དམ་པའི་ཆོས་མངོན་པ་ཀུན་བཏུས་ཀྱི་དྲི་བ་དྲིས་ལན་བཞུགས་སོ།།

དམ་པའི་ཆོས་མངོན་པ་ཀུན་བཏུས་ཀྱི་དྲི་བ་དྲིས་ལན་བཞུགས་སོ།།

  

གཞན་ཕན་ལྷག་བསམ་དཀར་བའི་ཟླ་བ་ཡིས། །རང་འདྲ་སློབ་མའི་ཀུ་མུད་རབ་ཏུ་འབྱེད། །

རྟག་ཏུ་ལེགས་བཤད་སྨྲ་བའི་ནོར་བུ་མཆོག །དད་པའི་ཡིད་མཁར་ཆ་ཤས་ཀུན་ནས་རྫོགས། །

 


དམ་པའི་ཆོས་མངོན་པ་ཀུན་བཏུས་ཀྱི་དྲི་བ་དྲིས་ལན་བཞུགས་སོ།།


༡༽དོན་དང་མཐུན་པའི་མཚན་གྱི་དོན་ལ། མཚན་བསྒྱུར་བའི་ཚུལ། མཚན་འདོགས་པ། མཚན་བཏགས་པའི་དགོས་པ། བམ་ཚད་དུ་བཅད་པ་དང་བམ་པོའི་ཚད་བཅས་བྲིས?

ལན=དང་པོ་མཚན་བསྒྱུར་བའི་ཚུལ་ནི། ཨ་བྷི་ནི་མངོན་པ། དྷརྨ་ནི་ཆོས་དང་། ས་མུ་ཙཱ་ཡ་ནི་ཀུན་ལས་བཏུས་པ་ཞེས་བསྒྱུར་བའོ།།

མཚན་འདོགས་པ་ནི། དཔེ་དང་གཞུང་ཚད་དང་ཞུ་བ་པོ་དང་ཡུལ་དང་དུས་དང་བརྗོད་བྱ་ལས་བཏགས་པ་ལ་སོགས་པ་དུ་མ་ཡོད་པ་ལས། འདིར་ཆོས་མངོན་པ་ནི་བརྗོད་བྱ་ལས་བཏགས་པ་ཡིན་ལ། ཀུན་ལས་བཏུས་པ་ནི་གཞུང་གི་གནས་ལུགས་དང་བྱེད་ལས་ལ་བཏགས་པའོ།།

མཚན་བཏགས་པའི་དགོས་པ་ནི། །མིང་དེ་ལས་དོན་བདེ་བླག་ཏུ་རྟོགས་ཏེ། ལང་ཀར་གཤེགས་པའི་མདོ་ལས་ཀྱང་། མིང་དུ་གདམས་པ་མ་མཛད་པ། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།། དེ་བས་རྨོངས་པ་བསལ་ཕྱིར།། མགོན་པོས་མིང་དུ་གདགས་པ་མཛད།། ཞེས་གསུངས་སོ།།

བམ་ཚད་དུ་བཅད་པ་ནི། འདིར་ནི་བམ་པོ་ལྔའི་དང་པོའམ། འཕན་ཐང་དཀར་ཆག་ལྟར་ན་དྲུག་གི་དང་པོ་ནས་བརྩམས་ཏེ་འཆད་ཅེས་པའོ།།  །།

བམ་པོའི་ཚད་བཅས་པ་ནི། རེ་རེའི་ཚད་ནི་ཤླཽ་ཀ་སྟོང་གི་སུམ་ཆའམ་སུམ་བརྒྱ་ལ་སོགས་པ་ཡིན་ནོ།།   །།

 

 

༢༽བདེན་ཚིག་ཙམ་ལ་ཡོད་པའི་དགོས་འབྲེལ་བཞི། དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་བཞི། བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་བཞི་རྣམས་མ་འདྲེས་པར་བྲིས?

ལན=བདེན་ཚིག་ཙམ་ལ་ཡོད་པའི་དགོས་འབྲེལ་བཞི་ནི།  དོན་དང་མཐུན་པའི་ངག་གང་ཡིན་པ་དེས་བསྟན་པར་བྱ་བ་ནི་བརྗོད་བྱ།  དེ་ལས་དེའི་དོན་རྟོགས་པ་ནི་དགོས་པ། དེ་ལ་དགོས་པ་གཞན་ཡང་རིམ་གྱིས་འགྲུབ་པ་ནི་ཉིང་དགོས་དང་། དེ་དགོས་པ་ལས་བྱུང་ཞིང་དགོས་པ་བདེན་ཚིག་ལས་བྱུང་བ་ནི་འབྲེལ་བའོ།།

དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་བཞི་ནི། བསྟན་བཅོས་ལ་ཡོད་པའི་དགོས་པ་ལ་སོགས་པ་ཆོས་བཞི་ནི་བརྗོད་བྱ་དང་། ཆོས་བཞི་པོ་ཡོད་པར་རྟོགས་པ་ནི་དགོས་པ་དང་། དེ་ལས་རྟོག་ལྡན་བསྟན་བཅོས་ལ་སྤྲོ་བས་འཇུག་པ་ནི་ཉིང་དགོས་དང་། བསྟན་བཅོས་ལ་འཇུག་པ་དགོས་སོགས་ཡོད་པར་རྟོགས་པ་ལས་བྱུང་ཞིང་དེའི་དགོས་འབྲེལ་གྱི་ངག་ལས་བྱུང་བ་ནི་འབྲེལ་བའོ།།  

བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་བཞི་ནི།  ཤེས་བྱ་ཇི་སྙེད་པ་དང་ཇི་ལྟ་བའི་དོན་ནི་བརྗོད་བྱ། འདི་ཡི་དོན་རྟོགས་པ་ནི་དགོས་པ་དང་། རྟོགས་པ་ལྟར་ཡོན་ཏན་གོང་དུ་འཕེལ་བ་ནི་ཉིང་དགོས་དང་།  དེ་དག་ཀྱང་མཁས་པ་ལས་བྱུང་ཞིང་མཁས་པའང་བསྟན་བཅོས་ལས་བྱུང་བ་ནི་འབྲེལ་བའོ།།  །།

༣༽རྒྱུ་མཚན་ཅིའི་ཕྱིར་བསྟན་བཅོས་ཀུན་ལས་བཏུས་པ་འདི་བརྩམས་ཤིང་གཞུང་ཡི་གེར་བཀོད་པ་ཡིན་ནམ?

ལན=ཕུང་པོ་ལ་སོགས་པ་ལས་བརྩམས་ཏེ་གནས་རྣམས་ལ་མཁས་པར་བྱ་བའི་ཕྱིར་བརྩམས་ཏེ། དེ་ལྟར་ཡིད་ལ་བྱེད་པའི་ཕན་ཡོན་དང་ཡང་དག་པའི་གཏམ་གཏན་ལ་འབེབས་པའི་ཕན་ཡོན་ཡོད་དེ། ཞི་གནས་ཀྱི་རྗེས་སུ་མཐུན་པ་དང་། ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པའོ།། དང་པོ་ཞི་གནས་ཀྱི་རྗེས་སུ་མཐུན་པ་ནི། གནས་འདི་རྣམས་ལ་མཁས་པར་བྱས་པས་ཐེ་ཚོམ་མེད་པ་ཉིད་ཀྱི་ཇི་ལྟར་འདོད་པ་བཞིན་དུ་རང་རང་གི་དམིགས་པ་ལ་རྩེ་གཅིག་པའི་ཚུལ་གྱིས་བདེ་བར་འཇོག་ནུས་པའི་ཕྱིར་དང་། ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པ་ནི། རྣམ་པ་མང་པོར་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་ལ་ཚུལ་བཞིན་དུ་ཡོངས་སུ་བརྟགས་ཤིང་དཔྱད་པ་ལ་བརྟེན་ནས་ཤེས་རབ་ཁྱད་པར་ཅན་དུ་འགྲོ་བའི་ཕྱིར། བདེན་གཉིས་གྱི་གནས་ལ་ཕུགས་རྣམ་པར་འབྱེད་པའི་ཕྱིར་བསྟན་བཅོས་འདི་བརྩམས་ཞིང་ཡི་གེར་བཀོད་པ་ཡིན་ནོ།།   །

༤༽བསྡུས་དོན་ལུས་རྣམ་གཞག་གི་སྐབས།  སྡོམ་གྱི་དགོས་པ། སྡོམ་གྱི་ངེས་ཚིག། ལུས་ཀྱི་ངོ་བོ། ལུས་ཀྱི་དབྱེ་བ་བཅས་བྲིས?

ལན=དང་པོ་སྡོམ་གྱི་དགོས་པ་ནི།  འཆད་པ་པོས་བསྟན་བཅོས་མ་འཛིངས་པར་བཤད་སླ་བ་དང་། ཉན་པ་པོས་ཀྱང་། རྗོད་བྱེད་ཉུང་ངུས་དོན་གྱི་སྤྱི་རྟོགས་པས་གཟུང་སླ་བའི་ཕྱིར་སྡོམ་དགོས་པ་ཡིན་ལགས།

གཉིས་པ་སྡོམ་གྱི་ངེས་ཚིག་ནི།  དོན་གྱི་ཕུང་པོ་རྒྱ་ཆེན་པོ་ལས་ཕྱུང་ནས་སློབ་མའི་བློ་ཡུལ་དུ་སྟེར་བར་བྱེད་པས་ན་སྡོམ་ཞེས་བྱའོ།།

གསུམ་པ་ལུས་ཀྱི་ངོ་བོ་ནི།  བསྟན་བཅོས་འདིའི་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་ཇི་སྙེད་ཅིག་ཡོད་པ་རྣམས་དོན་ཚན་རྣམ་པ་བཅུ་དྲུག་གི་གཏན་ལ་འབབ་པ་ནི་བསྟན་བཅོས་འདིའི་ལུས་ཀྱི་ངོ་བོ་ཡིན་ནོ།། 

ལུས་ཀྱི་དབྱེ་བ་ནི། གཉིས་ཡོད་དེ། སྒྲའི་ལུས་དང་དོན་གྱི་ལུས་སོ། སྒྲའི་ལུས་ནི་དོན་རྣམ་པ་བཅུ་དྲུག་གི་གཏན་ལ་འབབ་པ་དང་། དོན་གྱི་ལུས་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་སོ།།   །།

 

 

༥༽མཚན་ཉིད་ཀུན་ལས་བཏུས་པ་དེས་   དོན་མཚན་རྣམ་པ་དུ་ཞིག་གི་གཏན་ལ་ཕབས་པ་ཡིན་ནམ་ཁ་གསལ་བྲིས?

