ཚད་མ་རྣམ་འགྲེལ་ལས་རང་དོན་ལེའུའི་དྲིས་ལན།

ཚད་མ་རྣམ་འགྲེལ་ལས་རང་དོན་ལེའུའི་དྲིས་ལན།


གཞུང་ལུགས་འཆད་པས་སྐལ་ལྡན་རྗེས་སུ་འཛིན། །རྩོད་པས་མི་ཤེས་རྒོལ་བའི་འགོ་བོ་འགེམས། །

ལེགས་བཤད་རྩོམ་པས་རྒྱལ་བསྟན་འཛིན་ཅིང་སྤེལ། །སྨྲ་བའི་ཟླ་བ་དཔལ་ལྡན་ཆོས་གྲགས་རྒྱལ། །


                

ཚད་མ་རྣམ་འགྲེལ་ལས་རང་དོན་ལེའུའི་དྲིས་ལན།


༡༽ ཚད་མ་རྣམ་འགྲེལ་ཞེས་པའི་འགྲེལ་པ་གང་ཤེས་རྒྱོབ?


ལན=དེ་ཡང་བསྟན་པ་སྤྱིའི་མགོན་པོ་གང་གིས་གསུངས་པའི་གསུང་རབ་རྣམས་ཚད་མ་ཡིན་པ་དང་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་དགོངས་པ་རྣམས་ཕྱིན་ཅི་མ་ལོག་པར་ཇི་ལྟ་བ་བཞིན་དུ་རྣམ་པ་མང་པོའི་ཐོག་ཏུ་འགྲེལ་པའི་རྒྱུ་མཚན་གྱིས་ཚད་མ་རྣམ་འགྲེལ་ཞེས་བརྗོད་པ་དང་།

  • འཇམ་མགོན་མི་ཕམ་རིན་པོ་ཆེས  དོན་མ་ནོར་བར་འཇལ་བའམ། གསར་དུ་མི་སླུ་བའི་རིག་པ་ལ་འཇུག་ཅིང་། དེ་ལ་དོན་འགྱུར་དུ་ཚད་མ་ཞེས་པར་མཛད་ལ། དེ་ལྟ་བུ་བརྗོད་བྱར་བསྟན་པའི་གཞུང་ཚད་མ་ཀུན་ལས་བཏུས་པ་ནི་སྐབས་འདིའི་ཚད་མ་ཡིན་ལ། དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་གཞུང་འདི་ཉིད་ཀྱིས་རྣམ་པར་འགྲེལ་བས་ན་ཚད་མ་རྣམ་འགྲེལ་པ་ཞེས་བྱའོ།།   །།




༢༽ རྟོགས་པའི་དྲྭ་བ་རྣམས་བསལ་ཅིང་།། ཞེས་སོགས་མཆོད་བརྗོད་ཀྱི་ཚིག་རྐང་བཞིའི་མཆོད་ཡུལ་ངོས་འཛིན་ཚུལ་ལ་མི་འདྲ་བ་ཇི་ཙམ་ཡོད་པ་དང་དེའི་ནང་ནས་འཇམ་མགོན་མི་ཕམ་རིན་པོ་ཆེའི་དགོངས་པ་ནི་གང?


  • ལན=རྟོགས་པའི་དྲྭ་བ་རྣམས་བསལ་ཅིང་།། ཞེས་པའི་སྐབས་མཆོད་བརྗོད་ཀྱི་ཡུལ་ལ་་་་ཇི་ལྟ་བ་དང་ཇི་རྙེད་སྟེ་མཁྱེན་གཉིས་ཀྱི་ཡེ་ཤེས་ཀྱི་དཔལ་མངའ་བ་སངས་རྒྱས་བཅོམ་ལྡན་འདས་ལ་བརྗོད་ཚུལ་དང་། ཡང་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་ཕྲིན་ལས་དང་བཅས་པ་ལ་བརྗོད་པ་དང་། ཡང་སློབ་དཔོན་གང་་འདི་ནི་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་སྐུ་ཡིན་པས་ཀུན་ཏུ་བཟང་པོ་ལ་བརྗོད་ཚུལ་དང་། ཡང་དུས་གསུམ་གཞོན་ནུའི་ལང་ཚོའི་དཔལ་དང་ལྡན་པ་འཇམ་དཔལ་དབྱངས་ལ་མཛད་པ་འདོད་པ་སོགས་འགྲེལ་ཚུལ་སྣ་ཚོགས་ཡོད་ཀྱང་། སྐབས་འདིར་འཇམ་མགོན་མི་ཕམ་རིན་པོ་ཆེའི་དགོངས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ཕྱག་མཛད་པས་གང་ལྟར་ཡང་འགལ་བ་མེད་པར་ཤེས་པར་བྱའོ།།    ཞེས་གསུངས་་སོ།།   །།


༣༽ ཕྱོགས་ཆོས་དེ་ཆས་ཞེས་པའི་སྐབས་ཀྱི་ཕྱོགས་སྒྲ་ཡི་འཇུག་ཡུལ་ཇི་ཙམ་ཡོད་པ་ཡིན?


ལན=ཕྱོགས་སྒྲ་འཇུག་པའི་ཡུལ་ལ་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་།  འདིར་འཇམ་མགོན་མི་ཕམ་རིན་པོ་ཆེས། ཚད་མ་རིག་གཏེར་ལས། ཕྱོགས་ནི་ཆོས་དང་ཆོས་ཅན་དང་། །

                                                  ཚོགས་པ་བརྗོད་ལ་དངོས་མིང་ཡིན། །

                                                  དེའི་ཕྱོགས་རེ་འཛིན་པའི་ཕྱིར། །

                                                  ཡ་གྱལ་གཉིས་ལ་བཏགས་ནས་འཇུག །ཅེས་གསུངས་པ་བཞིན་ཕྱོགས་སྒྲ་འཇུག་པའི་ཡུལ་ལ་ལྔར་བཞེད་པར་སྣང་སྟེ། ལེགས་བཤད་སྣང་བའི་གཏེར་ལས།   སྤྱིར་བཏང་ཕྱོགས་ཀྱི་སྒྲ་ནི་ཆོས་ཅན་སྒྲ་དང་ཆོས་མི་རྟག་པའི་ཚོགས་དོན་ཏེ་མི་རྟག་པར་ཤེས་འདོད་ཞུགས་པའི་ཆོས་ཅན་ལྟ་བུ་ལ་དངོས་མིང་དུ་ཡོངས་སུ་གྲགས་པ་ཡིན་ལ། དེ་ཡི་ཕྱོགས་གཅིག་ཆོས་ཅན་རྐྱང་པ་དང་། བསྒྲུབ་ཆོས་རྐྱང་པའང་བཏགས་མིང་དུ་འཇུག་སྟེ། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་ཕྱོགས་གཅིག་ལ་རིལ་པོའི་མིང་གི་འཇུག་པ་བཞིན་ནོ། །དེར་མ་ཟད་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལའང་ཕྱོགས་ཀྱི་མིང་འཇུག་མོད་ཀྱི། ཞེས་སོགས་གསུངས་པའི་ཕྱིར་རོ། །


༤༽སློབ་དཔོན་ཆོས་གྲགས་ཀྱིས་བསྟན་བཅོས་འདི་གཞན་ལ་ཕན་པའི་ཕྱིར་རྩོམ་པ་ཡིན་དང་མིན་རྒྱུ་མཚན་དང་བཅས་བྲིས?


ལན=གཞན་ལ་ཕན་པའི་ཕྱིར་རྩོམ་པ་ཡིན་ཏེ། སེམས་དཔའ་ཆེན་པོ་བསམ་བཞིན་གཞན་གྱི་དོན་གྱི་ཕྱིར་མིའི་སྲིད་པ་བཟུང་ནས་འཕྲིན་ལས་མཛད་པ་ཡིན་པའི་ཕྱིར་རོ།། འོ་ན་གཞུང་ལས།


              སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགསཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས།

              དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །

              ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །

              སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །


ཞེས་གསུངས་པ་དང་འགལ་སྙམ་ན། མ་ཡིན་ཏེ། དེ་ནི་སྣོད་དུ་མི་རུང་བ་རྣམས་ལ་རེ་ཞིག་ཕན་མི་ཐོགས་པར་གསུངས་པ་ཙམ་ཡིན་པའི་ཕྱིར་རོ།།


༥༽ རྟགས་ཡང་དག་གི་མཚན་ཉིད་རྩ་ཚིག་དང་བཅས་བཀོད་ནས་གཏན་ཚིགས་ཡང་དག་ལ་དབྱེ་བ་ག་ཚོད་ཡོད་པ་ཡིན་དཔེར་བརྗོད་རེ་རེ་བཞིན་བྲིས?


ལན=རྟགས་ཡང་དག་གི་མཚན་ཉིད་རྩ་ཚིག་ནི། གཞུང་ལས། 

                                    ཕྱོགས་ཆོས་དེས་ཆས་ཁྱབ་པ་ཡི།།

                                       གཏན་ཚིགས་དེ་ནི་རྣམ་གསུམ་ཉིད།།

ཞེས་ཕྱོགས་ཆོས། རྗེས་ཁྱབ། ལྡོག་ཁྱབ་སྟེ་ཚུལ་གསུམ་ཚང་བའི་གཏན་ཚིགས་ནི་རྟགས་ཡང་དག་གི་མཚན་ཉིད་དོ།།

དེ་ལ་དབྱེ་ན་དུ་མ་ཡོད་ཀྱང་གསུམ་ཉིད་དུ་འདུ་སྟེ། འབྲས་བུའི་རྟགས། རང་བཞིན་གྱི་རྟགས། མ་དམིགས་པའི་རྟགས་སོ།།

དང་པོ་འབྲས་བུའི་རྟགས་ཀྱི་དཔེར་བརྗོད་ནི། དུ་ལྡན་ལ་ལ་ཆོས་ཅན།  དུ་བ་ཡོད་དེ། མེ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ།།

གཉིས་པ་རང་བཞིན་གྱི་རྟགས་ཀྱི་དཔེར་བརྗོད་ནི། སྒྲ་ཆོས་ཅན།  མི་རྟག་པ་ཡིན་ཏེ།  བྱས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ།།

གསུམ་པ་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ནི། ཤ་ཟ་སྐལ་ལྡན་དུ་སོང་བའི་གང་ཟག་གི་ངོར་ཆོས་ཅན། ཤ་ཟ་མེད་དེ།  ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར་རོ།།  ཞེས་སོ།།   །།


༦༽ འབྲས་བུ་འདི་རང་གི་རྒྱུ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་མིན་རྒྱུ་མཚན་དང་བཅས་བྲིས?


ལན=འབྲས་བུ་གང་ཞིག་སྐྱེད་བྱེད་ཀྱི་རྒྱུ་ལ་དངོས་པོའི་རང་བཞིན་ནི་ཇི་སྙེད་ཅིག་ཚོགས་དགོས་པ་དེ་ལས་གང་ཡང་རུང་བ་གཅིག་མེད་ན་འབྲས་བུ་དེ་ཡང་མི་འབྱུང་བར་ངེས་པའི་ཕྱིར་། འབྲས་བུ་དེ་ནི་རྒྱུ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ནོ།།

              གཞུང་ལས།   རྒྱུ་ལ་རང་བཞིན་ཇི་སྙེད་ཅིག།

                          མེད་ན་མི་འབྱུང་འབྲས་བུ་ནི།།

                          གཏན་ཚིགས་་་་་་་་་་་་་་་་་་་་་་།།        ཞེས་པ་སྟེ་དཔེར་ན་


འབྲས་བུ་ཆོས་ཅན།  རང་གི་རྒྱུ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། རྒྱུ་ཚོགས་པ་ལས་འབྲས་བུ་བྱུང་བ་ཡིན་པའི་ཕྱིར་རོ།།    །།


༧༽ རྒྱུ་ཚོགས་པས་འབྲས་བུ་སྐྱེ་རུང་དཔོག་པ་ཆོས་ཅན།  རྟག་གསུམ་དུ་མ་འདུས་པ་ཐལ། འབྲས་རང་མ་དམིགས་པའི་རྟགས་གསུམ་པོ་གང་ཡང་མ་ཡིན་པའི་ཕྱིར། ཞེས་པའི་ཐལ་བ་ལ་ལན་ཇི་ལྟར་མཛད་འདུག?


ལན=གཞུང་ལས=

རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར།།

རྗེས་སུ་དཔོག་པ་གང་ཡིན་པ།།

དོན་གཞན་ལ་ནི་མི་ལྟོས་ཕྱིར།།

དེ་ནི་རང་བཞིན་ཡིན་པར་བརྗོད།།

ཞེས་པས་རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པ་འདི་ནི་ལེགས་པར་དཔྱད་ན་རྒྱུའི་ནུས་པ་དེ་དོན་གྱི་དངོས་པོ་གཞན་ལ་ནི་མི་ལྟོས་པར། རྒྱུའི་ཚོགས་པ་རང་ཉིད་གྲུབ་ཙམ་ནས་འབྲས་བུ་འབྱུང་རུང་གི་ངོ་བོར་གྲུབ་པའི་ཕྱིར། དཔེར་ན་མར་མེ་སྐྱེས་ཙམ་ནས་འོད་རང་ཆས་སུ་གྲུབ་པ་ལྟར་རྒྱུ་ཚོགས་པ་རང་གི་ཆོས་ཉིད་དམ་རང་བཞིན་ནི་འབྲས་བུ་སྐྱེད་པའི་ནུས་པ་དང་ལྡན་པར་ཤེས་པ་ཡིན་པས་ན། དེ་ནི་རང་བཞིན་གྱི་རྟགས་ཡིན་པར་བརྗོད་དེ་དེའི་ནང་དུ་འདུས་སོ།། ཞེས་གསུངས་སོ།།      །།


༨༽རྒྱུ་ཡི་ཆོས་རྗེས་སུ་དཔོག་པའི་འབྲས་རྟགས་ཀྱི་དཔེར་བརྗོད་ཇི་ཙམ་ཡོད་པ་ཡིན་ལེགས་བཤད་སྣང་བའི་གཏེར་གྱི་འགྲེལ་པ་ལྟར་འཁོད?


