མ་ཚང་པ་མེད་པའི་ཕྱིར། ཞེས་པ་ནས།
མིང་གཟུགས་ཀྱི་མྱུ་གུ་མངོན་པར་སྒྲུབ་བོ། ། ཞེས་པ་ལ་སོགས་པ་འབྲས་བུ་རྒྱུ་དང་འབྲེལ་བར་ངེས་པ་བཀའ་བསྟན་རྣམས་སུ་མང་དུ་གསུངས་སོ།།
གཉིས་པ་དབྱེ་བ་ལ།
དབྱེ་བ་དངོས་དང་མཚན་ཉིད་མཚན་གཞི་དགོས་པ་རིམ་པ་བཞིན།
དང་པོ་ནི། འབྲས་རྟགས་ཡང་དག་ལ་དབྱེ་བ་བཤད་ཚུལ་མང་ཡང་སྐབས་འདིར་ལྔ་ཡོད་ཏེ།
རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག
རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་བཅས་ལྔའོ།།
དང་པོ། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད་ནི། འབྲས་རྟགས་ཡང་དག་གང་ཞིག རང་གི་དངོས་རྒྱུ་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བའོ།།
མཚན་གཞི་ནི། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ལྟ་བུ། དགོས་པ་ནི། མུ་སྟེགས་པས་དངོས་པོ་རིགས་མི་མཐུན་རྒྱུ་ལས་བྱུང་བ་འདོད་པ་བཀག་ནས་རྒྱུ་འབྲས་རྗེས་མཐུན་པ་ཡིན་པར་བསྟན་པའོ།།
གཉིས་པ། རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད་ནི།
འབྲས་རྟགས་ཡང་དག་གང་ཞིག རང་གི་རྒྱུ་སྔ་མ་སྔོན་སོང་དེ་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བའོ།། མཚན་གཞི་ནི། ནམ་མཁའི་དུ་བ་སྔོ་ལོང་པ་ཆོས་ཅན། རང་རྒྱུ་མེ་སྔོན་དུ་སོང་བ་ཡིན་ཏེ། དུ་བ་ཡིན་པའི་ཕྱིར་ལྟ་བུའོ།། དགོས་པ་ནི།
མུ་སྟེགས་རྒྱང་འཕེན་པས་སྐྱེས་མ་ཐག་པ་དེ་རྒྱུ་སྔ་མ་སྔོན་དུ་མ་སོང་པ་དང་།
རང་སྡེ་བྱེ་བྲག་སྨྲ་བས་རྒྱུ་འབྲས་དུས་མཉམ་སོགས་བཀག་ནས་འབྲས་བུ་ཡིན་ན་རང་གི་རྒྱུ་སྔོན་དུ་སོང་དགོས་པར་བསྟན་པ་ཡིན་ནོ།།
གསུམ་པ་རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད་ནི།
འབྲས་རྟགས་ཡང་དག་གང་ཞིག རང་གི་རྒྱུ་སྤྱིར་བཏང་བསྒྲུབ་བྱའི་ཆོས་སུ་བཟུང་བའོ།།
མཚན་གཞི་ནི། ཞལ་ཟས་རོ་མཆོག་མྱོང་བའི་གང་ཟག་ཆོས་ཅན། རྒྱུ་དགེ་བ་ལས་བྱུང་བ་ཡིན་ཏེ། བདེ་བ་ཡིན་པའི་ཕྱིར།
དགོས་པ་ནི། མུ་སྟེགས་རྒྱང་འཕེན་པ་སོགས་ཀྱིས་ཆོས་རྣམས་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་བར་འདོད་པ་དང་།