ལན། མངོན་པ་རྣམ་འབྱེད་ལས། དུ་དང་ཅི་ཕྱིར་ཉེར་ལེན་དང་།།

                      མཚན་ཉིད་དེ་ཡི་རྣམ་གཞག་དང་།།

                        གོ་རིམ་དོན་དང་དཔེ་དབྱེ་དང་།།

                    བསྡུས་དང་མཚུངས་ལྡན་ལྡན་པ་དང་།།  ཞེས་དོན་མཚན་རྣམ་པ་བཅུ་གཉིས་གི་གཏན་ལ་ཕབས་པ་ཡིན་ཏེ། དུ་ཞེས་པས་དྲི་བའི་ཚིག་དང། ཅི་ཕྱིར་ཞེས་པས་གྲངས་ངེས་བསྟན། ཉེར་ལེན་ཞེས་པས་ཆོས་གསུམ་པོ་ཉེར་ལེན་འདོད་ཆགས་དང་འདུན་པ་གཉིས་དང་ལྡན་ཚུལ་བསྟན། མཚན་ཉིད་ཅེས་པས་ཆོས་གསུམ་པོ་མཚན་ཉིད་བསྟན། རྣམ་བཞག་ཅེས་པས་ཆོས་གསུམ་པོའི་རྣམ་བཞག་བསྟན། གོ་རིམ་ཞེས་པས་གོ་རིམ་ངེས་ཚུལ་བསྟན། དོན་ཞེས་པས་ཆོས་གསུམ་པའི་དོན་བསྟན། དཔེ་ཞེས་པས་ཆོས་གསུམ་པོའི་དཔེ་བསྟན། དབྱེ་བ་ནི་རང་ར་སོ་སོའི་དབྱེ་བ་བསྟན། བསྡུས་པ་ཞེས་པས་ཆོས་གསུམ་པོའི་བསྡུས་ཚུལ་བསྟན། མཚུངས་ལྡན་ཞེས་པ་ཆོས་གསུམ་པོའི་མཚུངས་ལྡན་བསྟན་པ་དང་། ལྡན་པ་ཞེས་པས་ཆོས་གསུམ་སོ་སོའི་ལྡན་ཚུལ་བསྟན་པའོ།།

༦༽ཕུང་ཁམས་སྐྱེ་མཆེད་གསུམ་གྱི་དབྱེ་གཞི། དབྱེ་གྲངས། ངོ་བོ་བཅས་བྲིས?

ལན=ཕུང་ཁམས་སྐྱེ་མཆེད་ཀྱི་དབྱེ་གཞི་ནི།  ཕུང་པོ་ཁམས་སྐྱེ་མཆེད་ཡིན་ལགས།

  དབྱེ་གྲངས་ནི།   མངོན་པ་རྣམ་འབྱེད་ལས།  ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད།།

                                 སྐྱེ་མཆེད་བཅུ་གཉིས་ལེགས་པར་གསུངས།།

ཞེས་ཕུང་པོ་ལ་དབྱེ་ན་ལྔ་སྟེ། གཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་ཤེས་ཀྱི་ཕུང་པོའོ།།

ཁམས་ལ་དབྱེ་ན་བཅོ་བརྒྱད་དེ། དམིགས་པ་ཡུལ་གྱི་ཁམས་དྲུག རྟེན་དབང་པོའི་ཁམས་དྲུག བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་གོ།།

སྐྱེ་མཆེད་ལ་དབྱེ་ན་བཅུ་གཉིས་ཏེ། ཕྱི་གཟུགས་དྲུག་དང་ནང་གཟུགས་དྲུག་གོ།

ངོ་བོ་ནི།  ༡.གཞིག་ཅིང་གཞོམ་དུ་རུང་བས་ན་གཟུགས་ཏེ་དེ་ཉིད་ཀྱི་ཁྱད་པར་ཐམས་ཅད་འདུས་པས་ན་ཕུང་པོ།

  ༢.ཉེར་སྤྱོད་འཛིན་པའམ། ས་བོན་འཛིན་པས་ན་ཁམས།

  ༣.ཉེར་སྤྱོད་རྣམ་ཤེས་སྐྱེ་བའི་སྒོར་གྱུར་པས་ན་སྐྱེ་མཆེད་དོ།།   །།

༧༽ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སུམ་བཅུ་རྩ་ལྔ་པོ་དེ་རྣམས་རྫས་ཡོད་དང་བཏགས་ཡོད་ཀྱི་འདོད་ཚུལ་གྲུབ་མཐའ་སོ་སོའི་བཞེད་ཚུལ་མི་འདྲ་བའི་ཁྱད་པར་ཇི་ལྟར་ཡོད་པ་ཡིན་ནམ?

ལན། དང་པོ་བྱེ་བྲག་སྨྲ་བའི་ལུགས་ལ། ཕུང་ཁམས་སྐྱེ་མཆེད་རྣམས་རྗས་སུ་གྲུབ་པ་ཡིན་ཀྱང་ཕུང་པོའི་ཆ་འགའ་ཞིག་སྟེ་རྣམ་པར་ཤེས་པའི་ཕུང་པོ་ནི་བཏགས་ཡོད་དུ་འདོད་དོ།། ཁམས་བཅོ་བརྒྱད་ལས་རྗས་སུ་བཅུ་བདུན་ཡིན་ཡང་རྣམ་ཤེས་ནི་དྲུག་པ་ཡིད་ཀྱི་ཁམས་བསྡུ་བའི་ཕྱིར་ཏེ།

 མཇོད་ལས། 

                              དྲུག་པ་འགགས་མ་ཐག་པ་ཡི།།

                          རྣམ་ཤེས་གང་ཡིན་དེ་ཡིད་དོ།།

                             དྲུག་པའི་རྟེན་ནི་རབ་གྲུབ་པའི་ཕྱིར།།

                    ཁམས་ནི་བཅོ་བརྒྱད་དག་ཏུ་འདོད།། ཞེས་སོ།། སྐྱེ་མཆེད་བཅུ་གཉིས་ལས་རྗས་སུ་གྲུབ་པ་ནི་ཕྱེད་དང་བཅུ་གཉིས་དང་། འདུས་མ་བྱས་ཀྱི་ཕྱོགས་གཅིག་བཏགས་ཡོད་དུ་འདོད་དོ།།

མདོ་སྡེ་པའི་ལུགས་ལ།  སྔ་མ་ལྟར་ཆོས་ཀྱི་སྐྱེ་མཆེད་བཅུ་གཅིག་རྗས་སུ་དང་དེའི་ཕྱོགས་གཅིག་ལྡན་མིན་འདུ་བྱེད་དང  ་འདུས་མ་བྱས་སུ་བཏགས་ཡོད་དང་  ཁམས་བཅུ་བདུན་རྗས་སུ་གྲུབ་པ་ཡིན་ལགས། ཡིད་ཀྱི་ཁམས་ནི་བཏགས་ཡོད་དུ་འདོད་པ་ཡིན།

སེམས་ཙམ་པའི་ལུགས་ནི།  ཕུང་ཁམས་སྐྱེ་མཆེད་ལས་རྣམ་ཤེས་བདུན་དང་  ལྡན་མིན་འདུ་བྱེད་དང་  འདུས་མ་བྱས་རྣམས་རྗས་སུ་གྲུབ་པ་ཡོད་པ་འདོད་པ་དང་  དེའི་ལྷག་མ་རྣམས་བཏགས་སུ་གྲུབ་པའོ།།

དབུ་མ་པའི་ལུགས་ལ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཐ་སྙད་ཀུན་རྗོབ་མཐུན་པར་འདོད་ན་རྗས་སུ་གྲུབ་པ་འདོད་དོ།  ཐ་སྙད་མི་མཐུན་པར་འདོད་ན་དབུ་མའི་ངོར་དོན་དམ་གང་ཡང་མ་གྲུབ་པའི་སྟོང་ཉིད་དུ་བཞག་པའོ།། ཞི་བ་འཚོས། མ་བརྟགས་གཅིག་པུ་ཉམས་དགའ་ཞིང་།།  སྐྱེ་དང་འཇིག་པའི་ཆོས་ཅན་དང་། །དོན་བྱེད་པ་དག་ནུས་རྣམས་ཀྱིས།། རང་བཞིན་ཀུན་རྗོབ་ཡིན་པར་རྟོགས།། ཞེས་གསུངས་སོ།།   །།

 

༨༽ཕུང་ཁམས་སྐྱེ་མཆེད་ཀྱི་གྲངས་ངེས་ཚུལ་བྲིས?