ལན=གཞུང་ལས།   རྒྱུ་ཆོས་རྗེས་སུ་དཔག་པ་སྟེ།།  

                དུ་བས་བུད་ཤིང་འགྱུར་བ་བཞིན།།  ཞེས་པ་ལྟར། དཔེར་ན་རྟགས་དྲག་ཏུ་ཕྱུར་བའི་དུ་བས་བུད་ཤིང་གི་མདོག་འགྱུར་བ་རྗེས་སུ་དཔོག་པ་བཞིན་ཏེ། བུད་ཤིང་མ་ཚིག་པར་དུ་བ་མཐོང་བ་མེད་ལ། དེ་བཞིན་གཟུགས་སོགས་དང་བྲལ་བའི་རོ་མི་སྲིད་པས་སོ།། བུད་ཤིང་གི་འགྱུར་བ་ཐལ་བ་བཞེད་པའམ་ཡོད་དེ། དེ་བཞིན་ཨུཏྤལ་ལ་སོགས་ཀྱི་དྲི་ཚོར་བས་དེའི་གཟུགས་སོགས་ཡོད་པར་རྟོགས་པ་དང་། བུ་རམ་སྨུག་པོའི་གཟུགས་སོགས་ལས་རོ་མངར་བར་རྟོགས་པ་སོགས་སྦྱར་རོ།།   །།


༩༽དགག་རྟགས་ལ་མི་སྣང་བ་མ་དམིགས་པ་དང་སྣང་རུང་མ་དམིགས་པའི་རྟགས་གཉིས་སུ་ཕྱེ་བའི་རྒྱུ་མཚན་གང?


ལན=འདི་བཤད་པའི་དགོས་པ་ནི་གཞི་གང་དུ་ཆོས་གང་ཞིག་མེད་ངེས་སུ་སྒྲུབ་པ་ལ་སྣང་དུ་རུང་བ་དང་མི་རུང་བའི་ཁྱད་པར་ཕྱེ་ནས་སྣང་རུང་རྣམས་མ་དམིགས་པས་ཁེགས་པར་སྟོན་ལ། སྣང་དུ་མི་རུང་བ་ནི་མ་མཐོང་བ་ཙམ་གྱིས་མི་ཁེགས་པར་བསྟན་པའི་ཕྱིར་ཡིན་ཏེ། ཡོད་ཀྱང་སྣང་དུ་མི་རུང་བ་ཡོད་དམ་སྙམ་ན། ཡོད་དེ་ཡུལ་དུས་རང་བཞིན་གྱི་བསྐལ་བ་གསུམ་ནི་སྣང་དུ་མི་རུང་བའོ།།   །།ཞེས་གསུངས་སོ།།  །།


༡༠༽ གཞུང་ལས་མེད་དོན་ཅན་མི་དམིགས་རྣམ་བཞི།། ཞེས་པའི་སྐབས་ཀྱི་སྣང་རུང་མ་དམིགས་པའི་གཏན་ཚིགས་བཞིའི་ངོས་འཛིན་དཔེར་བརྗོད་དང་བཅས་བྲིས?


ལན=མེད་དོན་ཅན་མི་དམིགས་རྣམ་བཞི། །ཞེས་པའི་སྐབས་ནས་བསྟན་པའི་གཏན་ཚིགས་བཞི་ནི།  རང་བཞིན་འགལ་དམིགས། འབྲས་བུ་འགལ་དམིགས། རྒྱུ་མ་དམིགས་པ། རང་བཞིན་མ་དམིགས་པ་སྟེ་བཞི་ཡིན་ནོ།། དེ་དག་གི་དཔེར་བརྗོད་རྣམས་ཀྱི་རིམ་པ་བཞིན། 

 དང་པོ། མེ་སྟོབས་ཀྱི་ངེས་པའི་ས་གཞི་ནང་ཆོས་ཅན།  གྲང་རེག་མེད་དེ།  མེ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ།།

གཉིས་པ་།  གཞི་འདི་ནང་ཆོས་ཅན།  གྲང་རེག་མེད་དེ།   དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ།།

གསུམ་པ།   གྲང་རེག་ཁྱབ་པའི་ས་གཞི་ནང་ཆོས་ཅན།  དུ་བ་མེད་དེ།  མེ་མ་དམིགས་པའི་ཕྱིར་ཞེས་པའོ།།

བཞི་པ། བུམ་པས་དག་པའི་ས་ཕྱོགས་ནང་ཆོས་ཅན། བུམ་པ་མེད་ནེ། བུམ་པ་མ་དམིགས་པའི་ཕྱིར་རོ།།   །།


༡༡༽འགལ་འབྲས་དམིགས་ནས་དགག་བྱ་འགོག་ནུས་ན་འོ་ན་འགལ་རྒྱུ་དམིགས་པས་ཀྱང་དགག་བྱ་ཁེགས་སམ་ཞེས་པའི་རྒོལ་བ་ལ་ལན་ཇི་ལྟར་འདེབས་འདུག?


ལན=འོ་ན་འགལ་བའི་རྒྱུ་དམིགས་པས་ཀྱང་ཁེགས་སམ་ཞེ་ན། དགག་བྱ་དེ་དང་འགལ་བ་ཡི་ནི་རྒྱུ་དམིགས་པའི་སྦྱོར་བ་འགོད་པ་གང་ཡིན་པ་དེ་ལ་འགལ་རྒྱུ་ཡིན་པ་ཙམ་གྱིས་མི་ཁེགས་ཏེ་འགལ་རྒྱུ་དེ་ཡོད་ན་དགག་བྱ་དེ་ཡོད་མི་ཤེས་པའི་རྒྱུ་མཚན་དག་ནི་འགལ་བ་ཉིད་དམ། འགལ་བ་ཉིད་ཀྱི་རྒྱུ་མཚན་དག་ནི་མེད་ན་རྟགས་དེ་དེ་སྒྲུབ་ལ་འཁྲུལ་པ་ཅན་ཡིན་ཏེ་བུད་ཤིང་དམིགས་པས་གྲང་རེག་འགོག་པ་བཞིན་ནོ།། རྒྱུ་མཚན་ཡོད་ན་ཁེགས་ནུས་ཏེ། གྲང་འབྲས་སྤུ་ལོང་སོགས་ཀྱི་ཁྱད་པར་མེད་དེ། མེའི་བྱེ་བྲག་ཉེ་བའི་ཕྱིར་ཞེས་པ་བཞིན་ནོ།།   །།


༡༢༽མུ་སྟེགས་རིག་པ་ཅན་པས  སྐྱེ་བོ་ཕ་རོལ་པོ་ཆོས་ཅན། འདོད་ཆགས་དང་བཅས་པ་ཡིན་ཏེ། ལུས་དང་ལྡན་པའི་ཕྱིར་ཞེས་བཀོད་པའི་སྦྱོར་བ་དེ་ཆོས་ཅན། མ་ངེས་པའི་གཏན་ཚིག་མ་ཡིན་པ་ཐལ། ཐུང་མོང་དང་ཐུན་མིག་གྱི་མ་ངེས་པ་གཉིས་པོ་གང་ཡང་མ་ཡིན་པའི་ཕྱིར། ཞེས་པའི་ཐལ་བ་ལ་ལན་ཇི་ལྟར་འདེབས་དགོས་པ་ཡིན?


ལན=ཐུན་མོང་གི་མ་ངེས་པ་ཡིན་ཏེ། ལུས་དང་ལྡན་པའི་སྐྱེ་བོ་ཕ་རོལ་པོ་ལ་འདོད་ཆགས་ཡོད་པར་མཐོང་བ་ཙམ་གྱི་གཏན་ཚིག་ཡང་དག་ཉིད་དུ་མི་འགྱུར་ཏེ།  ལུས་དང་ལྡན་ལ་འདོད་ཆགས་མེད་པ་ཡང་ཡོད་དེ་བདག་འཛིན་སྤངས་པའི་དགྲ་བཅོམ་པ་དང་བྱེ་བྲག་ས་རྡོ་སོགས་ལ་འདོད་ཆགས་མེད་པའི་ཕྱིར་་་ཞེས་ལན་དེ་ལྟར་དུ་འདེབས་དགོས་པ་ཡིན་ནོ།།  


༡༣༽རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་ན་སྐྱོན་ཇི་ཙམ་ཡོད་པ་ཡིན་རྒྱས་བསྡུས་མཚམས་པ་ཞིག་བྲིས?

ལན=རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་ཁྱབ་གྲུབ་པར་འདོད་ན་སྐྱོན་དྲུག་ཡོད་དེ། མི་མཐུན་སྦྱོར་གྱི་ངག་སྨོས་པ་དོན་མེད་དུ་ཐལ་བ་དང་། ལྷག་ལྡན་ཡང་འཁྲུལ་པ་མེད་པར་ཐལ་བ་དང་། སྲོག་ལྡན་གོ་བྱེད་ཡིན་པར་ཐལ་བ་དང་། ལྡོག་ཁྱབ་ཐེ་ཚོམ་ཟ་བའམ་རྟགས་སུ་ཐལ་བ་དང་། མཉན་བྱས་ཕྱོགས་གཉིས་ཁེགས་པར་ཐལ་བ་དང་། རེག་བྱ་འོགག་པ་རིགས་པར་ཐལ་བ་སོགས་པའི་སྐྱོན་དྲུག་ཡོད་དོ།།   །།


༡༤༽གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་། །དེ་ཡིས་མ་གྲུབ་ལྡོག་དོན་དང་། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། ངེས་པ་བརྗོད་པར་མཛད་པ་ཡིན།། ཞེས་པའི་གཞུང་དོན་རང་བློས་གང་ནུས་པ་ཞིག་བྲིས?


ལན=རྟགས་འདི་རྩོད་གཞི་ཆོས་ཅན་གྱི་སྟེང་དུ་མ་གྲུབ་པའི་གཉེན་པོར་་་་རྟགས་འདི་རྩོད་གཞི་ཆོས་ཅན་གྱི་སྟེང་དུ་མི་ལྡན་རྣམ་གཅོད་ཀྱི་ཚུལ་དུ་གྲུབ་དགོས་ཞེས་ཕྱོགས་ཆོས་ངེས་པ་བརྗོད་པ་དང་། རྟགས་འདི་ཡིན་ན་བསྒྲུབ་བྱའི་ཆོས་ཡིན་པས་མ་ཁྱབ་པའི་གཉེན་པོར་་་་་རྟགས་འདི་ཡིན་ན་བསྒྲུབ་བྱའི་ཆོས་ཡིན་པས་ཁྱབ་དགོས་ཞེས་རྗེས་འགྲོའི་ངེས་པ་དང་། བསྒྲུབ་བྱའི་ཆོས་ལས་ལོག་ན་་རྟགས་འདི་ལས་ལོག་པས་མ་ཁྱབ་པའི་གཉེན་པོར་་་་་་བསྒྲུབ་བྱའི་ཆོས་ལས་ལོག་ན་རྟགས་འདི་ལས་ལོག་པས་ཁྱབ་ཞེས་ལྡོག་ཁྱབ་ངེས་པ་བརྗོད་པའོ།།   །།







༡༥༽ མུ་སྟེགས་རིག་པ་ཅན་པས་ གསོན་ལས་ཆོས་ཅན་ བདག་དང་བཅས་པ་ཡིན་ཏེ། སྲོག་དང་ལྡན་པའི་ཕྱིར། ཞེས་བཀོད་པའི་སྦྱོར་བ་དེ་ཆོས་ཅན། མ་ངེས་པའི་གཏན་ཚིག་མ་ཡིན་པ་ཐལ། ཐུན་མོང་དང་ཐུན་མིན་གྱི་མ་ངེས་པ་གཉིས་པོ་གང་ཡང་མ་ཡིན་པའི་ཕྱིར། ཞེས་པའི་ཐལ་བ་ལ་ལན་ཇི་ལྟར་འདེབས་དགོས་པ་ཡིན?


ལན=རྟགས་འདི་འདྲ་བ་ཐུན་མིན་གྱི་མ་ངེས་པ་ཡིན་ཏེ། གསོན་ལུས་ཐམས་ཅད་ནི་ཕྱོགས་ཤེས་འདོད་དུ་གྱུར་པས་མཐུན་དཔེ་མི་སྲིད་ལ། བདག་མེད་ཀྱང་སྲོག་ཡོད་པ་ལ་འགོག་བྱེད་མེད་པས་ མི་མཐུན་ཕྱོགས་ལས་ལྡོག་པ་ལ་ངེས་པ་སྐྱེ་མི་རུང་བས་སོ།།  ཞེས་ཐལ་བ་ལ་ལན་དེ་ལྟར་འདེབས་དགོས་པ་ཡིན་ནོ།།   །།


༡༦༽རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་ན་སྐྱོན་ཇི་ཙམ་ཡོད་པ་ཡིན་རྒྱས་བསྡུས་མཚམས་པ་ཞིག་བྲིས?

ལན=རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་ཁྱབ་གྲུབ་པར་འདོད་ན་སྐྱོན་དྲུག་ཡོད་དེ། མི་མཐུན་སྦྱོར་གྱི་ངག་སྨོས་པ་དོན་མེད་དུ་ཐལ་བ་དང་། ལྷག་ལྡན་ཡང་འཁྲུལ་པ་མེད་པར་ཐལ་བ་དང་། སྲོག་ལྡན་གོ་བྱེད་ཡིན་པར་ཐལ་བ་དང་། ལྡོག་ཁྱབ་ཐེ་ཚོམ་ཟ་བའམ་རྟགས་སུ་ཐལ་བ་དང་། མཉན་བྱས་ཕྱོགས་གཉིས་ཁེགས་པར་ཐལ་བ་དང་། རེག་བྱ་འགོག་པ་རིགས་པར་ཐལ་བ་སོགས་པའི་སྐྱོན་དྲུག་ཡོད་དོ།།   །།


༡༧༽མ་མཐོང་བ་ཙམ་གྱིས་མེད་པར་ཁྱབ་ན་གཞན་སྡེ་བྲེ་བྲག་པ་སོགས་ཀྱིས་གསོན་ལུས་བདག་ཡོད་པར་འདོད་པ་སོགས་ལ་ཁས་ལེན་འགལ་བའི་དགག་པ་ཇི་ལྟར་མཛད་འདུག?