དབང་ཕྱུག་རྟག་པ་སོགས་ལས་བྱུང་བར་འདོད་པ་བཀག་ནས་འབྲས་བུ་རང་གི་རྒྱུ་ལས་བྱུང་བ་དང་། རྒྱུ་མེད་ལས་བྱུང་ན་རྟག་ཏུ་ཡོད་པའམ་མེད་པར་འབྱུང་བ་བསྟན་པའོ།།
བཞི་པ།རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད་ནི། འབྲས་རྟགས་ཡང་དག་གང་ཞིག རང་གི་རྒྱུ་བྱེ་བྲག་པ་ཞིག་བསྒྲུབ་བྱའི་ཆོས་སུ་བཟུང་བའོ།།
མཚན་གཞི་ནི། མདུན་གྱི་དམ་བཅའ་བ་ཆོས་ཅན། མ་ཡོད་པ་ཡིན་ཏེ།
མངལ་ནས་སྐྱེས་པའི་བུ་ཡིན་པའི་ཕྱིར་ལྟ་བུའོ།། དགོས་པ་ནི། མུ་སྟེགས་དབང་ཕྱུག་སོགས་ཀྱིས་སྣོད་བཅུད་ཀྱི་དངོས་པོ་རྣམས་རྒྱུ་གཞན་ལས་བྱུང་བར་འདོད་པའི་ལོག་རྟོག་བཀག་ནས་འབྲས་བུ་རྣམས་རང་གི་རྒྱུའི་ཁྱད་པར་གྱིས་བསྐྱེད་ཀྱི་གཞན་གྱིས་མི་སྐྱེ་བར་བསྟན་པའོ།།
ལྔ་པ། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་གི་མཚན་ཉིད་ནི།
འབྲས་རྟགས་ཡང་དག་གང་ཞིག རང་གི་རྒྱུའི་ཁྱད་པར་གྱི་ཆོས་དངོས་སུ་བསྒྲུབ་བྱའི་ཆོས་སུ་བཟུང་བའོ།། མཚན་གཞི། ཁ་ནང་བུ་རམ་གོང་བུའི་སྟེང་དུ་ཆོས་ཅན། བུར་རོ་སྔ་མ་དང་དངོས་རྒྱུ་ཚོགས་པ་གཅིག་པའི་བུར་གཟུགས་ད་ལྟ་བ་ཡོད་དེ། བུ་རོ་ད་ལྟ་བ་ཡོད་པའི་ཕྱིར་ལྟ་བུ་དང་།
གཞན་ཡང་དུ་བ་དྲག་ཏུ་འཕྱུར་བ་དང་ལྡན་པའི་ལ་ལ་ཆོས་ཅན། མེ་ད་ལྟ་བ་ཡོད་དེ། དུ་བ་དྲག་ཏུ་འཕྱུར་བའི་ཕྱིར་ལྟ་བུའོ།།
དགོས་པ་ནི། དབང་ཕྱུག་པས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དབང་ཕྱུག་གིས་བྱས་པར་འདོད་པའི་ལོག་རྟོག་བཀག་ནས་དངོས་པོ་ཐམས་ཅད་རང་གི་ཉེར་ལེན་གྱི་རྒྱུ་དང་།
ལྷན་ཅིག་བྱེད་རྐྱེན་ལས་བྱུང་བ་ཡིན་གྱི་དེ་ལས་གཞན་པའི་བྱེད་པ་པོ་མེད་པར་བསྟན་པའོ།།
བཞི་པ་མཇུག་མཐར་ཕྱིན་པའི་བསྔོ་བ་ནི།
དེ་ལྟར་སྒོ་གསུམ་སྤྲིན་རུམ་སྨུག་པོ་ཆེར་ཆེར་དབྱར་རྔ་སྒྲོག་པ་ཡིས། །
པད་དཀར་དགེ་བའི་ཆར་གྱི་ཟེགས་མ་རིལ་པོར་ལྷ་ལམ་བརྒྱུད་ནས་འབབ། །
བློ་གསར་སྐྱེད་ཚལ་བརླན་པས་གཞུང་ལུགས་འདབ་བརྒྱ་བཞད་པའི་བློ་གྲོས་སྐྱེས། །
དེ་ཡིས་རྒྱལ་བསྟན་ལུང་རྟོགས་ལྷ་ཡི་རྫིང་རིང་མཐར་ཐུག་གནས་འགྱུར་ཅིག །
བསམ་འཆར།