ལན།  ཕུང་པོའི་གྲངས་ངེས་ཚུལ་ནི།  མངོན་པ་རྣམ་འབྱེད་ལས། བདག་གི་གཞི་ལྔ་བརྗོད་ཕྱིར་་་།།

ཞེས་བདག་གིར་འཁྲུལ་པའི་གཞི་རྣམ་པ་ལྔ་བརྗོད་པའི་ཕྱིར་ཕུང་པོ་ལྔ་རུ་གྲངས་ངེས་པ་དང་།།

ཁམས་བཅོ་བརྒྱད་ཀྱི་གྲངས་ངེས་ཚུལ་ནི། མངོན་པ་ལས།  ལུས་དང་ཡོངས་སུ་གཟུང་གཉིས་ཀྱིས།།

                                                འདས་དང་ད་ལྟའི་ཉེར་སྤྱོད་དྲུག། ཞེས་པ་ལྟར་རྟེན་དྲུག་དང་དམིགས་པ་དྲུག་ལ་བརྟེན་ནས་རྣམ་ཤེས་དྲུག་འཛིན་པའི་ཕྱིར་དང་།

སྐྱེ་མཆེད་བཅུ་གཉིས་ཀྱི་གྲངས་ངེས་ཚུལ་ནི། མངོན་པ་ལས། འཛིན་ཕྱིར་གཉིས་ཉིད་མ་འོངས་པའི།།

                                           རྣམ་ཤེས་དྲུག་གི་སྐྱེ་སྒོའི་ཕྱིར།།  ཞེས་གཟུགས་སོགས་ཡུལ་དྲུག་ལ་བརྟེན་ནས་རྣམ་ཤེས་དྲུག་སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་བཅུ་གཉིས་སུ་གྲངས་ངེས་པའོ།།   །།

༩༽ཉེར་ལེན་ལྡན་ཚུལ་བཤད་པ་ལ་ཕུང་པོ་ཉེར་ལེན་ཅན་དུ་འཇོག་ཚུལ་དང་སྐབས་ཀྱི་ཉེར་ལེན་ངོས་བཟུང་ནས་དེ་དག་ཉེར་ལེན་ཡིན་ཚུལ་བྲིས?

ལན=དང་པོ་ཕུང་པོ་ཉེར་ལེན་ཅན་དུ་འཇོག་ཚུལ་ནི།  ཉེ་བར་ལེན་པ་རྣམས་དམིགས་བྱེད་དང་མཚུངས་ལྡན་དུ་ལྡན་པའི་ཕུང་པོ་ཡིན་ལ། དེའི་ཕྱིར་བར་གྱི་ཚིག་མི་མངོན་པར་བྱས་ནས་ཉེར་བར་ལེན་པའི་ཕུང་པོ་རྣམས་ཞེས་བྱ་སྟེ། འདོད་པ་ལྡན་པའི་ཁམས་ལ་འདོད་པའི་ཁམས་ཞེས་བརྗོད་པ་ལྟ་བུའོ།།

གཉིས་པ་སྐབས་ཀྱི་ཉེར་ལེན་ངོས་བཟུང་བ་ནི། མངོན་པ་རྣམ་འབྱེད་ལས།

                                                      ཉེར་ལེན་འདུན་དང་འདོད་ཆགས་ཏེ།།

    ཞེས་པས་སྐབས་འདི་ནི་འདོད་ཅིང་དོན་དུ་གཉེར་བའི་འདུན་པ་དང་། ལྷག་པར་ཆགས་པའི་འདོད་ཆགས་གང་ཡིན་པའོ།།

གསུམ་པ་དེ་དག་ཉེར་ལེན་ཡིན་ཚུལ་ནི། མངོན་པ་རྣམ་འབྱེད་ལས།

                 མ་འོངས་ད་ལྟའི་ཕུང་པོ་ནི།།

                    མངོན་པར་འགྲུབ་དང་ཡོངས་མི་གཏོང་།།   ཞེས་པས་མ་འོངས་པ་དང་ད་ལྟར་གྱི་ཕུང་པོ་ཟག་པ་དང་བཅས་པ་དག སྲིད་པ་དང་མཚུངས་ལྡན་གྱི་འདུན་པས་མངོན་པར་འགྲུབ་པར་བྱེད་པ་དང་། དགའ་བའི་རྣམ་པ་ཅན་གྱི་འདོད་ཆགས་ཀྱི་ཡོངས་སུ་མི་གཏོང་བར་བྱེད་པའི་ཕྱིར་ཏེ། དེའང་མ་འོངས་པའི་ཕུང་པོ་ལ་འདོད་ཅིང་འདུན་པས་དོན་དུ་གཉེར་བ་དང་། ད་ལྟར་བའི་ཕུང་པོ་ལ་མཆོག་ཏུ་འཛིན་ཞིང་ལྷག་པར་ཆགས་པའི་ཕྱིར་མངོ་པར་འགྲུབ་པ་ཡོངས་སུ་མི་གཏོང་བའི་ཕྱིར་རོ།།  །།

༡༠༽སྤྱིར་མཚན་ཉིད་གྱི་གོ་དོན་དང་དབྱེ་བ་བྱེ་བྲག་ཕུང་པོ་ལྔ་པོ་སོ་སོའི་མཚན་ཉིད་དང་ཁམས་བཅོ་བརྒྱད་པོ་སོ་སོའི་མཚན་ཉིད། སྐྱེ་མཆེད་བཅུ་གཉིས་པོ་སོ་སོའི་མཚན་ཉིད་མ་འདྲེས་པར་ཞུ?

ལན།   སྤྱིར་མཚན་ཉིད་ཀྱི་གོ་དོན་ནི།  མཚན་ཉིད་ཅེས་བྱ་བ་ནི་རང་རང་གི་མཚོན་བྱ་དེ་ཇི་ལྟར་རིགས་པར་ཐུན་མོང་དང་ཐུན་མོང་མ་ཡིན་པར་མཚོན་པར་བྱེད་པ་ཡིན་ནོ།།

                  ཕུང་པོ་ལྔ།

༡.གཟུགས་ཀྱི་ཕུང་པོའི་མཚན་ཉིན་ནི། རེག་པས་གཟུགས་སུ་ཡོད་པ་དང་། ཡུལ་དཔྱད་པས་གཟུགས་སུ་ཡོད་པའོ།། 

༢.ཚོར་བའི་ཕུང་པོའི་མཚན་ཉིད་ནི། རྣམ་པར་སྨིན་པར་ཉམས་སུ་མྱོང་བའོ།།

༣.འདུ་ཤེས་ཀྱི་མཚན་ཉིད་ནི། མཚན་མ་འཛིན་པའི་བདག་ཉིད་ཅན་ནོ།།

༤.འདུ་བྱེད་ཀྱི་མཚན་ཉིད་ནི། སེམས་མངོན་པར་འདུ་བྱེད་པའོ།།

༥. རྣམ་ཤེས་ཀྱི་མཚན་ཉིད་ནི། དོན་གྱི་ཡུལ་གྱི་ངོ་བོ་རྣམ་པར་རིག་པའོ།།

 

                  ཁམས་བཅོ་བརྒྱད

རྟེན་དབང་པོའི་ཁམས་དྲུག་གི་མཚན་ཉིད།

༡.མིག་གི་ཁམས་ཀྱི་མཚན་ཉིད་ནི། མིག་གང་གིས་གཟུགས་རྣམས་མཐོང་བར་གྱུར་པའི་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༢.རྣ་བའི་ཁམས་ཀྱི་མཚན་ཉིད་ནི། རྣ་བའི་སྒྲ་ཐོས་པར་གྱུར་པའི་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༣.སྣ་བའི་ཁམས་ཀྱི་མཚན་ཉིད་ནི། སྣ་བའི་དྲི་སྣོམ་པར་གྱུར་པའི་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༤.ལྕེའི་ཁམས་ཀྱི་མཚན་ཉིད་ནི། ལྕེ་བའི་རོ་མྱོང་བར་གྱུར་པའི་ ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༥.ལུས་ཁམས་ཀྱི་མཚན་ཉིད་ནི། ལུས་ཀྱི་རེག་བྱར་གྱུར་པའི་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།། ༦.ཡིད་ཁམས་ཀྱི་མཚན་ཉིད་ནི། ཡིད་ཀྱིས་ཆོས་གྱུར་པའི་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

དམིགས་པ་ཡུལ་གྱི་ཁམས་དྲུག་གི་མཚན་ཉིད།

༡.གཟུགས་ཁམས་ཀྱི་མཚན་ཉིད་ནི། མིག་ཤེས་ཀྱིས་གཟུགས་རྣམས་དམིགས་པར་བྱས་ནས་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༢.སྒྲའི་ཁམས་ཀྱི་མཚན་ཉིད་ནི། རྣ་ཤེས་ཀྱིས་སྒྲ་རྣམས་དམིགས་པར་བྱས་ནས་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༣.དྲིའི་ཁམས་ཀྱི་མཚན་ཉིད་ནི། སྣ་ཤེས་ཀྱིས་དྲི་དམིགས་པར་བྱས་ནས་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༤.རོའི་ཁམས་ཀྱིས་མཚན་ཉིད་ནི། ལྕེ་ཤེས་ཀྱིས་རོ་དམིགས་པར་བྱས་ནས་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༥.རེག་བྱའི་ཁམས་ཀྱི་མཚན་ཉིད་ནི། ལུས་ཤེས་ཀྱིས་རེག་བྱ་དམིགས་པར་བྱས་ནས་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༦.ཆོས་ཁམས་ཀྱི་མཚན་ཉིད་ནི། ཡིད་ཤེས་ཀྱིས་ཆོས་ཁམས་དམིགས་པར་བྱས་ནས་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

བརྟེན་པ་རྣམ་ཤེས་ཁམས་དྲུག་གི་མཚན་ཉིད་ནི།

 