ལན=གཞུང་ལས།

          བདག་ལ་ས་ལ་ཤེས་ཡོད་སོགས།། མེད་པར་རབ་སྒྲུབ་བྱེད་མིན་པའི།།

         མ་དམིགས་གང་ཡིན་དེ་ཁོ་ན།།   གཏན་ཚིགས་མེད་སྒྲུབ་ཡིན་ནམ་ཅི།།

ཞེས་པར་ལྟར་བྱེ་བྲག་པས་གསོན་ལུས་བདག་བཅས་སུ་སྒྲུབ་པ་དང་། རྒྱང་འཕེན་པས་ས་ལ་ཤེས་པ་ཡོད་པ་དང་། སོགས་ཁོངས་ནས་གྲངས་ཅན་པས་འོ་མ་ལ་ཞོ་ཡོད་པར་འདོད་པས་སོགས་ནི་ཡོད་པར་སྒྲུབ་ཀྱི། དེ་དག་མེད་པར་རབ་ཏུ་སྒྲུབ་པར་བྱེད་པ་མིན་པའི་བདག་ཉིད་དུ་ཁས་ལེན་ཡང་། མ་མཐོང་བ་ཙམ་གྱིས་མེད་པར་འགྲུབ་ན་བདག་ལ་སོགས་པ་དེ་དག་ཀྱང་མ་དམིགས་པའི་ཕྱིར་དེ་དག་མ་དམིགས་པ་གང་ཡིན་པ་དེ་ཙམ་ཁོ་ན། གཏན་ཚིགས་ཡང་དག་པ་བདག་སོགས་མེད་པར་སྒྲུབ་པ་ཉིད་དུ་ཁས་ལེན་པ་ཡིན་ནམ་ཞེས་བརྒལ་བའོ།།   །།


༡༨༽དེ་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལ་གཞི་མི་འདོད། །དེ་དག་མེད་ནའམ་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར།། ཞེས་པའི་འགྲེལ་བ་རྒྱོབ?


ལན=ལྡོག་ཁྱབ་འབྲེལ་བའི་སྒོ་ནས་ངེས་ནུས་པ་དེ་ཕྱིར་ཆོས་མི་མཐུན་པའི་དཔེ་ལ། ངེས་པར་ཏེ་མཐའ་གཅིག་ཏུ་ལྡོག་ཁྱབ་འདི་ལ་གང་ལས་ལྡོག་པར་བྱ་བའི་གཞི་ཉིད་དུ་གྲུབ་པ་ཞིག་དགོས་པར་མི་འདོད་དེ། མེ་དང་མི་རྟག་ལྟ་བུ་དེ་དག་མེད་པ་ཙམ་ནའང་དུ་བ་དང་བྱས་པ་ལྟ་བུ་དེ་དག་མེད་པར་འགྱུར་ཅེས་བརྗོད་པ་ལས་ཀྱང་ལྡོག་ཁྱབ་དེ་རྟོགས་པར་འགྱུར་རིགས་པའི་ཕྱིར་རོ།།   །།


༡༩༽སྒྲུབ་རྟགས་ཁྱབ་པ་གཉིས་པོ་འབྲེལ་བར་ལྟོས། ཅེས་པའི་འབྲེལ་བའི་དབྱེ་བ་དང་དབྱེ་བ་འདི་ཡང་ བསྡུ་ན་འབྲེལ་བ་གང་དུ་བསྡུ་བ་ཡིན?


ལན=གཞུང་ལས། མེད་ན་མི་འབྱུང་ངེས་ཕྱིར་རོ།། ཞེས་འབྲེལ་བའི་དབྱེ་བ་ལ་གཉིས་ཡོད་དེ་ངོ་བོ་བདག་གཅིག་གི་འབྲེལ་བ་དང་དེ་ལས་དེ་བྱུང་གི་འབྲེལ་བའོ།། དབྱེ་བ་འདི་ཡང་བསྡུ་ན་མེད་ན་མི་འབྱུང་གི་དབྱེ་བ་ན་བསྡུ་བ་ཡིན་ནོ།།  །།





༢༠༽མ་དམིགས་པའི་རྟགས་ཐམས་ཅད་ངོ་བོ་མ་དམིགས་པ་དང་འབྲེལ་ཡུལ་མ་དམིགས་པ་དང་འགལ་ཟླ་དམིགས་པ་གསུམ་ལ་བསྡུ་བར་བཤད་ན་བསྡུ་ཚུལ་ཇི་ལྟར་ཡིན?


ལན=དེ་ཡང་རང་བཞིན་མ་དམིགས་པ་ནི་རང་གི་ངོ་བོ་མ་དམིགས་པ་ཡིན་ལ། རྒྱུ་ཁྱབ་བྱེད་འབྲས་བུ་མ་དམིགས་པ་གསུམ་འབྲེལ་ཡུལ་མ་དམིགས་པ་དང་། ལྷག་མ་དྲུག་འགལ་ཟླ་དམིགས་པ་ཡིན་ནོ།། ཞེས་གསུངས་སོ།།   །།


༢༡༽རྒྱུ་དང་འབྲས་བུའི་དངོས་པོའམ།། རང་བཞིན་ངེས་པར་བྱེད་པ་ལས།། མེད་ན་མི་འབྱུང་ངེས་པ་སྟེ།། མ་མཐོང་ལས་མིན་མཐོང་ལས་མིན།། ཞེས་པའི་འགྲེལ་པ་སྦྱོར་བ་གང་རུང་ཞིག་ལ་སྦྱར་ནས་བྲིས?


ལན=ཞེས་པའི་གཞུང་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལ་མཚོན་ནས་འགྲེལ་ན་ བྱས་དང་མི་རྟག་པ་རང་བཞིན་འབྲེལ་བར་ངེས་པར་བྱེད་པའི་ཚད་མས་མི་རྟག་པ་མེད་ན་བྱས་པ་མི་འབྱུང་བར་ངེས་པས་རྗེས་སུ་འགྲོ་ལྡོག་འགྲུབ་པ་ཡིན་པ་དང་། གཞན་རྟགས་མཐུན་ཕྱོགས་ལ་མཐོང་བ་དང་མི་མཐུན་ཕྱོགས་མ་མཐོང་བ་ཙམ་གྱིས་རྗེས་སུ་འགྲོ་ལྡོག་འཁྲུལ་མེད་དུ་གྲུབ་པ་མིན་ནོ་ཞེས་པ་ཡིན་ནོ།།   །།


༢༢༽རྟགས་ཡང་དག་གི་སྔ་རྒོལ་ཡིན་ན་ཁྱབ་པ་དཔེའི་སྟེང་དུ་གཏན་ལ་འབེབས་དགོས་པར་ཁྱབ་མི་ཁྱབ་རྒྱུ་མཚན་དང་བཅས་བྲིས?


ལན=རྟགས་ཡང་དག་གི་སྔ་རྒོལ་ཡིན་ན་ཁྱབ་པ་དཔེའི་སྟེང་དུ་ངེས་པ་གཏན་ལ་འབེབས་མི་དགོས་ཏེ། རྒོལ་བ་མཁས་པ་རྣམས་ནི་ཆོས་མཐུན་སྦྱོར་གྱི་གྲུབ་ངག་ལ་ལྟོས་མི་དགོས་པས།  ཕྱོགས་ཆོས་འབའ་ཞིག་ཙམ་བརྗོད་པས་ཁྱབ་པ་ངེས་ནུས་པའི་ཕྱིར་རོ།།   །།


༢༣༽མུ་སྟེགས་བརྡ་སྤྲོད་པས་མེ་མེད་ན་དུ་བ་མེད་པས་མ་ཁྱབ་པའི་དཔེ་ཇི་ལྟར་ཡོད་པ་དང་ནང་པ་སངས་རྒྱས་པས་དེ་ལ་ལན་ཇི་ལྟར་འདུག?


ལན=བརྡ་སྤྲོད་རྣམས་ན་རེ། མེ་མེད་པར་དུ་བ་སྐྱེ་བ་མེད་པར་མ་ངེས་ཏེ། དཔེར་ན་དུ་བ་བརྒྱ་བྱིན་གྱི་སྤྱི་བོར་གྲགས་པ་གྲོག་མཁར་ལས་ཀྱང་འབྱུང་བར་མཐོང་བས་སོ་ཞེས་ནང་པ་སངས་རྒྱས་པར་ལ་རྒོལ་བ་དང་། ནང་པ་སངས་རྒྱས་པས་དེའི་བརྒལ་ལན་དུ། དེ་ལྟར་གསུངས་ཏེ། བརྒྱ་བྱིན་གྱི་སྤྱི་བོ་དེ་དངོས་སུ་དུ་བ་སྐྱེད་ནུས་ཀྱི་མེའི་རང་བཞིན་ཡིན་ནམ་མིན། ཡིན་ན་རྒྱུ་མེ་དངོས་ལས་དུ་བ་སྐྱེད་པས་སྐྱོན་མེད་ཅིང་། མེ་མིན་ན་དུ་བ་ཇི་ལྟར་གྲུབ་ཀྱི་མེ་ལོག་པ་ཁོ་ནས་མེ་འབྲས་དུ་བ་མ་ཡིན་པར་གྲུབ་ཀྱི་དཔྱད་པ་གཞན་མི་དགོས་སོ།།  ཞེས་ལན་དེ་ལྟར་མཛད་འདུག་གོ།     །།


༢༤༽ཕྱི་རོལ་པས་ བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་འགྲུབ་པའི་སྦྱོར་བ་ཆོས་ཅན། སྦྱོར་བ་ཡང་དག་མ་ཡིན་པ་ཐལ། རྟགས་ཆོས་ངོ་བོ་ཐ་དད་མེད་པའི་ཕྱིར།། ཞེས་པའི་ཐལ་བ་ལ་ལན་རྒྱས་བསྡུས་མཚམས་པ་ཞིག་རྩ་ཚིག་དང་སྦྱར་ནས་བྲིས?


ལན=རྩ་ཚིག་ནི། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར།། 

                 མཐུན་དོངས་གཞན་གྱི་དངོས་དག་ལས།། ལྡོག་པ་ལ་ནི་བརྟེན་པ་ཅན།  །ཞེས་ཐལ་བ་ལ་ལན་ཇི་ལྟར་འདེབས་འདུག་ན་རྟགས་ཆོས་ངོ་བོ་ཐ་དད་མེད་ཀྱང་།  ལྡོག་པ་ཐ་དད་ཡོད་པའི་ཕྱིར་སྦྱོར་བ་ཡང་དག་མ་ཡིན་པ་ཉིད་དུ་མི་འགྱུར་རོ།། ཞེས་གསུངས་སོ།།   །།





༢༥༽འགལ་བའི་ཁྱབ་བྱ་ཙན་དན་གྱི་མེ་དམིགས་ནས་གྲང་རེག་འགོག་པ་ལ་འོ་ན་མེའི་བྱེ་བྲག་མཐའ་ཡས་པ་ལ་སྦྱོར་དགོས་པས་མི་འཐད་ཅེས་པའི་རྒོལ་བ་ལ་ལན་བྲིས་ནས་གཞན་མེའི་དངོས་རྒྱུ་དམིགས་པ་དང་མེའི་རྒྱུ་ནུས་པ་ཐོག་མེད་ཀྱིས་གྲང་རེག་འགོག་མི་ནུས་པའི་ཇི་ལྟར་གསུངས་འདུག?


ལན=སྦྱོར་བས་དབྱེ་ཙམ་གྱི་སྐབས་ཁྱབ་བྱ་གཅིག་ལ་སྦྱར་ནས་གཞན་ཀུན་དེ་དང་འདྲ་བས་སོ་སོར་སྦྱར་དགོས་པར་མི་འགྱུར་ལ། སྦྱོར་བ་འདི་ཡང་འགོད་ཚུལ་ཡང་དག་ཡིན་པ་དང་། ཁྱབ་བྱ་ཉིད་དགག་བྱར་སྦྱོར་ཏེ་གཞུང་ལས་གསུངས་པས་ཁྱབ་བྱེད་ལའང་སྦྱར་ན་འགལ་བ་མེད་པའི་ཕྱིར་རོ་ཞེས་ལན་འདེབས་འདུག་པ་དང་། མེའི་དངོས་རྒྱུ་དང་ནུས་པ་ཐོགས་མེད་གྲངས་རེག་འགོག་མི་ནུས་ཏེ། གྲང་རེག་དང་འགལ་བ་ཙམ་གྱིས་དེ་འགོག་ནུས་པའི་རྒྱུ་མཚན་མེད་པའི་ཕྱིར་དང་། འགལ་རྒྱུ་ནུས་པ་ཐོགས་མེད་དེ་ཡོན་ན་འགལ་ཟླ་གྲང་རེག་མེད་པའི་རྒྱུ་མཚན་མ་དམིགས་སོ།།   །།


༢༦༽སེལ་འཇུག་དང་སྒྲུབ་འཇུག་གི་གོ་དོན་ངོས་བཟུང་ནས་སྒྲ་རྟོག་ཡུལ་ལ་སེལ་བའི་སྒོ་ནས་འཇུག་ཚུལ་བྲིས?


ལན=རང་ཡུལ་ལ་འཇུག་པའི་སྐབས་ཆ་ཤས་སུ་ཕྱེ་ནས་འཇུག་པ་སེལ་འཇུག་དང་།

  རང་ཡུལ་ལ་འཇུག་པའི་སྐབས་ཆ་ཤས་སུ་ཕྱེ་ནས་མ་འཇུག་པ་སྒྲུབ་འཇུག་ཡིན་ནོ།། 

སྒྲ་སེལ་བའི་སྒོ་ནས་འཇུག་ཚུལ་ནི་ཀ་བ་ཞེས་པའི་སྒྲས་ནི་གཞན་ཀ་བའི་སྟེང་གི་བྱས་མི་རྟག་སོགས་སེལ་བའི་སྒོ་ནས་འཇུག་པ་དང་། བློ་རྟོག་ངོར་ནས་ཤར་བའི་ཀ་བ་སོགས་ཀྱི་མི་རྟག་པ་འཛིན་པའི་སྐབས་ཀ་བའི་དོན་བྱེད་དང་ཀ་བའི་བྱས་པ་སོགས་སེལ་བ་ཡིན་པས་་་་སྒྲ་རྟོག་ཡུལ་ལ་སེལ་བའི་སྒོ་ནས་དེ་ལྟར་འཇུག་པ་ཡིན་ནོ།།   །།




༢༧༽གང་ཕྱིར་དངོས་ཀུན་རང་བཞིན་གྱིས།། རང་རང་ངོ་བོ་ལ་གནས་ཕྱིར།། མཐུན་དངོས་གཞན་གྱི་དངོས་དག་ལས།། ལྡོག་པ་ལ་ནི་བརྟེན་པ་ཅན།། ཞེས་པའི་གཞུང་ཚིག་འདིའི་ཚིག་འགྲེལ་རྒྱོབ?