༡.མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད། མིག་གི་དབང་པོ་ལ་བརྟེན་ནས་གཟུགས་ཀྱི་ངོ་བོ་རིག་ཅིང་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༢.རྣའི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ནི།  རྣའི་དབང་པོ་ལ་བརྟེན་ནས་སྒྲའི་་ངོ་བོ་རིག་ཅིང་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༣.སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ནི། སྣའི་དབང་པོ་ལ་བརྟེན་ནས་དྲི་བའི་་ངོ་བོ་རིག་ཅིང་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༤.ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ནི། ལྕེ་བའི་དབང་པོ་ལ་བརྟེན་ནས་རོའི་་ངོ་བོ་རིག་ཅིང་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༥.ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ནི། ལུས་ཀྱི་དབང་པོ་ལ་བརྟེན་ནས་རེག་བྱའི་་ངོ་བོ་རིག་ཅིང་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༦.ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ནི། ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཆོས་ཁམས་ཀྱི་་ངོ་བོ་རིག་ཅིང་ཉེས་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།

 

 

             སྐྱེ་མཆེད་ཀྱི་བཅུ་གཉིས་ནི།

ནང་གི་སྐྱེ་མཆེད་དྲུག་གི་མཚན་ཉིད་ནི།

༡.མིག་གི་སྐྱེ་མཆེད་ཀྱི་མཚན་ཉིད་ནི། མིག་ཤེས་ཀྱི་གནས་བྱས་པའི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

 ༢.རྣ་བའི་སྐྱེ་མཆེད་ཀྱི་མཚན་ཉིད་ནི། རྣ་ཤེས་ཀྱི་གནས་བྱས་པའི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༣.སྣའི་སྐྱེ་མཆེད་ཀྱི་མཚན་ཉིད་ནི། སྣ་ཤེས་ཀྱི་གནས་བྱས་པའི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༤.ལྕེའི་སྐྱེ་མཆེད་ཀྱི་མཚན་ཉིད་ནི། ལྕེ་ཤེས་ཀྱི་གནས་བྱས་པའི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༥.ལུས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ནི། ལུས་ཤེས་ཀྱིས་གནས་བྱས་པའི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༦.ཡིད་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ནི། ཡིད་ཤེས་ཀྱིས་གནས་བྱས་པའི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

ཕྱིའི་སྐྱེ་མཆེད་དྲུག་གི་མཚན་ཉིད་ནི།

 

༡.གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ནི། མིག་ཤེས་ཀྱིས་གཟུགས་མཐོང་བར་གྱུར་པའི་ ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།། 

༢.སྒྲ་པའི་སྐྱེ་མཆེད་ཀྱི་མཚན་ཉིད་ནི།  རྣ་ཤེས་ཀྱིས་སྒྲ་ཐོས་པར་གྱུར་པའི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༣.དྲི་བའི་སྐྱེ་མཆེད་ཀྱི་མཚན་ཉིད་ནི། སྣ་ཤེས་ཀྱི་སྣོམ་བྱར་གྱུར་པའི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༤.རོའི་སྐྱེ་མཆེད་ཀྱི་མཚན་ཉིད་ནི། ལྕེ་ཤེས་ཀྱི་རོ་མྱོང་བར་གྱུར་པའི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༥.རེག་བྱ་སྐྱེ་མཆེད་ཀྱི་མཚན་ཉིད་ནི། ལུས་ཤེས་ཀྱིས་རེག་བྱ་མྱོང་བར་གྱུར་པའི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

༦.ཆོས་སྐྱེ་མཆེད་ཀྱི་མཚན་ཉིད་ནི། ཡིད་ཤེས་ཀྱིས་ཆོས་ཁམས་དམིགས་པའི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་མངོན་གྱུར་དང་ས་བོན་ཅི་རིགས་པའོ།།

 

༡༡༽རེག་པའི་གཟུགས་སུ་ཡོད་པ་དང་ཡུལ་དཔྱད་པས་གཟུགས་སུ་ཡོད་པ་ཞེས་པ་གང་ལ་ཟེར་བ་ཡིན་ནམ?

ལན། རེག་པའི་གཟུགས་སུ་ཡོད་པ་ནི།  ལག་པའི་འདུས་ཏེ་རེག་པས་རེག་པ་གཟུགས་སུ་རུང་པ་དང་། འོང་བའི་འདུས་ཏུ་རེག་པ་དང་། དབྱིབས་ཀྱི་འདུས་ཏེ་རེག་པ་དང་། མཚོན་ཆའི་འདུས་ཏེ་རེག་པ་དང་། གྲ་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། སྦྲང་བུ་དང་། ཤ་སྦྲང་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་འདུས་ཏེ་རེག་པས་རེག་ན་དངོས་པ་གཞན་ཏུ་གྱུར་པས་གནོད་པར་ནུས་པའི་ཕྱིར་གཟུགས་སུ་རུང་བའོ།།

ཡུལ་དཔྱད་པས་གཟུགས་སུ་ཡོད་པ་ནི། ཡུལ་དཔྱད་པས་འདུས་ཏེ་རེག་པ་ནི་ཡིད་ཀྱི་འདུས་ཏེ་རེག་པའོ།།

 

༡༢༽གཟུགས་ཀྱི་ཕུང་པོའི་རྣམ་བཞག་ལེགས་པར་བྲིས?

ལན། གཟུགས་ཀྱི་ཕུང་པོའི་རྣམ་བཞག་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་བསྡུ་ན་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ།།  དབྱེ་ན་དབང་པོ་ལྔ་དང་དོན་ལྔ་དང་ཆོས་ཀྱི་སྐྱེ་མཆེད་སྟེ་བཅུ་གཅིག་ཡོད་དེ།  

མངོན་པ་རྣམ་འབྱེད་ལས།   གཟུགས་ཀྱི་རྣམ་བཞག་འབྱུང་ཆེན་བཞི།། དེ་རྒྱུར་བྱས་གཟུགས་བཅུ་གཅིག་གོ།

             རྣམ་ཤེས་རྟེན་གཟུགས་དང་བ་དབང་།། དབང་པོའི་སྤྱོད་ཡུལ་དོན་ཞེས་བྱ།།

            གཟུགས་འདིར་ཁ་དོག་ཉེར་གཅིག་བཞི།།  སྒྲ་ནི་བཅུ་གཅིག་དྲི་དྲུག་རོ།།

           བཅུ་གཉིས་རེག་བྱའི་ཕྱོགས་གཅིག་ལ།། ཉེར་གཉིས་ཆོས་སྐྱེའི་གཟུགས་ལྔ་དེའི།།

            ཡང་དག་བླངས་པ་རིག་བྱེད་མིན།།   རྣམ་རིག་བྱེད་དང་ཏིང་འཛིན་བྱུང་།།

            བཏགས་ཡོད་བསྟན་མེད་ཐོགས་མེད་པ།།    ཞེས་གསུངས་སོ།། །།

༡༣༽ཚོར་བའི་ཕུང་པོའི་རྣམ་གཞག་དང་འདུ་ཤེས་ཀྱི་ཕུང་པོའི་རྣམ་གཞག་བྲིས?

ལན།   ཚོར་བའི་ཕུང་པོའི་རྣམ་གཞག་ནི། ཉམས་སུ་མྱོང་བ་ཡིན་པ་གང་ཞིག་བདེ་བ་དང་སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་འདོད་ཁམས་དང་ཁམས་གོང་མ་གཉིས་ནང་ལུས་ཐོག་དང་སེམས་ཐོག་ཏུ་མྱོང་བའོ།།

དབྱེ་ན་དྲུག་ཡོད་དེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ། དེ་བཞིན་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ།།

མངོན་པ་རྣམ་འབྱེད་ལས།  ཚོར་བ་གནས་ངོ་རྟེན་བསྡུས་དང་།།  ཚུལ་གཉིས་སྤང་གཉེན་དབྱེ་བས་དྲུག།

          གསུམ་གཉིས་གཉིས་དང་ཡང་གཉིས་སོ།།  གཟུགས་ན་སྣ་ལྕའི་འཁོར་ཚོར་དང་།།

           ཡིད་སེམས་ཟང་ཟིང་མེད་དུ༔ཁ།། ཞེན་རྟེན་གསུམ་མེད་གཉིས་ནས་སྡུག།

           གསུམ་དགའ་བཞི་ན་བདེ་གོང་མར།། དབང་ཤེས་ལྔ་དང་ལུས་ཚོར་མེད།།   ཞེས་སོ།།

འདུ་ཤེས་ཀྱི་ཕུང་པོའི་རྣམ་གཞག་ནི།   འདུ་ཤེས་ཀྱི་ཚོགས་དྲུག་སྟེ། མིག་གི་ཡུལ་དང་དབང་པོ་ཡིད་ལ་བྱེད་པ་གསུམ་འདུས་ཏེ་རེག་པ་ལས་འབྱུང་བའི་འདུ་ཤེས་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་གསུམ་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ཏེ། མཚན་མ་འཛིན་པ་གང་ཡིན་པའོ།།

མངོན་པ་རྣམ་འབྱེད་ལས།  འདུ་ཤེས་ངོ་བོ་གནས་དམིགས་པས།། ཞེས་པའི་བར་ནས་

            ལུང་དང་རིགས་པས་ཐ་དད་གྲུབ།། ཅེས་པའི་བར་གྱི་བསྟན་པ་ཡིན་ནོ།།  །།

 

༡༤༽སེམས་བྱུང་གི་མཚན་ཉིད་དང་དབྱེ་བ་ལེགས་པར་ངོས་ཟུངས་ནས་དེ་དག་སོ་སོའི་མཚན་ཉིད་དང་བྱེད་ལས་བཅས་མ་ནོར་བ་ཁོད?

ལན།  དོན་གྱི་ཁྱད་པར་རང་སྟོབས་ཀྱི་འཛིན་པ་ནི་སེམས་བྱུང་གི་མཚན་ཉིད་དོ།།

དབྱེ་བ་ནི།  ཀུན་འགྲོ་ལྔ། ཡུལ་ངན་ལྔ། དགེ་སེམས་བཅུ་གཅིག རྩ་ཉོན་དྲུག ཉོ་ཉོན་ཉི་ཤུ། གཞན་འགྱུར་བཞིའོ།།

མངོན་པ་རྣམ་འབྱེད་ལས ཚོར་འདུ་སེམས་པ་ཡིད་བྱེད་རེག། ཞེས་པའི་བར་ནས

          རྟོག་དཔྱོད་གཞན་འགྱུར་དེ་དག་རྣམས།། ཞེས་པའི་བར་གྱི་བསྟན་པའོ།།   །།

༡༥༽ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད་དང་དབྱེ་བ་ངོས་བཟུང་ནས་དེ་དག་གནས་ངོ་བོ་གདགས་པ་གསུམ་གྱིས་བཤད་ཚུལ་བཅས་བྲིས?

ལན།    ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད་ནི། གཟུགས་དང་ཤེས་པ་གང་ཡང་མ་ཡིན་པའི་འདུ་བྱེད་ནི་ལྡན་མིན་འདུ་བྱེད་དེ།  དབྱེ་བ་ནི་ཉེར་གསུམ་སྟེ།

མངོན་པ་རྣམ་འབྱེད་ལས།  ཐོབ་དང་འདུ་ཤེས་མེད་སྙོམས་འཇུག། འགོག་སྙོམས་འདུ་ཤེས་མེད་པ་དང་།།

                 སྲོག་དབང་རིགས་མཐུན་སྐྱེ་རྒ་གནས།། མི་རྟག་མིང་ཚིག་ཡི་གེའི་ཚོགས།།

                    སོ་སྐྱེ་འཇུག་པ་སོ་སོར་ངེས།། སྦྱོར་འབྲེལ་མགྱོགས་པ་གོ་རིམ་དུས།།

             ཡུལ་གྲངས་ཚོགས་པའོ།། ཞེས་པ་ལྟར། ༡ཐོབ་པ། ༢འདུ་ཤེས་མེད་པའི་སྙོམས་འཇུག ༣འགོག་པའི་སྙོམས་འཇུག ༤འདུ་ཤེས་མེད་པ་པ། ༥སྲོག་གི་དབང་པོ། ༦རིགས་མཐུན་པ། ༧སྐྱེ་བ།༨ རྒ་བ། ༩གནས་པ། ༡༠མི་རྟག་པ། ༡༡མིང་གི་ཚོགས། ༡༢ཚིག་གི་ཚོགས། ༡༣ཡི་གེའི་ཚོགས། ༡༤སོ་སྐྱེ། ༡༥འཇུག་པ། ༡༦སོ་སོ་ངེས་པ། ༡༧སྦྱོར་འབྲེལ། ༡༨མགྱོགས་པ། ༡༩གོ་རིམ། ༢༠དུས། ༢༡ཡུལ། ༢༢གྲངས། ༢༣ཚོགས་པའོ།།

 གནས་ནི་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱིའོ།། ངོ་བོ་འཕེལ་བ་དང་། འགྲིབ་པ་ལ་མིང་ནི་འཐོབ་པ་དང་། གསར་དུ་རྙེད་པ་དང་། རྒྱུན་དང་ལྡན་པ་ཞེས་གདགས་སོ། །

མངོན་པ་རྣམ་འབྱེད་ལས། ་་་་་གནས་དང་ནི།།  ངོ་བོ་གདགས་པ་གསུམ་གྱིས་སོ།།  ཞེས་སོ།།   །།

༡༦༽རྣམ་ཤེས་ཀྱི་ཕུང་པོའི་རྣམ་གཞག་བྲིས?

ལན།   རྣམ་ཤེས་ཀྱི་ཕུང་པོའི་རྣམ་གཞག་ནི།  སེམས་དང་ཡིད་གང་ཡིན་པ་ནི་རྣམ་པར་ཤེས་པ་ཡང་དེ་ཡིན་ནོ།།   དོན་གྱི་ངོ་བོ་རྣམ་པར་རིག་པ་ནི་རྣམ་ཤེས་ཀྱི་ཕུང་པོའི་མཚན་ཉིད་ཡིན་ཏེ། དབྱེ་ན་གནས་སམ་རྟེན་གྱི་སྒོ་ནས་རྣམ་པ་དྲུག་སྟེ། དེའི་མིག་གི་རྣམ་པར་ཤེས་པ་དང་། རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་ཤེས་སོ།། 

མངོན་པ་རྣམ་འབྱེད་ལས།

          རྣམ་ཕུང་སེམས་བདེ་རྣམ་ཤེས་སོ།།   ཀུན་གཞི་རྣམ་སྨིན་ལེན་རྣམ་ཤེས།།

         དེ་དག་བག་ཆགས་བསགས་ཕྱིར་སེམས།།  རྟག་ཏུ་རློམས་སེམས་བདག་ཉིད་ཅན།།

        དེར་བརྟེན་དེར་དམིགས་ཉོན་མོངས་བཞི།། མཚུངས་ལྡན་ཉོན་མོངས་ཅན་གྱུར་ཡིན།།

        ལས་མངོན་གྱུར་དང་འགོག་ཞུགས་དང་།། མི་སློབ་སར་མིན་ཐམས་ཅད་འགྲོ།།

         རྣམ་གྲངས་དྲུག་པོ་འགག་མ་ཐག།   ངོ་བོ་ཉིད་དང་གནས་དང་ནི།།

         དམིགས་པ་དང་ནི་གྲོགས་རྣམས་དང་།། ལས་ཏེ་སྒཽ་ནི་ལྔ་པོ་ལས།།

         སེམས་བྱུང་བ་གང་རྣམ་ཤེས་དྲུག། སེམས་ནི་རང་བཞིན་དང་བ་སྟེ།།

          རྙོག་པར་བྱེད་པ་ཡིད་ཡིན་ནོ།། རྣམ་པར་ཤེས་དང་བཅས་པའི་ཡིད།།

            རྟག་ཏུ་བག་ཆགས་འདེབས་པར་བྱེད།།  ཞེས་སོ།།   །།

༡༧༽ཁམས་ཀྱི་རྣམ་གཞག་བཤད་པའི་སྐབས་གཟུགས་ཀྱིས་བསྡུས་པའི་ཁམས་དང་ཆོས་ཀྱིས་བསྡུས་པའི་ཁམས་ཀྱི་ངོས་འཛིན་ཞུ?

ལན།  གཟུགས་ཀྱི་བསྡུས་པའི་ཁམས་ནི། མིག་གི་ཁམས། གཟུགས་ཀྱི་ཁམས། རྣ་བའི་ཁམས། སྒྲ་བའི་ཁམས། སྣ་བའི་ཁམས། དྲིའི་ཁམས། ལྕེའི་ཁམས། རོའི་ཁམས། ལུས་ཀྱི་ཁམས། རེག་བྱའི་ཁམས། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལྔ་པོ་རྣམས་ཀྱང་ཡིན་ནོ།། 

སེམས་ཀྱི་བསྡུས་པའི་ཁམས་ནི། ཆོས་ཁམས་ཐ་མ་རྣམ་པར་ཤེས་པའི་ཁམས་བདུན་ཏེ། མིག་གི་རྣམ་པར་ཤེས་པའི་ཁམས། རྣ་བའི། སྣ་བའི། ལྕེའི། ལུས་ཀྱི། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་སོ། ། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ་དང་ཡིན་པ་དེ་ནི་ཆོས་ཁམས་ཀྱི་ཕྱོགས་གཅིག་གོ།  །།

༡༨༽ཁམས་བཅོ་བརྒྱད་དང་ཕུང་པོ་ལྔའི་ཁྱད་པར་མ་འདྲེས་པར་བྲིས་ནས་ཆོས་ཁམས་བཅུ་དྲུག་ཅེས་པ་གང་དང་གང་ལ་ངོས་བཟུང་བ་ཡིན་ནམ?

ལན=ཁམས་བཅོ་བརྒྱད་དང་ཕུང་པོ་ལྔའི་ཁྱད་པར་ནི། མཚན་ཉིད་ཀྱི་སྒོ་ནས་ཕྱེ་ནས་ས་བོན་འཛིན་པའི་ཆ་ནས་ཁམས་དང་། དུ་མ་སྤུངས་པའི་ཆ་ནས་ཕུང་པོའོ།། བསྡུས་ཚུལ་གྱི་སྒོ་ནས་ཡང་ཁྱད་པར་ཕྱེ་བ་ཡོད་དེ། ཕུང་པོ་ལྔ་དེ་ཁམས་བཅོ་བརྒྱད་ནང་དུ་བསྡུས་ལ། ཁམས་བཅོ་བརྒྱད་ནི་ཕུང་པོ་ལྔའི་ནང་དུ་མ་བསྡུས་སོ།། གང་ཞིག་མ་བསྡུས་ན་ཆོས་ཁམས་གྱི་ཕྱོགས་འགའ་ཞིག་སྟེ་འདུས་མ་བྱས་སོགས་མ་བསྡུས་སོ།།

ཆོས་ཁམས་བཅུ་དྲུག་ནི། དང་པོ་འདུས་བྱེད་བརྒྱད་ནི། བསྡུས་པ་ལས་གྱུར་པ། མངོན་པར་སྐབས་ཡོད་པ། ཡང་དག་པར་བླངས་པ་ལས་བྱུང་བ། ཀུན་བརྟགས་པ། དབང་འབྱོར་བ། ཚོར་བ། འདུ་ཤེས། འདུ་བྱེད་བརྒྱད་དང་།

གཉིས་པ་འདུས་མ་བྱས་བརྒྱད་ནི།  དེ་བཞིན་ཉིད། མི་དགེ་བ། ལུང་དུ་མ་བསྟན་པ། ནམ་མཁའ། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ། སོ་སོར་བརྟགས་འགོག མི་གཡོ་བ། འདུ་ཤེས་དང་ཚོར་བ་འགོག་པའོ།།

མངོན་པར་རྣམ་འབྱེན་ལས།

        དེ་བཞིན་ཉིད་གསུམ་ནམ་མཁའ་དང་།། འགོག་པ་གཉིས་དང་མི་གཡོ་དང།།

        འདུ་ཤེས་ཚོར་བ་འགོག་པའོ།། གཟུགས་ལྔ་ཕུང་གསུམ་འདུས་མ་བྱས།།

        བཅུ་དྲུག་ཆོས་ཀྱི་ཁམས་ཡིན་ནོ།།  །།ཞེས་གསུངས་སོ།།   །།

༡༩༽དེ་བཞིན་ཉིད་ཀྱི་ངོ་བོ་རྣམ་གྲངས་ངེས་ཚིག་བཅས་བྲིས?