ལན=འདི་ལྟར་གང་གི་ཕྱིར་ཇི་སྙེད་པའི་དངོས་པོ་འདི་ཀུན་རང་གྲུབ་ཙམ་ནས་ཐ་སྙད་ཀྱི་ཆོས་ཉིད་དམ་རང་བཞིན་གྱིས་རང་རང་སོ་སོའི་ཐུན་མིན་མ་འདྲེས་པའི་ངོ་བོ་ལ་གནས་པའི་ཕྱིར། རང་དང་རིགས་མཐུན་པའི་དངོས་པོ་ཕལ་དང་རིགས་མི་མཐུན་པ་གཞན་གྱི་དངོས་པོ་མཐའ་དག་ལས་ལྡོག་པ་ལ་ནི་བརྟེན་པ་ཅན་ཏེ། གཞན་གང་དང་ཡང་མ་འདྲེས་པ་དེ་ལྟ་བུའི་ངང་ཚུལ་དང་ལྡན་པ་ཡིན་ནོ།།   །།


༢༨༽བུམ་པ་རྟོགས་པའི་མངོན་སུམ་གྱིས་དེའི་བྱས་མི་རྟག་ཀྱང་མཐོང་ན་ བུམ་པ་མི་རྟག་པར་སྒྲུབ་པའི་རྗེས་དཔག་དགོས་མེད་དུ་འགྱུར་རོ་ ཞེས་པའི་ལན་དང་ཕྱི་ནང་གི་འཁྲུལ་པའི་རྒྱུ་ཡང་ངོས་ཟུངས?


ལན=འདི་ལྟར་བུམ་པ་མཐོང་བ་ན་དེའི་སྟེང་གི་བྱས་མི་རྟག་སོགས་དེ་དང་ངོ་བོ་གཅིག་པ་ཀུན་མཐོང་བ་ཡིན་ཡང་། གཟུགས་དཀར་བ་ལ་སོགས་པ་ཆོས་མཐུན་པ་མཐོང་བ་ཡི་རྒྱུ་མཚན་ལས། ཉ་ཕྱིས་ལ་དངུལ་ཡིན་པའི་རྣམ་པ་སྣང་བ་ལྟར། གལ་ཏེ་གཟུགས་མཐོང་བ་ན་འདྲ་བ་གཞན་འབྱུང་བ་སོགས་འཁྲུལ་པའི་རྒྱུ་མཚན་གྱིས་མི་རྟག་པར་མ་ངེས་ཤིང་། དངོས་པོ་དེ་ལ་མེད་པའི་ཡོན་ཏན་གཞན་རྟག་པ་སོགས་སུ་སྦྱོར་བའམ་སྒྲ་འདོགས་པར་མི་བྱེད་པ་ཞིག་ན་ཁྱེད་བདེན་ཡང་། འཁྲུལ་རྒྱུས་བསླད་ནས་ཕྱིནཅི་ལོག་རྟག་འཛིན་སོགས་སྲིད་པའི་ཕྱིར་རྟགས་ཀྱིས་བསྒྲུབ་པ་མི་དགོས་པར་མི་འགྱུར་རོ།། 

ལེགས་བཤད་སྣང་བའི་གཏེར་ལས། 

                  གཟུགས་ཆོས་མཐུན་པ་མཐོང་བ་ལས།།  ཉ་ཕྱིས་ལ་དངུལ་རྣམ་པ་ལྟར།།

                  གལ་ཏེ་འཁྲུལ་བའི་རྒྱུ་མཚན་གྱིས།།    ཡོན་ཏན་གཞན་སྦྱོར་མི་བྱེད་ན།།

ཞེས་སོ།།

ཕྱི་ནང་གི་འཁྲུལ་པའི་རྒྱུ་ནི། ཕྱི་རོལ་གྱི་དོན་འདྲ་བ་བར་མ་ཆད་དུ་བྱུང་བ་དང་། ནང་གི་བློ་མི་གསལ་ཞིང་གྲུབ་མཐའ་ངན་པས་བསླད་པ་སོགས་ཕྱི་ནང་གི་འཁྲུལ་རྒྱུས་གེགས་བྱས་ཏེ་ལོག་པར་འཛིན་པ་ཡིན་ནོ།།  


༢༩༽སྒྲ་ཏོག་ཡུལ་ལ་སྒྲུབ་པའི་སྒོ་ནས་འཇུག་ན་སྒྲ་བློ་རྣམ་གྲངས་ཐལ་ཚུལ་ཇི་ལྟར་ཡིན?


ལན=ལེགས་བཤད་སྣང་བའི་གཏེར་ལས། 

                     གཞན་དུ་དངོས་པ་གཅིག་པུ་པ།། སྒྲ་འམ་བློ་གཅིག་གིས་ཁྱབ་ན།།

                     གཞན་ཡུལ་མ་ཡིན་དེ་ཡི་ཕྱིར།། རྣམ་གྲངས་པ་ནི་ཉིད་དུ་འགྱུར།།

ཞེས་གཞན་དུ་བསལ་བྱ་ཐ་དད་མིན་ན་བྱས་མི་རྟག་སོགས་ཀྱི་དངོས་པོ་གཅིག་པུ་པ་སྟེ་སྒྲ་རང་མཚན་གྱི་སྟེང་ན་ཆ་ཤས་མེད་པ་གཅིག་པུ་དེ་ཉིད་དེ་རྗོད་ཀྱི་སྒྲའམ་དེ་ཤེས་ཀྱི་བློ་གཅིག་གིས་སྒྲུབ་པས་འཇུག་པའི་ཚུལ་གྱིས་ཁྱབ་པར་གཅོད་ན། སྒྲ་བློ་དེ་དག་གཞན་དང་གཞན་གྱི་ཡུལ་ཅན་ནམ་ཡུལ་ཐ་དད་ལ་འཇུག་པ་མ་ཡིན་པ་དེ་ཡི་ཕྱིར། བྱས་མི་རྟག་སོགས་ཀྱི་སྒྲ་བློ་ལ་གོ་བྱ་ཐ་དད་མེད་པར་རྣམ་གྲངསད་པ་ནི་ཉིད་དུ་འགྱུར་ཏེ། གང་བརྗོད་ཀྱང་ཐམས་ཅད་ཀྱིས་ཐམས་ཅད་གོ་བ་ལ་ཁྱད་མེད་པའི་ཕྱིར་རོ།།  །།


༣༠༽གཞུང་འདིར་མངོན་སུམ་གྱིས་མྱོང་བ་ལ་ངེས་པ་འདྲེན་ནུས་པའི་མཐུན་རྐྱེན་ག་ཚོད་གསུངས་འདུག་གོ་དོན་དང་བཅས་བྲིས?


ལན=མཐུན་རྐྱེན་ལྔ་ཡོད་དེ། ནང་གི་བློ་གསལ་བ་དང་། གོམས་པ་དང་། སྐབས་སུ་བབ་པ་དང་། དོན་དུ་གཉེར་བ་དང་། དོན་གྱི་ཤུགས་ལ་སོགས་པ་ངེས་པ་འདྲེན་ནུས་པའི་མཐུན་རྐྱེན་ནོ།།

ནང་གི་བློ་གསལ་བ་ནི=རྣམ་འབྱོར་པ་རྣམས་ཀྱི་བློ་གསལ་བས་མཐོང་བ་ཙམ་གྱི་སྐད་ཅིག་མ་ལ་སོགས་པར་ངེས་པ་ལྟ་བུའོ།།

གོམས་པ་ནི=ངེས་པར་བྱ་བའི་དོན་ལ་གོམས་པར་གྱུར་པས་དོན་གང་མཐོང་བ་ལ་བློ་གཏད་པ་ཙམ་གྱིས་བདེ་བླག་ཏུ་ངེས་པ་འདྲེན་པ་ནུས་པའོ།།

སྐབས་སྐབས་སུ་བབ་པ་ནི=དཔེར་ན་སྨན་ལ་སོགས་པའི་གཏན་གྱི་སྐབས་སུ་བབ་པ་ན། སྨན་དེ་མཐོང་བ་ན་སྐྱེས་བུ་དེ་ལ་ཆོས་གཞན་དུ་མ་ཡོད་དུ་ཟིན་ཀྱང་སྨན་པ་ཉིད་དུ་ངེས་པ་ལྟ་བུའོ།།

དོན་དུ་གཉེར་བ་ནི=མི་མང་པོའི་ཁྲོད་ནས་གཅིག་ཡོད་མེད་ལ་ཆེད་དུ་ཡིད་གཏད་ན་དེ་མཐོང་བ་ཙམ་གྱིས་ཡོད་པར་ངེས་ལ། གཞན་དབང་མངོན་ལ་སྣང་དུ་ཟིན་ཀྱང་རྗེས་སུ་ཡོད་མེད་མ་ངེས་པ་ལྟ་བུའོ།།

དོན་གྱི་ཤུགས་ནི=ལྟད་མོ་སྣ་ཚོགས་པའི་ནང་ནས་ཡ་མཚན་པ་དང་ཉེ་ཞིང་གསལ་བ་པོར་མཐོང་བ་དག་བྱེ་བྲག་ཏུ་ངེས་པ་ལ་སོགས་པ་བཞིན་ནོ།།  །།


༣༡༽ཆོས་ཅན་བརྗོད་པའི་སྒྲ་དང་ཆོས་བརྗོད་པའི་སྒྲའི་ཁྱད་པར་དཔེ་དང་བཅས་ཁོད?


ལན=ཁྱད་གཞིའི་དེའི་ཁྱད་པར་གྱི་ཆོས་གཞན་མི་སྤོང་བར་ཁྱད་གཞི་འདི་བརྗོད་པའི་སྒྲ་དེ་ཁྱད་གཞི་དེ་ལ་ལྟོས་ནས་ཆོས་ཅན་བརྗོད་པའི་སྒྲ་སྟེ། དཔེར་ན་སྒྲ་ཞེས་བརྗོད་པའི་སྒྲ་ལྟ་བུའོ།།  ཁྱད་གཞིའི་དེའི་ཁྱད་པར་གྱི་ཆོས་གཞན་རྣམས་སྤངས་ནས་ཁྱད་གཞི་དེའི་ཁྱད་ཆོས་འགའ་གཞི་བརྗོད་པའི་སྒྲ་དེ་ཁྱད་གཞི་དེ་ལ་ལྟོེས་ནས་ཆོས་བརྗོད་པའི་སྒྲ་སྟེ། དཔེར་ན་སྒྲ་མི་རྟག་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །  །།


༣༢༽ཚད་མ་ཀུན་བཏུས་ལས། རང་དབང་མེད་ཕྱི་དེ་ལྡན་མིན།། བཏགས་པའི་ཕྱི་དང་མི་སྲིད་ཕྱིར།། འབངས་ལ་རྒྱལ་པོ་བཏགས་པ་བཞིན།། ཞེས་པའི་གཞུང་དོན་ཇི་ལྟར་འགྲེལ་འདུག?


ལན=བ་ལང་གི་སྒྲས་དངོས་ཀྱི་བརྗོད་བྱ་བ་ལང་གི་སྤྱི་རྟག་དངོས་ཡིན་ན། དེ་ལྡན་གསལ་བ་རྫས་ཐ་དད་ལ་སྒྲ་དེ་རང་དབང་གིས་མི་འཇུག་སྟེ། ཀ་བའི་མིང་བུམ་པ་ལ་མི་འཇུག་པ་བཞིན། དེས་ན་སྤྱི་བརྗོད་པའི་སྒྲས་དེ་ལྡན་གོ་བ་མིན་ལ། གཞན་ཡmmqqcv ང་བ་ལང་གི་མིང་བ་ལང་གི་གསལ་བ་རྣམས་ལ་བཏགས་པ་ཁོ་ནས་འཇུག་པར་ཐལ་བའི་ཕྱིར་དང་། དེ་ལྟ་ནའང་བཏགས་པ་དེ་དོན་མི་མཐུན་ཏེ། བརྗོད་བྱ་སྤྱི་རྟག་པ་དེ་དང་བ་ལང་གི་གསལ་བ་མི་རྟག་པ་གཉིས་གཞི་མཐུན་མི་སྲིད་པས་འབངས་ལ་རྒྱལ་པོར་བཏགས་པ་བཞིན་དོན་མེད་དོ།། ཞེས་སོ།།  །།


༣༣༽རྩ་བར་ལས། གསལ་བ་རྣམས་ནི་རྗེས་མི་འགྲོ།།རྗེས་འགྲོ་གཞན་ནི་སྣང་བ་མེད།། ཅེས་གསུངས་པའི་སྐབས་སྤྱི་དངོས་པོ་བ་དེ་གསལ་བ་རྣམས་དང་ངོ་བོ་གཅིག་དང་ཐ་དད་གང་དུའང་མ་གྲུབ་པའི་ཚུལ་ཇི་ལྟར་བཀོད་འདུག?


ལན=འདི་ལྟར་གསལ་བ་རྣམས་ནི་རྗེས་སུ་མི་འགྲོ་བས་ན་དེ་སྤྱི་དང་གཅིག་མ་ཡིན་ལ། གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་དོན་གཞན་པའམ་ཐ་དད་པ་ནི་མ་འཁྲུལ་པའི་བློ་ལ་སྣང་བ་མེད་པས་ན་དེ་ནི་དེ་ལྟར་སྒྲོ་བཏགས་པ་ཙམ་དུ་ཟད་པ་ཡིན་ནོ།།  


༣༤༽རྣམ་ཤེས་ལ་སོགས་པའི་དཔེ་དང་སྨན་གྱི་དཔེའི་སྒོ་ནས་ ཐ་དད་གཅིག་གི་བློ་རྒྱུར་འཐད་ཚུལ་བྲིས”

ལན=ལེགས་བཤད་སྣང་བའི་གཏེར་ལས་ཀྱང་།།    

                                   ་་་་དབང་པོ་ལ་སོགས་བཞིན།།   དཔེར་སྨན་ཁ་ཅིག་ཐ་དད་ཀྱང་།།

                                   ལྷན་ཅིག་པ་འམ་སོ་སོ་ཡིས།།། རིམས་ལ་སོགས་པ་ཞི་བྱེད་པར།།

                                   མཐོང་གི་གཞན་གྱིས་མ་ཡིན་བཞིན།།

ཞེས་དཔེར་ན་དབང་པོ་དང་ལ་སོགས་པ་ཞེས་པ་ཡུལ་དང་ཡིད་བྱེད་དག་ངོ་བོ་ཐ་དད་ལ་སྤྱི་ཐུན་མོང་བ་འབྲས་བུ་སྐྱེད་ནུས་གཞན་དེལ་མེད་ཀྱང་དབང་ཤེས་གཅིག་སྐྱེད་པ་བཞིན་ཏེ། དཔེར་ན་སླེ་ཏྲེས་དང་པརྤ་ཏ་སོགས་སྨན་ཁ་ཅིག་ངོ་བོ་ཐ་དད་ཀྱང་། དེ་དག་ལྷན་ཅིག་སྤྱད་པར་གྱུར་པའམ། ཡུལ་དུས་ཐ་དད་པ་ཡིན་ཀྱང་རིམས་དེ་ཞི་བའི་བྱ་བ་གཅིག་པ་བྱེད་པ་མཐོང་གི་གཞན་གྱིས་མ་ཡིན་ནོ།།   ཞེས་སོ།།      །།


༣༥༽མེའི་དོན་སྤྱི་དེ་མེད་རང་མཚན་ཉིད་དུ་གྲུབ་པར་འདོད་ན་སྐྱོན་ཇི་ལྟར་གསུངས་འདུག?