ལན=དེ་བཞིན་ཉིད་ཀྱི་ངོ་བོ་ནི། རྟག་གཅིག་རང་དབང་ཅན་ལ་སོགས་པའི་བདག་གོ་ཞེས་གཟུང་བ་གང་ཟག་གི་བདག་གིས་ཀྱང་སྟོང་ཞིང་། གཟུང་བ་དང་འཛིན་པའི་ཆོས་སུ་བརྟགས་པ་ཆོས་ཀྱི་བདག་གིས་ཀྱང་སྟོང་པས་བདག་མེད་པ་རྣམ་པ་གཉིས་ཀྱི་ངོ་བོ་ཉིད་དུ་གྱུར་པ་དང་ཞེས་པ་སྟེ། རྒྱན་ལས།

              འདི་ལྟར་ཆོས་རྣམས་ཐམས་ཅད་ནི།།  བདག་མེད་དམ་པའི་དོན་དུ་ན།།

             སྟོང་ཉིད་བདག་ཏུ་དམིགས་པ་ནི།། ཉེས་པར་བཤད་པ་ཁོ་ན་ཡིན།། ཞེས་སོ།།

རྣམ་གྲངས་ནི།  སྟོང་ཉིད། མཚན་མ་མེད་པ། ཡང་དག་པའི་མཐའ། དོན་དམ་པ་དང་། ཆོས་ཀྱི་དབྱིངས་སོ།།

ངེས་ཚིག་ནི། ཡུམ་ལས། དེ་བཞིན་གཤེགས་པ་རྣམ་བྱོན་ཡང་རུང་མ་བྱོན་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པའོ།། ཞེས་པ་ལྟར་བདག་གཉིས་ཀྱིས་སྟོང་པའི་ཆོས་ཉིད་དེ་བཞིན་ཉིད་དེ་ནམ་ཡང་གཞན་དུ་མི་འགྱུར་ཞིང་རྟག་ཏུ་ལྷུན་གྱིས་གྲུབ་པར་གནས་པ་ཉིད་ཀྱི་ཕྱིར་རོ།།   །།

༢༠༽འདུས་མ་བྱས་བརྒྱད་པོ་སོ་སོའི་ངོ་བོ་མ་འདྲེས་པར་བྲིས?

ལན=འདུས་མ་བྱས་བརྒྱད་ནི། མངོན་པ་རྣམ་འབྱེད་ལས།  དེ་བཞིན་ཉིད་གསུམ་ནམ་མཁའ་དང་།།

                            འགོག་པ་གཉིས་དང་མི་གཡོ་དང་།།

                            འདུ་ཤེས་ཚོར་བ་འགོག་པའོ།། ཞེས་པ་ལྟར།

དེ་བཞིན་ཉིད་དགེ་བ་ནི། གང་ཟག་དང་ཆོས་ཀྱི་བདག་མེད་པ་རྣམ་གཉིས་ཡིན་ནོ།།

དེ་བཞིན་ཉིད་མི་དགེ་བ་ནི། གང་ཟག་དང་ཆོས་ཀྱི་བདག་མེད་པ་རྣམ་པ་གཉིས་ལས་བཟློག་པའོ།།

ལུང་དུ་མ་བསྟན་པ་ནི།  དགེ་བ་དང་མི་དགེ་བ་གང་ཡང་མ་ཡིན་པའོ།།

ནམ་མཁའ་ནི།  གཟུགས་མེད་ཅིང་བྱེད་པ་ཐམས་ཅད་ཀྱི་གོ་འབྱེད་པའི་ཕྱིར་རོ།།

སོ་སོར་བརྟགས་མ་ཡིན་པ་ནི།  གང་མངོན་དུ་རྒྱུ་འགོག་ལ་བག་ལ་ཉལ་མ་བཅོམ་པས་བྲལ་བ་མ་ཡིན་པའོ།།  །།

སོ་སོར་བརྟགས་འགོག་ནི། གང་མངོན་དུ་རྒྱུ་འགོག་ལ་བག་ལ་ཉལ་བཅོམ་པ་དེ་ནེ་བྲལ་བའོ།།

མི་གཡོ་བ་ནི།  དགེ་རྒྱས་ཀྱི་སྟེ་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་ལ་གོང་མའ་བཞི་པའི་འདོད་ཆགས་དང་མ་བྲལ་བའི་འགྱུར་བྱེད་ཀྱི་ཚོར་བ་བདེ་བ་དང་སྡུག་བསྔལ་འགོག་པའོ།།

འདུ་ཤེས་དང་ཚོར་བ་འགོག་པ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་དང་། བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་སྟེ་ཉོན་མོངས་པ་ཅན་གྱི་ཡིད་འགོག་པའོ།།  །།

༢༡༽ཕུང་ཁམས་སྐྱེ་མཆེད་ཀྱི་གོ་རིམ་འཇོག་ཚུལ་ཇི་ལྟར་ཡིན་ནམ?

ལན=དང་པོ་ཕུང་པོའི་གོ་རིམ་ནི། 

མངོན་པ་རྣམ་འབྱེད་ལས། གནས་དང་གནས་པ་རྟེན་བརྟེན་པ།།

             ཀུན་ཉོན་རྣམ་པར་བྱང་ཉིད་ཀྱིས།།

             ཕུང་པོ་གོ་རིམ་བཞིན་དུ་བླུགས།།

རྣམ་པར་ཤེས་པའི་གནས་དང་གནས་པ་ཉིད་ཀྱི་ཕྱིར། ཕུང་པོ་ལྔ་རིམ་པ་བཞིན་བླགས་ཏེ། དེའང་མདོ་ལས། རྣམ་པར་ཤེས་པ་གནས་པ་ན་གཟུགས་ལ་ཉེར་བར་འགྲོ་ཞིང་གནས་སོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ལ་ཉེ་བར་འགྲོ་ཞིང་གནས་སོ་ཞེས་པ་ལྟར། འདི་རྣམས་ལ་རྣམ་པར་ཤེས་པ་དགའ་བ་དང་ལྡན་པའི་སྒོ་ནས་འགྲོ་ཞིང་གནས་པས་དང་པོར་འགྲོ་བའམ་གནས་བཞི་པོར་རགས་རིམ་ནས་བསྟན་པ་དང་། གནས་པ་པོ་རྣམ་པར་ཤེས་པ་ཕྱིན་ནས་བསྟན་པའོ།།

གཉིས་པ་ཁམས་ཀྱི་གོ་རིམ་ནི།  མངོན་པ་རྣམ་འབྱེད་ལས། དབང་པོའི་ཁམས་སྐྱེ་འཇིག་རྟེན་མཐུན།། ཞེས་པར་ལྟར་ཐོག་མར་དབང་པོའི་ཁམས་དྲུག་རིམ་ཅན་དུ་སྟོན་པ་ནི་འཇིག་རྟེན་ཐ་སྙད་ཀྱི་རིམ་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ།།

གསུམ་པ་སྐྱེ་མཆེད་ཀྱི་གོ་རིམ་ནི། མངོན་པ་རྣམ་འབྱེད་ལས། དབང་པོའི་ཁམས་སྐྱེ་འཇིག་རྟེན་མཐུན།། ཞེས་དབང་པོ་དང་ཡུལ་གྱི་ཁམས་རྣམས་ཀྱི་གོ་རིམ་ཇི་ལྟ་བ་བཞིན་དུ་དེ་དག་གི་སྐྱེ་མཆེད་དྲུག་འཇིག་རྟེན་གྱི་ཐ་སྙད་དང་མཐུན་པའི་རིམ་པས་བསྟན་ཞིང་། དེའི་དབང་གིས་ཡུལ་གྱི་སྐྱེ་མཆེད་དྲུག་འབྱུང་བས་དབང་པོ་སོ་སོའི་རྗེས་སུ་བསྟན་པ་ཡིན་ནོ།།

༢༢༽ཕུང་ཁམས་སྐྱེ་མཆེད་ཀྱི་སྒྲ་དོན་དང་དཔེ་བྲིས?