ལན=རྩ་བར། སྣང་བ་གང་ཡིན་བརྟག་པ་ཡི།།

               ཡན་ལག་མེད་ཕྱིར་དེ་ཉིད་མིན།། ཞེས་གཞུང་ལས་སྐྱོན་ཇི་ལྟར་གསུངས་འདུག་ཞེ་ན། དོན་སྤྱི་འཛིན་གྱི་སྣང་ཡུལ་མེ་ལྟ་བུ་དེ་ལ་འབྲས་བུ་དོན་གཉེར་གྱི་སྐྱེས་བུས་བཙོ་སྲེག་གི་དོན་བྱེད་ནུས་སོགས་སུ་བརྟག་པ་ཡི་ཡན་ལག་ཅུང་ཟད་ཀྱང་མེད་པའི་ཕྱིར་སྣང་བ་དེ་རང་མཚན་དེ་ཉིད་མིན་ནོ། གལ་ཏེ་ཡིན་ན་མེ་

སྣང་དེས་ཀྱང་གྲང་རེག་འགོག་པ་དང་། ལྷ་ཡུལ་གྱི་དོན་སྤྱི་སྣང་བས་ཀྱང་ལྷ་ཡུལ་མངོན་སུམ་མཐོང་བར་ཐལ་བའི་སྐྱོན་ཡོད་དོ།།


༣༦༽སྒྲ་མི་རྟག་རྟོགས་པའི་རྗེས་དཔག་དང་སྒྲ་རྟག་འཛིན་རྟོག་པ་གཉིས་འཁྲུལ་པར་འདྲ་ཡང་འཇུག་ཡུལ་རང་མཚན་འཐོབ་མི་འཐོབ་ཀྱི་ཁྱད་པར་དཔེ་དང་བཅས་ཁོད?


ལན=རྩ་བར། འཁྲུལ་པར་འདྲ་ཡང་གཞན་ལས་མིན།། 

              མར་མེའི་འོད་ལས་ནོར་བུ་བཞིན།། ཞེས་པ་ལྟར། དེས་ན་ཐ་སྙད་དོན་མི་མཐུན་གྱི་རྟོག་པ་ཐམས་ཅད་དོན་སྤྱི་ལ་ཡུལ་དུ་ཞེན་པས་འཁྲུལ་པར་འདྲ་ཡང་སྒྲ་རྟག་པ་ལ་སོགས་པའི་ཐ་སྙད་ཕྱིན་ཅི་ལོག་གཞན་ལས་དོན་ཡང་དེ་བཞིན་འཐོབ་པ་མིན་ཏེ། མར་མེའི་འོད་ལ་ནོར་བུར་འཁྲུལ་པ་ལས་ནོར་བུའི་ཕྱིར་རྒྱུག་ཀྱང་ནོར་བུ་མི་འཐོབ་པ་བཞིན་ནོ། །སྒྲ་མི་རྟག་པའི་ཐ་སྙད་ནི་དེ་ལ་ཞུགས་པ་ལྟར་དོན་ཡང་དེ་བཞིན་འཐོབ་པ་སྟེ་ནོར་བུའི་འདོ་ལ་ནོར་བུར་འཁྲུལ་ཡང་དེར་རྒྱུག་པས་ནོར་བུ་འཐོབ་པ་བཞིན་ནོ།།  །།ཞེས་སོ།།





༣༧༽གཞི་མཐུན་ཞེས་པ་དོན་གྱི་སྟེང་ན་གྲུབ་ན་སྐྱོན་ཇི་ལྟར་ཡོད་པ་ངོས་བཟུང་ནས་བློ་རྟོག་པའི་ངོར་གཞི་མཐུན་གྲུབ་ཚུལ་ཡང་བྲིས?


ལན=དམ་པའི་དོན་དུ་གཞི་མཐུན་པ་ཞེས་སུ་མ་གྲུབ་སྟེ། མཐུན་རྒྱུ་གཉིས་དང་དེ་གཉིས་ཀ་ཡིན་པར་གྱུར་པའི་གཞི་གཅིག་དང་གསུམ་དུ་མ་ཕྱེ་ན་གཞི་མཐུན་དུ་བཞག་མི་ཤེས་ལ་དོན་གྱི་སྟེང་ན་ཆོས་གཉིས་སུ་ཡོད་ན་ཕན་ཚུན་ཡིན་པ་མི་སྲིད་ལ། མེད་ན་མཐུན་རྒྱུ་ཡང་མེད་པས་ན་བློ་ངོར་ལྡོག་པ་ཐ་དད་ཀྱི་རྣམ་པ་སྣང་བ་དེ་དག་དོན་གྱི་ངོ་བོར་སྣང་བའི་ལྡོག་པ་ལ་དབྱེར་མེད་པར་སྣང་བའི་སེལ་འཇུག་གི་དབང་གིས་དེ་ལྟ་བུའི་ཐ་སྙད་སྦྱར་པ་ཡིན་ནོ།།  །།


༣༨༽བརྡ་འདོགས་པའི་ཡུལ་ལ་རང་མཚན་རྐྱང་པ་བརྗོད་བྱར་འདོད་པའི་ཕྱོགས་སྔའི་འདོད་པ་ངོས་བཟུང་ནས་དེ་ལ་དགག་པ་ཇི་ལྟར་མཛད་འདུག?


ལན=རྩ་བར། སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན།། 

             དེ་ནི་ཐ་སྙད་ཆེད་དུ་བྱས།། 

             དེ་ཚེ་རང་གིས་མཚན་ཉིད་མདེ།། 

             དེས་ན་དེ་ལ་བརྡར་མ་ཡིན།། 

ཞེས་མུ་སྟེགས་བརྡ་སྤྲོད་པས། མེ་བྱིན་ཅིག་ཅེས་ཟེར་ན་ཚ་ཞིང་སྲེག་པ་དེ་ལེན་པས་བརྡ་ནི་རང་མཚན་ཁོ་ན་ལ་སྦྱར་རོ་ཞེས་འདོད་པས་། དེ་ལ་དགག་པ་ཇི་ལྟར་མཛད་འདུག་ཞེ་ན་ཕྱིས་ཐ་སྙད་བྱེད་པ་དེ་ཚེ་སྔར་བརྡ་གདགས་པའི་དུས་ཀྱང་རང་གི་མཚན་ཉིད་ནི་འགག་ནས་མེད་པ་དེས་ན་རང་མཚན་དེ་ལ་བརྡར་བྱས་པ་མ་ཡིན་ཏེ། རང་མཚན་ཡུལ་དུས་རྣམ་པ་མ་འདྲེས་པའི་དངོས་པོ་ཡིན་ལ། བརྡ་ནི་དེ་འདྲའི་ངེས་པ་མེད་པར་རང་གི་བརྗོད་བྱ་ཐམས་ཅད་ལ་འཇུག་པའི་ཕྱིར་རོ།།  །།


༣༩༽སྤྱི་ལྡན་རང་མཚན་བརྗོད་བྱར་འདོད་པའི་མུ་སྟེགས་གཅེར་བུ་པ་རྣམས་ཀྱིས་གསལ་བ་ཉིད་དངོས་སུ་བརྗོད་བྱར་མི་འདོད་པའི་སྒྲུབ་བྱེད་བཀོད་ནས་དེ་ལ་མགོ་མཚུངས་ཀྱི་རིགས་པ་ཇི་ལྟར་གཏོང་འདུག?


ལན=རྩ་བར། དེ་ལྡན་ནུས་པ་དེ་ཡང་ནི།། 

            ཅི་ཕྱིར་དངོས་སུ་སྦྱར་མི་བྱེད།།  

            གལ་ཏེ་མཐའ་ཡས་ཕྱིར་འདི་མཚུངས།། ཞེས་གསལ་བ་ཉིད་དངོས་སུ་བརྗོད་བྱར་མི་འདོད་པའི་སྒྲུབ་བྱེད་ནི་གསལ་བ་ནི་ཡུལ་དུས་རང་བཞིན་མཐའ་ཡས་པའི་ཕྱིར་བརྡ་སྦྱར་མི་ནུས་ལ། ཞེས་འདོད་དེ། དེ་ལ་མགོ་མཚུངས་ཀྱི་རིགས་པ་ནི། མཐའ་ཡས་པ་འདི་སྤྱི་ལྡན་ལའང་མཚུངས་ཏེ་མཐའ་ཡས་པའི་གསལ་བ་རེ་རེ་བཞིན་སྤྱི་ལྡན་ཡིན་པས་སྤྱི་ལྡན་གསལ་བ་བརྡ་ཡུལ་དེ་མཐའ་ཡས་པ་སོ་ན་གནས་ཏེ་རིགས་ཀྱིས་གསལ་བ་ཉུང་དུ་བཏང་བ་ནི་གང་ཡང་མེད་དོ།། དེ་ལྟར་གཏོང་འདུག་གོ།  །།


༤༠༽སྤྱི་འཛིན་ཤེས་པ་ལ་རང་མཚན་དངོས་སུ་སྣང་ན་སྐྱོན་ཇི་ལྟར་ཡོད?


ལན=སྤྱི་འཛིན་ཤེས་པ་ལ་རང་མཚན་དངོས་སུ་སྣང་ན།

 རྣམ་འགྲེལ་ལས། 

                  བསྒྲུབ་བྱ་སྒྲུབ་པར་རྟོག་པ་ལ།། 

                 དངོས་པོ་མཐོང་བ་ཉམས་པའི་ཕྱིར།། ཞེས་དང་།  སྒྲ་ཡོད་མ་ཡིན་རྟོག་པ་ཡང་།།

                                                         སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ།། ཞེས་གསུངས་པ་ལྟར་སྤྱི་འཛིན་གྱི་ཤེས་པ་ལ་རང་མཚན་དངོས་སུ་སྣང་ན་སྒྲ་དང་རྟོག་པ་གཞན་རྣམ་པར་བཅད་པའི་སྤྱི་ཉིད་དུ་འཇུག་པ་མིན་པ་ཐལ་བ་དང་། གཞན་ཡང་སྤྱི་འཛིན་གྱི་བློ་དེ་རང་མཚན་སྣང་བའི་སྒོ་ནས་འཇུག་པས་སྒྲིབ་འཇུག་ཡིན་པར་ཐལ་བ་དང་། སྤྱི་འཛིན་གྱི་བློ་དེས་བསྒྲུབ་བྱའི་ཆོས་ལ་སྒྲུབ་འཇུག་ཡིན་པས་དེ་གཅིག་ངེས་པས་དེ་དང་ངོ་བོ་གཅིག་པའི་ཆོས་ཐམས་ཅད་ངེས་པར་འགྱུར་བ་དང་། སྒྲོ་བློ་རྣམ་གྲངས་པར་ཐལ་བ་སོགས་སྐྱོན་དུ་མ་ཡོད་དོ།།    །།


༤༡༽གཞན་སེལ་གྱི་མཚན་ཉིད་དང་དབྱེ་བ་མཚན་གཞི་བཅས་བྲིས?


ལན=གཞན་སེལ་གྱི་མཚན་ཉིད་ནི། ཚད་མ་རིགས་གཏེར་ལྟར་ན། དངོས་འགལ་བཅད་པའི་སྒོ་ནས་ཡུལ་འདིར་སྣང་བའི་སྒྲོ་བཏགས་པའོ།།

དབྱེ་ན། དངོས་པོ་ལ་བརྟེན་པའི་གཞན་སེལ་མཚན་གཞི་ནི་རྗེས་དཔག་གི་དངོས་ཡུལ་དུ་གྱུར་པའི་བསྒྲུབ་བྱའི་དོན་སྤྱི་ལྟ་བུའོ།། དངོས་མེད་ལ་བརྟེན་པའི་གཞན་སེལ་ནི་དགག་བྱ་ཤེས་བྱ་ལ་ཡོད་པ་བུམ་མེད་ཀྱི་གཞན་སེལ་ལྟ་བུའོ།། གཉིས་ཀ་ལ་བརྟེན་པའི་གཞན་སེལ་ནི་དཔེར་ན་ཤེས་བྱ་ཞེས་པའི་སྒྲས་ཤེས་བྱ་མ་ཡིན་པར་བཅད་པ་ལ་བཞག་པ་ཡིན།

ཡང་ན་མེད་དགག་གི་གཞན་སེལ་དང་ མ་ཡིན་དགག་གི་གཞན་སེལ་ལོ།།


༤༢༽སྤྱི་བློ་ཁྱད་པར་གསུམ་ལྡན་ཞེས་པའི་ཁྱད་པར་གསུམ་ངོས་བཟུང་ནས་བུམ་པ་ཞེས་པའི་སྒྲས་བུམ་པ་རང་མཚན་དངོས་ཀྱི་བརྗོད་བྱར་མི་བྱེད་ཀྱང་བུམ་པའི་རང་མཚན་ལ་མི་བསླུ་བ་ཡིན་ཚུལ་བྲིས?


ལན=སྣང་བརྟག་གཅིག་ཏུ་བསྲེས་ནས་ལྷག་པར་ཞེན་པ་ནི་ཁྱད་པར་དང་པོ་དང་། རང་མཚན་མཐོང་གོམས་ཀྱི་བག་ཆགས་ལས་བྱུང་བ་ནི་ཁྱད་པར་གཉིས་པ་དང་། རང་མཚན་ལྟར་ཞེན་ནའང་དོན་རང་མཚན་གྱི་དངོས་པོར་གྱུར་པ་ཅུང་ཟད་ཀྱང་མེད་པའི་རྟོག་སྣང་ཙམ་སྟེ་དེ་ལྟར་བློ་ཁྱད་པར་གསུམ་ལྡན་ནོ།། 

མདོར་ན་བུམ་སྒྲས་བུམ་མིན་རྣམ་པར་བཅད་པས་བུམ་པ་པ་ཡོངས་གཅོད་དུ་བློ་ཡུལ་ལ་གྲུབ་པར་བྱས་པ་ལྟ་བུའི་རྒྱུ་མཚན་དེ་གཉིས་ཀྱིས་ནི། དོན་རང་མཚན་ལ་མི་སླུ་བ་དེས་དེ་མི་འཁྲུལ་བར་གོ་ནུས་པ་ཡོད་པར་འདོད་དོ།།  །།


༤༣༽སྤྱི་འཛིན་གྱི་བློ་ཡིན་ན་རང་མཚན་དངོས་སུ་མཐོང་གོམས་ཀྱི་བག་ཆགས་ལས་བྱུང་བས་ཁྱབ་དང་མི་ཁྱབ་རྒྱུ་མཚན་བཅས་ཁོད?


ལན=སྤྱི་འཛིན་གྱི་བློ་ཡིན་ན་རང་མཚན་དངོས་སུ་མཐོང་གོམས་ཀྱི་བག་ཆགས་ལས་བྱུང་བས་མི་ཁྱབ་སྟེ། སྒྲ་རྟག་འཛིན་གྱི་འདོགས་དང་དངོས་མེད་འཛིན་པའི་རྟོག་པ་རྣམས་སྤྱི་འཛིན་གྱི་བློ་ཡིན་ཡང་སྤྱི་བློ་ཁྱད་པར་གསུམ་ལྡན་མིན་པས་རང་མཚན་མཐོང་གོམས་ལས་འབྱུང་བ་མིན་ནོ།།   །།


༤༤༽གལ་ཏེ་ཤུག་པའི་ཤིང་གི་སྟེང་དུ་ཤིང་མ་ཡིན་པ་ལས་ལོག་པ་དེ་ཤུག་པ་རང་དང་རྫས་ཐ་དད་དུ་གྲུབ་ན་སྐྱོན་ཇི་ལྟར་གསུངས་འདུག་?


ལན=ཤུག་པའི་སྟེང་ན་ཤིང་མིན་ལས་ཐ་དད་པ་དེ་དངོས་པོར་ཡོད་དུ་ཆུག་ཀྱང་ཤུག་པའི་དངོས་པོ་ནི་ཤིང་མིན་ལས་ལོག་པའམ་ཤིང་མིན་ལས་ཐ་དད་པ་མིན་པའི་ཕྱིར་ཤུག་པ་ཤིང་མིན་པར་འགྱུར་རོ་ཞེས་པའི་སྐྱོན་ཡོད་དོ།།   །།







༤༥༽མི་ཕམ་རིན་པོ་ཆེ་རང་ཉིད་ཀྱིས་དོན་རང་མཚན་གྱི་གཞན་སེལ་ཁས་ལེན་དང་མི་ལེན་སྒྲུབ་བྱེད་དང་བཅས་བྲིས?


ལན=མི་ཕན་རིན་པོ་ཆེས་དོན་རང་མཚན་གྱི་གཞན་སེལ་ཁས་ལེན་ཏེ། སྔོན་པོ་ཡིན་པ་ཙམ་གྱིས་སྔོ་མིན་སེལ་བ་ནི་དོན་ལ་ཐ་དད་མེད་པར་གནས་པའི་འབྲས་མེ་ཤེས་པ་ཡིན་པས་དོན་རང་མཚན་གྱི་གཞན་སེལ་འཇུག་ཡོད་སྨྲ་བའི་ཕྱོགས་འདི་སེལ་འཇུག་གི་ཐ་སྙད་སྨྲ་བའི་སྐབས་སུ་ཁས་མི་ལེན་པར་འོད་མེད་ཀྱིས་གྲུབ་པའི་ཕྱིར་དེའི་ཕྱོགས་འཛིན་པར་བྱའོ་ཞེས་མི་ཕམ་རིན་པོ་ཆེའི་གསུངས་སོ།།    །།


༤༦༽སྤྱི་གསལ་རྫས་གཅིག་དང་ཐ་དད་དུ་འདོད་པ་ལ་གཞི་མཐུན་མི་འཐད་པའི་ཚུལ་བྲིས?


ལན=དང་པོ་གྲངས་ཅན་པ་སྤྱི་གསལ་གཅིག་ཏུ་འདོད་པ་ལ་བརྗོད་པ། སྤྱི་གསལ་དབྱེར་མེད་པར་དངོས་པོའི་ངོ་བོ་གཅིག་བུ་ཆ་མེད་པ་ཉིད་ཀྱི་ཕྱིར། ཨུཏྤལ་དང་སྔོན་པོ་ལ་སོགས་པའི་ངོ་བོ་སོགས་པའི་ངོ་བོ་ཐ་དད་པའི་བློ་དེ་ནི་ཡུལ་གང་ལས་ཡིན་ཏེ། རྒྱུ་མེད་པར་ཐལ་བ་དང་། བྱེ་བྲག་པ་ལྟར་སྤྱི་གསལ་ཐ་དད་དུ་འདོད་ནས་སྔོན་པོ་དང་ཨུཏྤལ་གྱི་སྤྱི་ཐ་དད་པ་ཤིང་ལ་བྱ་གནས་པ་ལྟར་འགྱུར་བས་ཆོས་ཅན་གཅིག་ལ་སྔོན་པོ་ཡང་ཡིན་ལ་ཨུཏྤ་ལ་ཡང་ཡིན་པ་དབྱེར་མེད་པའི་ཐ་སྙད་དག་ཀྱང་རྒྱུ་མེད་པར་འགྱུར་ཏེ། ཀ་བུམ་གཞི་མཐུན་མི་སྲིད་པ་བཞིན་ནོ།།      །།







༤༧༽སྒྲ་བློས་བཟུང་བ་ན་དེ་དང་ཐ་མི་དད་པའི་ཆོས་ཀུན་གཟུང་བས་ཁྱབ་དང་མི་ཁྱབ་རྒྱུ་མཚན་དང་བཅས་ཁོདཨ


ལན=སྒྲ་བློ་གསལ་འཇུག་ཡིན་པས་དེས་བཟུང་བ་ན་དེ་དང་ངོ་བོ་གཅིག་པའི་ཆོས་ཀུན་གཟུང་མི་དགོས། དཔེར་ན་སྒྲ་འཛིན་རྟོག་པས་སྒྲ་འཛིན་ཡང་རང་དང་ངོ་བོ་གཅིག་པའི་ཆོས་མི་རྟག་སོགས་མ་གཟུང་བ་བཞིན་ནོ། །    །།


༤༨༽རང་མཚན་གསལ་བ་རྣམས་བརྡ་སྦྱར་ན་སྐྱོན་ཇི་ལྟར་གསུངས་འདུག?


ལན=རང་མཚན་གསལ་བ་རྣམས་ལ་བརྡ་སྦྱར་ན་དངོས་པོ་ཀུན་ནི་གཞན་དང་མ་འདྲེས་པར་རང་རང་གི་ངོ་བོ་ཐུན་མིན་ལ་གནས་པའི་ཕྱིར་བ་ལང་ཁྲ་བོ་ཡི་ནི་ངོ་བོ་གང་ཡིན་པ་དེ་ནི་སེར་སྐྱ་ལ་ཡོད་པ་མིན་པས་ན་བ་ལང་ཞེས་པའི་སྒྲ་གཅིག་གིས་དེ་གཉིས་ཀ་གོ་བར་མི་རུང་པས། བཞོ་བཀལ་སོགས་ཀྱི་དོན་བྱེད་པའི་དངོས་པོ་ལ་འཇུག་པའི་ཕྱིར་བ་ལང་ཞེས་པའི་བརྡ་སྦྱར་བ་དགོས་པ་མེད་པར་འགྱུར་རོ་ཞེས་པའི་སྐྱོན་ཡོད་དོ།།   

གཞུང་ལས། དངོས་པོ་ལ་མིན་དངོས་པོ་ཀུན།། རང་རང་ངོ་བོ་ལ་གནས་ཕྱིར།། 

           ཁྲ་བོ་ཡི་ནི་ངོ་བོ་གང་།། དེ་ནི་སེར་སྐྱ་ལ་ཡོད་མིན།།  ཞེས་སོ།།   །།


༤༩༽སྒྲའི་འཇུག་པ་ཡན་ལག་བཞི་ལྡན་ངོས་བཟུང་ནས་རྒྱུ་དགག་པའི་སྒོ་ནས་སྟོན་པ་ཡིན་ན་དགག་ཚིག་དངོས་སུ་ཡོད་པས་ཁྱབ་མི་ཁྱབ་རྒྱུ་མཚན་བཅས་བྲིས?


ལན=སྒྲའི་འཇུག་པ་ཡན་ལག་བཞི་ལྡན་ནི། འབྲས་བུ་སྒྲུབ་པ། རྒྱུ་སྒྲུབ་པ། འབྲས་བུ་དགག་པ། རྒྱུ་དགགཔའོ།། རྒྱུ་དགག་པའི་སྒོ་ནས་སྟོན་པ་ཡིན་ན་དགག་ཚིག་དངོས་སུ་ཡོད་པས་མི་ཁྱབ་སྟེ། རྩོལ་བྱུང་མིན་པ་ཞེས་པས་སྐྱེས་བུའི་རྩོལ་བའི་རྒྱུ་མེད་པ་གློག་སོགས་གཞན་ཀུན་བརྗོད་ཅིང་། དེ་བཞིན་དུ་ཆུ་ལས་མ་སྐྱེས་པ། བདག་པོ་མེད་པ། མགོན་མེད་པ། མི་སྟོན་པ་རྣམས་ཀྱང་ཕན་འདོགས་པའི་རྒྱུ་དེ་དག་མེད་པ་ཅན་མཚོན་པ་ཡིན་ལ། མ་སྐྱེས་པ་དང་སྟོང་པ་ཉིད་ཀྱང་རྒྱུ་དགག་པར་གསུངས་སོ།།   །།


༥༠༽མཁར་གཞོང་ལ་རྒྱ་ཤུག་ལྟར་གསལ་བ་རྣམས་ལ་སྤྱི་རྟེན་པར་འདོད་ན་སྐྱོན་ཇི་ལྟར་ཡོད?


ལན=གཞུང་ལས། རྟག་པ་ཕན་འདོགས་མེད་པའི་ཕྱིར།། རྟེན་མིན་ལྷུང་པའི་ཚུལ་ཅན་གྱི།། 

                རྒྱ་ཤུག་སོགས་པའང་དེ་ཡི་ཡུལ།། སྐྱེད་པ་མཁར་གཞོང་སོགས་པས་ནུས།། 

                དེ་ཡང་དེ་ལ་མི་སྲིད་དོ།

 ཞེས་པ་ལྟར།  དཔེ་མི་མཚུངས་ཏེ། ཇི་ལྟར་ན་རྒྱ་ཤུག་མཁར་གཞོང་ལ་རྟེན་པའི་ཕྱིར་ཕན་བཏགས་པ་མ་ཡིན་ཏེ། སྣོད་དེས་མ་བཟུང་ན་ཐུར་དེ་ལྷུང་བས་ཕན་མ་བཏགས་པ་མ་ཡིན་ནོ། ། རྟག་པ་ལ་ཕན་འདོགས་པ་མི་སྲིད་དེས། ཁྱེད་རང་རྣམས་ཀྱིས་བཞག་པའི་སྤྱི་རྟག་པ་ཡིན་པ་གང་ཞིང་དེ་ལ་་རྟེན་དང་བརྟེན་པ་མི་སྲིད་དེ་ཞེས་པའི་སྐྱོན་དེ་ལྟར་འཕངས་འདུག་གོ།  །།


༥༡༽རིགས་སམ་སྤྱི་འདི་ནི་རང་མཚན་གྱི་གསལ་བྱར་འདོད་པ་ལ་སྐྱོན་ཇི་ཙམ་ཡོད་པ་ཡིན?


ལན=རིགས་སམ་སྤྱི་འདི་ནི་རང་མཚན་གྱི་གསལ་བྱར་འདོད་ན་སྐྱོན་གསུམ་ཡོད་དེ། རྟག་ལ་གསལ་བྱེད་ནམ་ཡང་མི་འཐད་པ་དང་། གསལ་བྱ་རིགས་སུ་འདོད་པ་ཧ་ཅང་ཐལ་བ་དང་། སྔོན་མེད་གསལ་བར་རིགས་ཀྱིས་མ་ཁྱབ་པའི་སྐྱོན་ཡོད་དོ།།   །།





༥༢༽སྤྱི་རང་གི་རྟེན་རང་མཚན་ལས་གཞན་དུ་མ་ཁྱབ་པར་འདོད་པ་དང་རང་མཚན་ཡོད་མེད་ཀུན་ལ་ཁྱབ་པར་འདོད་མཁན་སུ་ཡིན་ངོས་བཟུང་ནས་དེ་དག་གིས་ལུགས་དགག་ཚུལ་བཅས་བྲིས?


ལན=སྤྱི་རང་གི་རྟེན་རང་མཚན་ལས་གཞན་དུ་མ་ཁྱབ་པར་འདོད་པ་ནི་སློབ་མ་པེ་ཐར་ཡིན་པ་དང་། རང་མཚན་ཡོད་མེད་ཀུན་ལ་ཁྱབ་པར་འདོད་མཁན་ནི་བེ་ལུ་ཀ་ཡིན་ནོ།། 

དང་པོ་པེ་ཐར་གྱི་ལུགས་དགག་ཚུལ་ནི། གཞུང་ལས། མི་འགྲོ་དེ་ན་ཡོད་པའམ་མིན།། 

                                            ཕྱིས་ཡོད་ཆ་དང་ལྡན་པའམ་མིན་།། 

ཞེས་དེ་ལ་བརྗོད་པ་སྔར་བ་ལང་མེད་པའི་ཕྱོགས་སུ་བ་ལང་གསར་དུ་སྐྱེས་པ་ན་གསལ་བ་གཞན་ལ་ཡོད་པའི་སྤྱི་དེ་ནི་རང་གི་རྟེན་དེ་ལས་གཞན་དུ་མི་འགྲོ་བ་ལང་གསར་དུ་སྐྱེ་བའི་ཕྱོགས་དེ་ན་སྔར་ཡོད་པའང་མིན་ལ། གསལ་བ་གསར་དུ་བྱུང་བའི་ཕྱིས་ཡོད་པར་གྱུར་པའང་མིན་ཏེ་སྔར་ཡོད་རྟག་པ་ཡིན་པས་སོ་ཞེས་དེ་ལྟར་དགག་འདུག་གོ།

གཉིས་པ་བེ་ལུ་ཀ་ཡི་ལུགས་དགག་ཚུལ་ནི། 

གཞུང་ལས།  གལ་ཏེ་ཀུན་ན་རིགས་ཡོད་ན།།

            གཅིག་ཏུ་གསལ་བས་དེ་གསལ་ཉིད།། 

            ཐ་དད་མེད་ཕྱིར་ཀུན་ཏུ་མཐོང་།། ཞེས་སྤྱི་རང་གི་རྟེན་གསལ་བ་ཡོད་པ་དང་མེད་པའི་ཕྱོགས་ཀུན་ན་རིགས་ཡོད་ན་ནི། ཡུལ་གཅིག་ཅིག་ཏུ་གསལ་བས་སྤྱི་དེ་གསལ་བར་བྱས་པ་ཉིད་ནི་སྤྱི་དེ་ལ་ཐ་དད་མེད་པའི་ཕྱིར་ཕྱོགས་ཀུན་ཏུ་ཁྱབ་པའི་སྤྱི་དེ་མཐོང་བར་ཐལ་ལོ་ཞེས་པའི་སྐྱོན་འདུག་གོ།    །།


༥༣༽སྤྱི་དངོས་མེད་ཀྱང་སྒྲ་གཅིག་འཇུག་པར་འཐད་པའི་ཚུལ་མཚན་གཞི་གང་རུང་ཞིག་ལ་སྦྱར་ནས་བྲིས?