ལན=ཕུང་པོའི་སྒྲ་དོན་ནི།  སྲིད་པ་རྣམ་པར་བཅུ་གཅིག་གི་སྐབས་ཀྱི་གཟུགས་ལ་སོགས་པ་འདས་པ་ལ་སོགས་པའི་རྣམ་པར་བཞག་པ་ཡིན་ནོ།།

དཔེར་ན། ཡལ་ག་དང་ལོ་མ་འདབ་རྒྱས་པའི་ཤིང་སྡོང་ལ་ཤིང་གི་ཕུང་པོ་ཆེན་པོ་ཞེས་བརྗོད་པ་བཞིན་ནོ།།  ཡང་ན་ནོར་གྱི་ཁྱད་པར་མང་པོ་གཅིག་ཏུ་བསྡུས་ནས་སྤུངས་པ་ལ་ནོར་གྱི་ཕུང་པོར་འཇོག་པ་བཞིན་ནོ།།

ཁམས་ཀྱི་སྒྲ་དོན་ནི། ཀུན་ཏུ་ལེན་པའི་རྣམ་པར་ཤེས་པའི་དབང་དུ་བྱས་ཏེ་ཆོས་ཐམས་ཅད་ཀྱི་ས་བོན་གྱི་དོན་ཏོ།། ཡང་རང་གི་མཚན་ཉིད་མི་འདོར་བར་འཛིན་པའི་དོན་ཏོ།།

དཔེ་ནི། གནོད་པ་སྣ་ཚོགས་བྱེད་པས་སྦྲུལ་དུག་པ་ལྟ་བུའོ།།

སྐྱེ་མཆེད་ཀྱི་སྒྲ་དོན་ནི། རྣམ་པར་ཤེས་པ་སྐྱེ་བའི་སྒོའི་དོན་ཏོ།།

དཔེ་ནི། འཛིན་མཁན་གྱི་བདག་གམ་རྣམ་ཤེས་མེད་པས་གྲོང་སྟོང་པ་ལྟ་བུར་ཡང་གསུངས་སོ།།

༢༣༽ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་པའི་རབ་དབྱེ་དྲུག་བཅུ་དང་བསྡུས་པའི་རབ་དབྱེ་བཅུ་གསུམ་གྱི་སྡོམ་བྲིས?

ལན=དང་པོ་རྣམ་པའི་རབ་དབྱེ་དྲུག་བཅུ་ནི། བཤད་བྱ་རྫས་ཡོད་ལ་སོགས་པ་བཞི། ཤེས་བྱ་ལ་སོགས་པ་གསུམ། གཟུགས་ཅན་ལ་སོགས་པ་དྲུག ཟག་བཅས་ལ་སོགས་པ་བཅུ་གཉིས། བྱུང་བ་ལ་སོགས་པ་བརྒྱད། འདས་པ་ལ་སོགས་པ་བཅུ་དྲུག རྐྱེན་ལ་སོགས་པ་བཅུ་གཅིག་གོ།

གཉིས་པ་བསྡུས་པའི་རབ་དབྱེ་བཅུ་གསུམ་ནི། ཀུན་བརྟགས་པ་ལ་སོགས་པ་གསུམ། མཚན་ཉིད་ལ་སོགས་པ་བཞི། ཕྱིར་བལྟས་ལ་སོགས་པ་དྲུག་དུ་དབྱེའོ།།  

 

༢༤༽ཕུང་ཁམས་སྐྱེ་མཆེད་ཀྱི་བསྡུས་པའི་ཤེས་བྱ་རྣམས་ལས  བཤད་བྱ་རྫས་ཡོད་ལ་སོགས་པ་བཞི་པོར་མཚན་ཉིད་ཀྱི་འཇོག་ཚུལ་ཇི་ལྟར་ཡིན་པ་དང་། མཚན་གཞིའི་དངོས་པོ་ནི་དུ་ཞིག་ཡོད་པ་ཡིན་པ་དང་། དགོས་པ་ཅིའི་ཕྱིར་རྫས་སོགས་བཞིར་བརྟག་སྟེ་བསྟན་དགོས་པ་ཡིན་ནམ་མ་ནོར་བར་བྲིས?

ལན=ཆོས་གང་ཞིག་རང་གི་ངོ་བོ་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་པ་དེ་བརྗོད་པ་དང་སྒྲ་དང་མིང་ལ་སོགས་པའི་ཐ་སྙད་ལའང་མི་ལྟོས་ཤིང་། དེ་ལས་གཞན་རྟགས་དང་དཔེ་དང་མཚན་ཉིད་ལ་སོགས་པ་རྣམ་པར་འཇོག་དོན་གཞན་ལ་མི་ལྟོས་པ་རྫས་སུ་ཡོད་པ་ནི་མཚན་ཉིད་ཀྱི་འཇོག་ཚུལ་དེ་ལྟར་ཡིན་ནོ།།

མཚན་གཞིའི་དངོས་པོ་ནི། ཆོས་གསུམ་པོ་ཐམས་ཅད་ཀྱང་ལྟོས་མེད་དུ་བློ་ཡུལ་དུ་གྱུར་པའི་ཆ་ནས་རྫས་སུ་ཡོད་པའམ། ཡང་ཆོས་ཐམས་ཅད་དེ་བཞིན་ཉིད་ལས་ཐ་མི་དད་པའི་ཕྱིར་རྫས་སུ་ཡོད་པའོ།།  

དགོས་པ་ནི། ཕྱི་རོལ་པ་ལ་སོགས་པ་མི་མཁས་པ་རྣམས་བདག་རྫས་སུ་གྲུབ་པ་ཡོད་དོ་ཞེས་མངོན་པར་ཞེན་པ་སྤང་པའི་ཕྱིར་བསྟན་དགོས་པ་ཡིན་ནོ།།

 

༢༥༽གྲུབ་མཐའ་སྨྲ་བ་བཞིའི་ལུགས་ལ་ཀུན་རྫོབ་དང་དོན་དམ་གཉིས་ཀྱི་འཇོག་ཚུལ་མ་འདྲ་བའི་ཁྱད་པར་ཇི་ལྟར་ཡོད་པ་ཡིན་ནམ?

ལན=བྱེ་བྲག་སྨྲ་བའི་ལུགས་ལ། ཀུན་རྗོབ་བདེན་པའི་མཚན་ཉིད་ནི། གང་ལ་བཅོམ་དང་བློ་ཡིས་གཞན་བསལ་ན་དེ་བློ་མི་འཇུག་པའོ།།

དོན་དམ་པའི་མཚན་ཉིད་ནི། གང་ལ་བཅོམ་དང་བློ་ཡིས་གཞན་བསལ་ན་དེ་བློ་འཇུག་པའོ།།

མཛོད་ལས།  གང་ལ་བཅོམ་དང་བློ་ཡིས་གཞན།། བསལ་ན་དེ་བློ་མི་འཇུག་པ།།

     བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ།། ཡོད་དེ་དོན་དམ་ཡོད་གཞན་ནོ།། ཞེས་སོ།

མདོ་སྡེ་པས། དོན་བྱེད་ནུས་པའི་ཆོས་རང་མཚན་ནི་དོན་དམ་པའི་མཚན་ཉིད། དོན་བྱེད་མི་ནུས་པའི་ཆོས་སྤྱི་མཚན་ནི་ཀུན་རྫོབ་བདེན་པའི་མཚན་ཉིད་དོ།།

རྣམ་འགྲེལ་ལས། དོན་བྱེད་ནུས་པ་གང་ཡིན་པ།། དེ་འདིར་དོན་དམ་ཡོད་པ་སྟེ།།

     གཞན་ནི་ཀུན་རྫོབ་ཡོད་པ་ཡིན།། དེ་དག་རང་སྤྱིའི་མཚན་ཉིད་བཤད།། ཞེས་སོ།།

སེམས་ཙམ་པའི་ལུགས་ལ། ཀུན་བརྟགས་གཉིས་དང་མ་དག་གཞན་དབང་ཀུན་རྫོབ་བདེན་པ། ཡོངས་གྲུབ་གཉིས་དང་དག་པ་གཞན་དབང་ལ་དོན་དམ་བདེན་པའོ།།

དབུ་མ་པས། བློ་འཁྲུལ་པའི་ངོར་བདེན་པ་ཀུན་རྫོབ་བདེན་པའི་མཚན་ཉིད།།

རིགས་པས་དཔྱད་ན་ཆོས་ཐམས་ཅད་འགའ་ཡང་མ་རྙེད་པ། མ་རྙེད་པ་ནི་དོན་དམ་པའི་མཚན་ཉིད་དོ།།  ཞེས་སོ།།

༢༦༽རྟེན་འབྲེལ་གྱི་རྣམ་གཞག་རྒྱས་པར་བྲིས?

ལན=མངོན་པར་རྣམ་འབྱེད་ལས། 

རྟེན་འབྲེལ་མཚན་ཉིད་ཡན་ལག་དབྱེ།། མདོར་བསྡུས་རྐྱེན་དང་ལས་རྣམ་གཞག།

ཉོན་མོངས་བསྡུ་དང་དོན་ཟབ་དབྱེ།། ལུགས་མཐུན་མི་མཐུན་རིམ་པ་བཞིན།།

གཡོ་མེད་མི་རྟག་ནུས་པའི་རྐྱེན།། ཡན་ལག་བཅུ་གཉིས་གསུམ་འཕེན་པ།།

བཞི་ནི་འཕངས་པ་གསུམ་འགྲུབ་བྱེད།། གཉིས་གྲུབ་བག་ཆགས་ཤུགས་ཡིད་བྱེད།།

ལྷན་ཅིག་འབྱུང་བ་བྱ་བ་རྐྱེན།།  སྲེད་ལེན་ཉོན་མོངས་འདུ་བྱེད་དང་།།

རྣམ་ཤེས་སྲིད་ལས་ལྷག་རྣམས་ཚེའི།། བཅུ་གཅིག་ལྔས་བརྒྱད་ཀུན་བྱང་གིའོ།། ཞེས་པ་ལྟར་གཅིག་ལ་རྟེན་ནས་གཅིག་བྱུང་བས་ན་རྟེན་འབྲེལ་ལོ།།

དབྱེ་བ་ནི། མ་རིག འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ།།

ལུགས་འབྱུང་ནི། མ་རིག་ནས་འདུ་བྱེད་སོགས་རྒ་ཤིའི་བར་དུ་འབྱུང་བའོ།།

ལུགས་ལྡོག་ནི། རྒ་ཤི་འགག་པས་སྐྱེ་བ་འགགས་ལ་སོགས་པ་མ་རིག་གི་བར་དུ་འགག་པའོ།།

བསྡུས་ཚུལ་ནི། མ་རིག་སྲེད་པ་ལེན་པ་ཉོན་མོངས་པ། འདུ་བྱེད་རྣམ་ཤེས་སྲིད་པ་ལས།

ལྷག་མ་རྣམས་ནི་སྡུག་བསྔལ་ལོ།།  །།

༢༧༽རྐྱེན་གྱི་མཚན་ཉིད་དང་ དབྱེ་བ། རྒྱུ་དང་རྐྱེན་གྱི་ཁྱད་པར། བྱེད་རྒྱུའི་དབྱེ་བ་ཉི་ཤུ་བཅས་ཚང་བར་བྲིས?