ལན=གཞུང་ལས།  ཐ་དད་མེད་དོན་མེད་པར་ཡང་།།  

                 འཚེད་པ་པོ་སོགས་བརྗོད་པ་ཡིན།། 

སྤྱི་དངོས་པོ་མེད་ན་དུ་མ་ལ་སྒྲ་གཅིག་ཅི་སྟེ་འཇུག་ཅེ་ན། ཐ་དད་པ་མེད་པའི་དོན་ཅིག་སྤྱི་དངོས་པོ་བ་གཅིག་མེད་པར་ཡང་། སྐྱེས་བུ་དུ་མ་ལ་འབྲས་སོགས་བཙོ་བའི་བྱ་བ་བྱེད་པའི་ཆ་ནས་་འཚེད་པ་པོ་ཞེས་དང་། དེ་བཞིན་དུ་བྱ་བ་གཞན་དང་གཞན་ལ་བརྟེན་ནས་ཀློག་པ་པོ་སོགས་སྒྲ་གཅིག་བརྗོད་པ་ཡིན་ནོ།། ཞེས་སྦྱར་འདུག་གོ།   །།


༥༤༽མུ་སྟེགས་པ་སྤྱི་སྨྲ་བས་སྤྱི་དོན་གྱི་སྟེང་ན་མེད་ན་འོ་ན་ཤིང་ཞེས་པའི་སྒྲ་ཆོས་ཅན། བ་ལང་སོགས་གཞན་ལ་ཡང་གོ་བ་ཐལ། ཤིང་དང་བ་ལང་སོགས་གཞན་སྤྱི་མེད་པར་འདྲ་བ་དང་རང་མཚན་ཐ་དད་ཕན་ཚུན་རྗེས་སུ་མི་འགྲོ་བ་ཡང་འདྲ་བའི་ཕྱིར། ཞེས་པའི་ལན་ཇི་ལྟར་མཛད་འདུག?


ལན=གཞུང་ལས། ཐ་དད་མཚུངས་པ་ཡིན་ན་རིགས།།

                  ཉེ་བ་གང་གིས་འགའ་ཞིག་ལ།། 

                  རབ་འཇུག་གཞན་ལ་མིན་དེ་ཉིད།།

                  སྒྲ་དང་ཤེས་པའི་རྒྱུ་ཡིན་ནོ།། ཞེས་པའི་ལན་ནི་ཤུག་པ་དང་བ་ལང་གཅིག་ལ་གཅིག་མེད་པའི་ཐ་དད་པར་མཚུངས་པ་ཡིན་ནའང་ཤིང་མིན་བསལ་བའི་རིགས་ཉེ་བའམ་འདྲ་བ་གང་གིས་ཙནྡན་དང་ཤུག་པ་སོགས་འགའ་ཞིག་ལ་ཤིང་གི་སྒྲ་རབ་ཏུ་འཇུག་ལ། གཞལ་བ་ལང་མིན་པ་གཞན་སེལ་གྱིས་འདྲ་བར་སྣང་བ་དེ་ཙམ་ཞིག་ཉིད་དུ་མ་ལ་སྒྲ་གཅིག་འཇུག་པ་དང་དེར་ཤེས་པའི་རྒྱུ་ཡིན་ནོ།།  ཞེས་ནང་པས་ལན་དེ་ལྟར་མཛད་འདུག་གོ།   །།


༥༥༽དངོས་མེད་ལ་བརྟེན་པའི་གཞན་སེལ་གྱི་རྣམ་བཞག་གང་ཤེས་བྲིས?

ལན=གཞུང་ལས། དངོས་མེད་ངོ་བོ་མེད་པའི་ཕྱིར།། 

                ངོ་བོ་བརྗོད་པ་དཔྱད་བྱ་ཉིད།།

                མ་ཡིན་སྒྲ་ནི་དེ་དག་ཉིད།། 

                རྣམ་གཅོད་རྗོད་པར་བྱེད་པར་གྲུབ།། ཞེས་དངོས་མེད་ལ་ཐ་སྙད་དུ་ཡང་རང་གི་ངོ་བོ་ཅུང་ཟད་ཀྱང་མེད་པའི་ཕྱིར་དེའི་ངོ་བོ་བརྗོད་པ་ཡིན་ནམ་མ་ཡིན་ཞེས་དཔྱད་པར་བྱ་བ་ཉིད་མ་ཡིན་ཡང་དེ་བརྗོད་ཀྱི་སྒྲ་ནི་དེ་དག་ཉིད་རྒྱུ་མཚན་གང་ལས་འཇུག་ན། དགག་བྱ་གཞན་རྣམ་པར་གཅོད་པ་ཙམ་རྗོད་པར་བྱེད་པར་གྲུབ་པ་ཡིན་ནོ།།  དེས་ན་སྒྲས་འཕངས་པའམ་དགག་བྱ་བཅད་པ་ལས་དེར་རྟོག་པ་ཙམ་དུ་ཟད་དེ་ཡུལ་དང་དུས་གང་ན་ཆོས་གང་ཞིག་མེད་ཅེས་དགག་གཞི་གང་དུ་དགག་བྱ་བཅད་པའི་སྟོབས་ཙམ་ལས་འགྲུབ་ཀྱི་དངོས་མེད་ཅེས་རང་ཚུགས་ཐུབ་པ་གང་ཡང་མེད་དོ།།  ཞེས་སོ།།     །།


༥༦༽རང་བཞིན་རྟགས་ཀྱི་དབྱེ་བ་དང་དབྱེ་བ་དེའི་ཁྱད་པར་དཔེར་བརྗོད་དང་བཅས་བྲིས?


ལན=གཞུང་ལས། རང་བཞིན་ཁྱད་པར་བྱེ་བྲག་ལ། །

                ལྟོས་པའམ་འོན་ཏེ་འབའ་ཞིག་པ།། 

                བསྒྲུབ་བྱ་སྒྲུབ་པའི་ཕྱིར་བརྗོད་དེ། །

                འཇིག་ལ་འབྲས་དང་ཡོད་ཉིད་བཞིན།།

ཞེས་རང་བཞིན་རྟགས་ལ་དབྱེ་ན་གཉིས་ཡོད་དེ། རང་བཞིན་དག་པ་བ་དང་ལྟོས་པ་བ། 

རང་བཞིན་དག་པ་བ་ནི།  ཁྱད་ཆོས་གང་ཡང་མ་ལྟོས་པར་ངོ་བོ་ཙམ་རྟགས་སུ་བཀོད་པ་སྟེ། དཔེར་ན་སྒྲ་ཆོས་ཅན།  མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་རོ།།

ལྟོས་པ་བ་ནི།  རང་གི་ཁྱད་པར་བྱེ་བྲག་ལ་ལྟོས་པ་ལྟ་བུ་སྟེ། དཔེར་ན། སྒྲ་ཆོས་ཅན།  མི་རྟག་སྟེ།  རྩོལ་བྱུང་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ།།   །།


༥༧༽མུ་སྟེགས་གྲངས་ཅན་པས་སྤྱི་འམ་གཙོ་བོ་ཆོས་ཅན། ཡོད་དེ། རང་གི་གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་ཕྱིར། ཞེས་པ་ལ་ནང་པ་སངས་རྒྱས་པས་ལན་ཇི་ལྟར་མཛད་འདུག?

ལན=སློབ་དཔོན་ཕྱོགས་གླང་གིས།  ཚད་མའི་ཡུལ་མི་ཤེས་པའི་ཕྱིར། །

                              གཙོ་དང་རྗེས་འགྲོ་རྗེས་འགྲོ་མིན།། ཞེས་སྐྱོན་བརྗོད་པར་མཛད་དེ་གཙོ་བོའི་རང་མཚན་སྒྲུབ་པར་འདོད་པ་ལ་ཡོད་པ་དེའི་ཐུན་མིན་དུ་འགྱུར་གྱི་རྗེས་འགྲོ་མེད་ལ། སྤྱི་མཚན་སྒྲོ་བཏགས་ཀྱི་སྤྱི་ཙམ་ནི་གྲུབ་ཀྱང་ཞེ་འདོད་ལ་མི་ཕན་པས་རྗེས་དཔག་གི་ཡུལ་སྤྱི་མཚན་ཡིན་པར་མ་ཤེས་པ་ཡིན་ནོ།། ཞེས་གསུངས་སོ།།    །།


༥༨༽ཡོད་པའི་རྟགས་ཀྱི་སྒྲ་མི་རྟག་པར་འགྲུབ་པའི་སྦྱོར་བ་འདི་སྒྲ་ཇི་བཞིན་དང་ཇི་བཞིན་མ་ཡིན་པའི་ཁྱད་པར་བཞེད་ཚུལ་ཇི་ལྟར་འདུག?


ལན=བདག་མེད་དང་ནམ་མཁའ་ལ་སོགས་པ་དང་ལྡོག་པའི་རྣམ་པ་ཐ་སྙད་དུ་མེད་པར་ཁས་ལེན་མི་ནུས་པ་ཇི་སྙེད་པ་འཕངས་ནས་ཡོད་པ་ལ་མི་རྟག་པས་མ་ཁྱབ་པར་བོད་ཕྱི་རབས་ཀྱི་མཁས་པ་དག་བཞེད་ལ། བོད་ལྔ་རབས་ཀྱི་མཁས་པ་ཕལ་ཆེ་བས་ནི་གཞུང་སྒྲ་ཇི་བཞིན་དུ་ཞལ་བཞེས་མཛད་དོ།།   །།


༥༩༽གཙོ་བོ་ཡོད་པར་རྟགས་གང་གིས་ཀྱང་བསྒྲུབ་མི་ནུས་པའི་ཚུལ་བྲིས?


ལན=གཞུང་ལས། མ་གྲུབ་པ་ལ་ཡོད་ཆོས་མེད།། 

                                         ཞེས་གཙོ་བོ་ཡོད་པར་རྟགས་གང་གིས་ཀྱང་སྒྲུབ་མི་ནུས་ཏེ། གཙོ་བོའི་ངོ་བོ་མ་གྲུབ་པ་ལ་ཡོད་པ་སྟེ་དངོས་པོའི་ཆོས་སུ་གཏོགས་པ་ཇི་བཀོད་ཀྱང་དེ་ལ་གྲུབ་པ་མེད་དེ་མོ་གཤམ་གྱི་བུ་ཡོད་པའི་སྒྲུབ་བྱེད་དུ་དོན་བྱེད་ནུས་པའམ་དཀར་པོ་ཡིན་པ་སོགས་བཀོད་པ་བཞིན་ནོ།།  །།


༦༠༽སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། འཇིག་རྒྱུ་གཞན་ལ་ལྟོས་པའི་ཕྱིར། ཞེས་པའི་རྟགས་འདི་ཡང་དག་ལྟར་སྣང་གང་ཡིན་རྒྱུ་མཚན་དང་བཅས་བྲིས?

ལན=རྟགས་ལྟར་སྣང་ཡིན་ཏེ། གཞུང་ལས།  རྒྱུ་མེད་ཕྱིར་ན་འཇིག་པ་ནི།།  

                                      རང་གི་ངོ་བོས་རྗེས་འབྲེལ་ཉིད།། ཞེས་མི་རྟག་པ་ཡིན་ན་འཇིག་རྒྱུ་གཞན་ལ་མི་ལྟོས་ཏེ། སྒྲ་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་དེ་ལས་གཞན་པའི་འཇིག་རྒྱུ་ལ་ལྟོས་པ་མེད་པའི་ཕྱིར་ན་སྒྲའི་འཇིག་པ་ནི་དངོས་པོ་དེ་གྲུབ་ཙམ་ནས་རང་གི་ངོ་བོས་རྗེས་སུ་འབྲེལ་བ་ཉིད་ཡིན་ཏེ་མེའི་ཚ་བ་བཞིན་ནོ།།   །།


༦༡༽བསྟན་བཅོས་སྐབས་དང་འབྲེལ་མེད་དང་།། དོན་རྣམས་དབང་པོ་ལས་འདས་པ།། རྟགས་མེད་པ་ཅན་དེ་རྣམས་ནི།། མི་དམིགས་ཕྱིར་ན་ཇི་ལྟར་མེད།། ཅེས་པའི་སྐབས་ཀྱི་བསྟན་དོན་མ་ནོར་བར་བྲིས?


ལན=དེས་ན་མདུན་འདིར་ཤ་ཟ་མེད་ངེས་སུ་སྒྲུབ་པ་ལ་འཇལ་བྱེད་ཀྱི་ལུང་དཔྱད་གསུམ་གྱིས་དག་པའི་བསྟན་བཅོས་ཀྱི་སྐབས་དང་འབྲེལ་བ་མེད་ནས་ལུང་གིས་སྒྲུབ་མི་ནུས་པ་དང་བསྐལ་བའི་དོན་དེ་རྣམས་བསྐལ་དོན་དུ་སོང་བ་དེའི་དབང་པོ་ཡི་ཡུལ་ལས་འདས་པ་ཡིན་པས་མངོན་སུམ་གྱིས་འཇལ་མི་ནུས་ལ། བསྐལ་དོན་དེ་མེད་པའི་རྟགས་ཡང་དག་ཏུ་གྱུར་པའམ་གང་ཟག་དེའི་ངོར་གནས་སྐབས་དེར་མེད་པ་ཅན་དུ་གྱུར་པ་ཤ་ཟ་ལ་སོགས་པ་དེ་རྣམས་ནི། བསྐལ་དོན་དུ་སོང་བ་ཅན་དེས་ཡོད་པར་མ་དམིགས་ཀྱང་དེས་མི་དམིགས་པ་ཙམ་གྱི་ཕྱིར་ན་ཇི་ལྟར་མེད་ངེས་སུ་སྒྲུབ་ནུས་ཏེ་མི་ནུས་སོ།།  །།


༦༢༽མ་དམིགས་གཉིས་བཤད་དེ་ལ་རྩོད་པ་སྤང་།། ཞེས་པའི་རྩོད་སྤང་ལ་ས་བཅད་དབྱེ་བ་ག་ཡོད་འདུག?


ལན=མ་དམིགས་གཉིས་བཤད་དེ་ལ་རྩོད་སྤང་ལ་དབྱེ་བ་གཉིས་ཡོད་དེ། སྣང་རུང་མ་དམིགས་སྐབས་ལ་རྩོད་པ་དང་།  མི་སྣང་མ་དམིགས་སྐབས་ལ་རྩོད་པའོ།།   །།




༦༣༽མུ་སྟེགས་གྲངས་ཅན་པས་གཙོ་བོ་མེད་ན་སློབ་དཔོན་ཕྱོགས་གླང་གིས་གཙོ་བོར་ཆོས་ཅན་དུ་བཞག་པར་མི་འཐད་ལ་གལ་ཏེ་ཡོད་ན་མེད་པར་འདོད་པ་འགལ་ཞེས་པའི་འགལ་སྤོང་གང་ཤེས་བྲིས?


ལན=དེ་ནི་སྣང་བརྟགས་མ་ཕྱེད་པའི་རྩོད་པ་སྟེ། སྒྲ་དོན་ཡོད་པས་ཆོས་ཅན་མེད་པ་སོགས་སྐྱོན་གསུམ་མེད་ཅིང་། རང་མཚན་མེད་པས་དམ་བཅའ་འགལ་བ་སོགས་གཉིས་སེལ་བ་ཡིན་ནོ།།   །།


༦༤༽མུ་སྟེགས་རིག་བྱེད་པས་ལུང་གིས་མ་དམིགས་ན་མེད་པས་ཁྱབ་སྟེ། ལུང་ཚད་མ་ནི་ཤེས་བྱ་ཀུན་གྱི་ཡུལ་ཅན་ཡིན་པའི་ཕྱིར། དཔེར་ན་རིག་བྱེད་བཞིན་ཞེས་འདོད་པ་ལ་སྐྱེས་བུས་བྱས་ཙམ་ལུང་དུ་མ་ངེས་པའི་ཚུལ་ཇི་ལྟར་འདོད་འདུག?


ལན=ལུང་རྣམས་ནི་རང་རང་གི་སྐབས་ཀྱི་བརྗོད་བྱ་ཙམ་སྟོན་གྱི་དེར་ཉེ་བར་མཁོ་བ་མེད་པ་གཞན་དང་གཞན་སྟོན་པ་ནི་སྐབས་དང་མ་འབྲེལ་བ་ཡིན་ལ་ཐམས་ཅད་ལུང་གཅིག་གིས་བསྟན་པར་ཡང་མི་ནུས་སོ་ཞེས་དེ་ལྟར་འདོད་འདུག་གོ།    །།


༦༥༽སྐལ་དོན་ཞེས་པ་ཇི་ལྟ་བུ་ལ་བཞག་པ་ཡིན་དེ་ཚད་མས་ཡོད་ངེས་དང་མེད་ངེས་བསྒྲུབ་ནུས་སམ་རྒྱུ་མཚན་དང་བཅས་བྲིས་ནས་མ་དམིགས་ཙམ་གྱིས་མེད་པར་འདོད་མཁན་སུ་ཡིན?


ལན=མངོན་སུམ་རྗེས་དཔག་ལུང་དང་གསུམ་ལོག་པ་དེ་ལ་བསྐལ་དོན་ཞེས་བྱའི་གལ་ཏེ་ཡོད་མེད་དུ་སྒྲུབ་པའི་ལུང་ཡང་དག་དང་རྟགས་ཡོད་ན་རྣམ་པ་ཀུན་ཏུ་བསྐལ་དོན་ཡང་མི་འགྱུར་བ་དེས་ན་འདིར་དེ་གསུམ་མེད་པའི་དབང་དུ་བྱས་པའོ།།  དེ་ཡང་མ་དམིགས་པ་ཙམ་གྱི་མེད་ངེས་ཀྱིས་ཐ་སྙད་སྦྱོར་བ་པོ་ནི་འཇིག་རྟེན་ཕ་རོལ་དང་སྦྱིན་པའི་འབྲས་བུ་མ་དམིགས་པ་ཙམ་གྱིས་མེད་དོ་ཞེས་སྨྲ་བ་རྒྱང་འཕེན་པ་ལ་སོགས་པ་ཡིན་ནོ།།   །།



༦༦༽སྣང་རུང་མ་དམིསག་པའི་སྐབས་རྩོད་པ་སྤང་བ་ལ་ས་བཅད་དབྱེ་བ་ཡོད་མེད་གང་རང་ཡིན?


ལན=སྣང་རུང་མ་དམིགས་པའི་སྐབས་རྩོད་པ་སྤང་བ་ལ་ས་བཅད་དབྱེ་བ་ཡོད་དེ། དང་པོ་གཙོ་སོགས་ཆོས་ཅན་སྒྲ་དོན་ཙམ་དུ་བསྟན། དེ་ལས་གཞན་དུ་རང་མཚན་ཡོད་མི་འཐད། དེ་ལ་ལུང་འགལ་སྙམ་པའི་དོགས་པ་སྤང་པ་སྟེ་གསུམ་ཡོད་དོ།།        །།


༦༧༽ཡིད་ཆེས་ཚིག་ནི་མི་བསླུ་བའི།།  ཞེས་གསུངས་ན་ཡིད་ཆེས་པའི་ཚིག་ཅེས་པ་ལ་ཁྱད་ཆོས་ཇི་ཙམ་ཚང་དགོས་པར་གསུངས་འདུག?


ལན=གཞུང་ལས། ཡིད་ཆེས་ཚིག་ནི་མི་སླུ་བའི།། 

                སྤྱི་ལས་རྗེས་སུ་དཔག་པ་ཉིད།།  

                འབྲེལ་བ་དང་ནི་རྗེས་མཐུན་ཐབས།།

                སྐྱེས་བུའི་དོན་ནི་རྗོད་བྱེད་དག། 

ཞེས་པ་ལྟར་ཡིད་ཆེས་ཚིག་ནི་ཞེས་བྱ་བ་དང་། མི་སླ་བ་ཞེས་བྱ་བ་དང་། སྤྱི་ལས་རྗེས་སུ་དཔག་པ་ཞེས་བྱ་བ་རིམ་བཞིན་ཚིགས་བཅད་རེ་རེས་བཤད་པའི་དབང་དུ་མཛད་དེ། ངག་གང་ལ་བླང་དོར་བཏང་སྙོམས་སུ་བྱ་བའི་དོན་སྟོན་པ་ན་ངག་དེ་བསྟན་བྱའི་དོན་ལ་འབྲེལ་བ་ཅན་ནི་བརྗོད་བྱའི་དོན་དེ་ལ་ཕན་ཚུན་ཕན་པའི་ཕན་པའི་ཡན་ལག་ཏུ་གྱུར་པ་ཡིན་གྱི་འབྲེལ་བ་མེད་པ་ནི་སེ་འུ་བཅུ་པའི་ངག་ལྟ་བུ་སྟེ། སེ་འུ་བཅུ་དང་ཁུར་བ་དྲུག རི་དྭགས་པགས་པ་རྩྭའི་གོང་བུ། ཞེས་པ་ལ་སོགས་པའི་ངག་དེ་ནི་ཕན་ཚུན་ཕན་པའི་འབྲེལ་བ་མེད་པ་དཔེར་ན་ནད་ལ་ཕན་པའི་སྨན་གྱི་ཚུལ་འཆད་པ་ན་སྒྲའི་རྐྱེན་དང་རྣམ་འགྱུར་ལ་སོགས་པ་གཞན་བརྗོད་པ་བཞིན་ནོ།།     །།




༦༨༽སངས་རྒྱས་པས་གང་ཟག་ལ་ལ་རྒྱུད་ཀྱི་ཉོན་མོངས་པའམ་སྐྱོན་ཐམས་ཅད་ཟད་པར་ཡོད་པའི་ཁུངས་སམ་རྒྱུ་མཚན་ཇི་ལྟར་དྲངས་འདུག?


ལན=གཞུང་ལས། འགྲིབ་དང་ཕུལ་བྱུང་བརྟེན་པ་ཀུན།། 

                མི་མཐུན་ཕྱོགས་དང་བཅས་ཉིད་ཕྱིར།།  

                དེ་གོམས་པ་ལས་བདག་འགྱུར་བས།།  

                ལ་ལ་ཟག་པ་ཟད་པར་འགྱུར།།  ཞེས་པ་ལྟར་རང་གི་གཉེན་པོ་འཕེལ་བས་འགྲིབ་པ་དང་གཉེན་པོ་འགྲིབ་པ་ན་དེ་ཕུལ་དུ་བྱུང་བ་སྟེ་ལྷག་པར་འཕེལ་བ་ལ་བརྟེན་པ་ཆགས་སོགས་ཉེས་པ་ཀུན་ནི་འཕེལ་འགྲིབ་ཡོད་པ་དེའི་ཕྱིར་ན་རང་སྤོང་བྱེད་ཀྱི་མི་མཐུན་ཕྱོགས་དང་བཅས་པ་ཉིད་ཀྱི་ཕྱིར། བདག་མེད་པ་སོགས་གཉེན་པོ་དེ་གོམས་པ་རབ་ཀྱི་མཐར་ཐུག་པ་ལས་ཤེས་རྒྱུད་གཉེན་པོ་དེའི་བདག་ཉིད་དུ་འགྱུར་བ་ཡོད་པ་དེ་བས་ན།  རྒྱུད་ཀྱི་ཁྱད་པར་ལ་ལ་དག་གི་ཟག་པ་སྟེ་འདིས་འཁོར་བར་ཟག་ཅིང་ལྟུང་བར་བྱེད་པ་ཉོན་མོངས་པ་ཐམས་ཅད་ཟད་པར་འགྱུར་བ་སྲིད་དོ།།   །།


༦༩༽མུ་སྟེགས་རིག་བྱེད་པས་རིག་བྱེད་ཆོས་ཅན། བདེན་པའི་དོན་ཅན་ཡིན་ཏེ། སྐྱེས་བུས་མ་བྱས་པའི་ཕྱིར། ཞེས་པ་ལ་སངས་རྒྱས་པས་འགོ་མཚུངས་ཀྱི་རིགས་པས་ཇི་ལྟར་བཀག་འདུག?


ལན=གཞུང་ལས། ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ།། ཡོན་ཏན་སྐྱེས་བུ་ལ་བརྟེན་ཕྱིར།། 

                 སྐྱེས་བུས་མ་བྱས་ལོག་པའི་དོན།།   ཅིས་མིན་ཞེས་ནི་གཞན་དག་བརྗོད།།

ཞེས་པ་ལྟར་ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ་ཤེས་རབ་དང་བརྩེ་བ་ལ་སོགས་པའི་ཡོན་ཏན་ནི་སྐྱེས་བུ་ལ་བརྟེན་པ་ཁོ་ནའི་ཕྱིར་སྐྱེས་བུས་མ་བྱས་པ་རིག་བྱེད་ནི་བདེན་པའི་རྒྱུ་ལོག་པས་ན་ལོག་པའི་དོན་ཅན་ཅིས་མིན་ཞེས་ནི་གཞན་སངས་རྒྱས་པ་དག་གིས་བརྗོད་དོ། །     །།


༧༠༽འབྲེལ་བ་སྐྱེས་བུས་བྱེད་མིན་ན། བརྡ་རིག་མེད་པར་རྟོགས་པར་འགྱུར།  །བརྡ་ལས་དེ་ནི་གསལ་ཡིན་ན། །བརྟགས་པ་གཞན་དག་ནུས་མེད་འགྱུར།། ཞེས་པའི་འགྲེལ་པ་བྲིས?


ལན=དེ་ལྟ་ན་ཨགྣི་ཞེས་པའི་སྒྲ་ཙམ་ཞིག་ཐོས་པ་ན་དེ་མི་ཡི་བརྡ་ཡིན་པར་སྔར་རིག་པའམ་ཤེས་པ་མེད་པར་ཡང་སྒྲ་དེས་མར་མེ་སྣང་བ་ཙམ་གྱིས་དངོས་པོ་གསལ་བ་ལྟར་སྒྲ་རང་གི་ངོ་བོས་མེ་རྟོགས་པར་འགྱུར་དགོས་ན་ཡང་དེ་ནི་མི་རིགས་ཏེ་ཡུལ་དེའི་བརྡ་ལ་མ་བྱང་བས་སྒྲ་རྣམས་ཐོས་སུ་ཟིན་ཀྱང་དོན་མི་གོ་བ་ཡོད་པ་དང་། རིག་བྱེད་འདོན་པ་པོ་རྣམས་ཀྱིས་ཀྱང་བརྡ་དོན་སྦྱར་ནས་སློབ་དགོས་པའི་ཕྱིར་རོ།།   །།



              ༼ བཀྲ་ཤིས་བདེ་ལེགས་དཔལ་ལ་སྤྱོད་པར་ཤོག༽




བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,12,དྲིས་ལན་སྣ་ཚོགས།,8,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,9,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,7,མཛོད་ཀྱི་དཔེ་ཁྲིད།,84,ཤེར་ཕྱིན་གྱི་དཔེ་ཁྲིད།,2,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: ཚད་མ་རྣམ་འགྲེལ་ལས་རང་དོན་ལེའུའི་དྲིས་ལན།
ཚད་མ་རྣམ་འགྲེལ་ལས་རང་དོན་ལེའུའི་དྲིས་ལན།
ཚད་མ་རྣམ་འགྲེལ་ལས་རང་དོན་ལེའུའི་དྲིས་ལན།
http://www.tbtlogic.cn/d/file/character/2017-12-14/1513223067789030.jpg
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2022/12/blog-post_43.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2022/12/blog-post_43.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content