ལན། རྐྱེན་གྱི་མཚན་ཉིད་ནི། འབྲས་བུ་སྨིན་པར་བྱེད་པའི་གྲོགས་སུ་གྱུར་པའོ།།

དབྱེ་བ་ནི། རྒྱུའི་རྐྱེན། དམིགས་པའི་རྐྱེན། བདག་པོའི་རྐྱེན། དེ་མ་ཐག་པའི་རྐྱེན་ནོ།།

མངོན་པར་རྣམ་འབྱེད་ལས། རྒྱུ་དང་དེ་མ་ཐག་དམིགས་པ།། བདག་པོ་་་་་་་།།  ཞེས་སོ།།

རྒྱུ་དང་རྐྱེན་གྱི་ཁྱད་པར་ནི། འབྲས་བུ་དེ་ཐུན་མོང་མ་ཡིན་པར་སྐྱེད་པའི་ཆ་ནས་རྒྱུ་དང་། ཐུན་མོང་དུ་སྐྱེད་པའི་ཆ་ནས་རྐྱེན་ཞེས་ཀྱང་བྱའོ།།

བྱེད་རྒྱུ་ཉི་ཤུ་ནི། འབྱུང་བའི་བྱེད་རྒྱུ། གནས་ཀྱི་བྱེད་རྒྱུ། བརྟེན་པའི་བྱེད་རྒྱུ། གསལ་བའི་བྱེད་རྒྱུ། འགྱུར་བའི་བྱེད་རྒྱུ། འབྲལ་བའི་བྱེད་རྒྱུ། བསྒྱུར་བའི་བྱེད་རྒྱུ། ཡིད་ཆེས་པའི་བྱེད་རྒྱུ། ཡིད་ཆེས་བྱེད་པའི་བྱེད་རྒྱུ། འཐོབ་པའི་བྱེད་རྒྱུ། ཐ་སྙད་ཀྱི་བྱེད་རྒྱུ། ལྟོས་པའི་བྱེད་རྒྱུ། འཕེན་པའི་བྱེད་རྒྱུ། མངོན་པར་འགྲུབ་པའི་བྱེད་རྒྱུ། ཡོངས་སུ་འཛིན་པའི་བྱེད་རྒྱུ། ཆུད་པར་བྱེད་པའི་བྱེད་རྒྱུ། སོ་སོར་ངེས་པའི་བྱེད་རྒྱུ། ལྷན་ཅིག་བྱེད་པའི་བྱེད་རྒྱུ། མི་མཐུན་པའི་བྱེད་རྒྱུ། མི་མཐུན་པ་མ་ཡིན་པའི་བྱེད་རྒྱུ་བཅས་སོ།།   །།

 

༢༨༽ཟག་པའི་སྒོ་དྲུག་ཅེས་པ་གང་དང་གང་ཡིན་སོ་སོའི་དོན་དང་བཅས་བྲིས་ནས་ ཟག་བཅས་ཀྱི་མཚན་གཞིའི་དངོས་པོ་ནི་དུ་ཞིག་ཡོད་པ་དང་། ཅིའི་ཕྱིར་ཟག་བཅས་བསྟན་དགོས་པ་ཡིན་ནམ?

ལན=ཟག་པའི་སྒོ་དྲུག་ནི། ཟག་པའི་བདག་ཉིད། ཟག་པའི་འབྲེལ་བ། ཟག་པའི་བཅིངས་པ། ཟག་པའི་རྗེས་སུ་འབྲེལ་བ། ཟག་པའི་རྗེས་སུ་མཐུན་པ། ཟག་པའི་རྒྱུ་ལས་བྱུང་།

ཟག་པའི་བདག་ཉིད་ནི། ཟག་པའི་ངོ་བོ་ཉིད་དང་ལྡན་པས་ཟག་པ་དེའི་བདག་ཉིད་དང།

ཟག་པའི་འབྲེལ་བ་ནི། ལྷན་ཅིག་འབྱུང་བའི་སེམས་དང་སེམས་བྱུང་རྣམས་དང་མིག་ལ་སོགས་པ་ནི་ཟག་པ་དང་བཅས་པ་དང་གནས་ཡིན་པས་ཟག་པ་དང་འབྲེལ་བ།

ཟག་པའི་བཅིངས་པ་ནི། དགེ་བ་ཟག་བཅས་རྣམས་ཀྱང་སྲིད་པའི་རྒྱུ་ཡིན་པས་ཟག་པས་བཅིངས་པ་དང་།

ཟག་པའི་རྗེས་སུ་འབྲེལ་བ་ནི། ས་པ་གཞན་གྱི་ཟག་པའི་གནས་ངན་ལེན་དང་ལྡན་པས་ཟག་པའི་རྗེས་སུ་འབྲེལ་བ་དང་།

ཟག་པའི་རྗེས་སུ་མཐུན་པ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་གཉེན་པོ་ཡིན་ཀྱང་ཟག་པའི་རྗེས་སུ་མཐུན་པ་དང་།

ཟག་པའི་རྒྱུ་ལས་བྱུང་བ་ནི། དགྲ་བཅོམ་པའི་ཕུང་པོ་རྣམས་ཟག་པའི་རྒྱུ་ལས་བྱུང་བའོ།།

ཟག་བཅས་ཀྱི་མཚན་གཞིའི་དངོས་པོ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་དང་། ཁམས་ཐ་མ་གསུམ་མ་གཏོགས་པའི་བཅོ་ལྔ་དང་། སྐྱེ་མཆེད་ཐ་མ་གཉིས་མ་གཏོགས་པའི་བཅུ་དང་། ཁམས་ཐ་མ་གསུམ་དང་། སྐྱེ་མཆེད་ཐ་མ་གཉིས་ཀྱི་ཕྱོགས་གཅིག་འཕས་པའི་ལམ་འཁོར་དང་བཅས་པ་དང་འདུས་མ་བྱས་མ་གཏོགས་པའོ།།

ཟག་བཅས་བསྟན་དགོས་པ་ནི། ཆོས་དེ་རྣམས་ལ་མངོན་པར་ཞེན་པ་ཡོད་པའི་ཕྱིར་དུ་ཟག་བཅས་བསྟན་དགོས་པ་ཡིན་ནོ།།   །།

 

༢༩༽བྱུང་བ་ཉི་ཤུ་རྩ་བཞི་ངོས་ཟུངས?

ལན=བྱུང་བ་ཉི་ཤུ་རྩ་བཞི་ནི། དང་པོ་བྱུང་བ། རྒྱན་གྱིས་བྱུང་བ། རྒྱས་པ་ལས་བྱུང་བ། རྟེན་ལས་བྱུང་བ། འགྱུར་བར་བྱུང་བ། ཡོངས་སུ་སྨིན་པར་བྱུང་བ། མཉམ་པར་བྱུང་བ། ཁྱད་པར་དུ་བྱུང་བ། འོད་གསལ་བར་དུ་བྱུང་བ་མ་ཡིན་པ། ཀུན་ཏུ་འགྲོ་བར་བྱུང་བ། ས་བོན་དང་བཅས་པར་བྱུང་བ། ས་བོན་མ་ཡིན་པར་བྱུང་བ། གཟུགས་བརྙན་དང་དབང་འབྱོར་བྱུང་བ། ངེས་པར་བསྟན་པའི་ཕྱིར་བྱུང་བ། གཉིས་ནས་གཅིག་ཏུ་བྱུང་བ། སྐད་ཅིག་ཞིག་ནས་བྱུང་བ། ཕྲད་པ་དང་བྲལ་བར་བྱུང་བ། གནས་སྐབས་གཞན་དུ་བྱུང་། འཆི་འཕོ་དང་སྐྱེ་བར་བྱུང་བ། འཇིག་པ་དང་ཆགས་པར་བྱུང་བ། སྔོན་གྱི་དུས་ན་བྱུང་བ། འཆི་བའི་དུས་ན་བྱུང་བ། བར་དུ་བྱུང་བ། ཉིང་མཚམས་སྦྱོར་བའི་དུས་ན་བྱུང་བ་བཅས་སོ།།   །།

༣༠༽མིག་སོགས་དབང་པོ་གཟུགས་ཅན་ལྔ་དང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འཛིན་པ་ཡིན་པའི་རྒྱུ་མཚན་དང་དེ་དག་གིས་ཡུལ་ཇི་ལྟར་འཛིན་པའི་ཚུལ་དང་། གཟུང་བ་དང་འཛིན་པ་གཉིས་ཀྱི་ཁྱད་པར་ཡང་གསལ་པོར་བྲིས?

ལན=མིག་སོགས་དབང་པོ་གཟུགས་ཅན་ལྔ་ནི་རང་རང་གི་ཡུལ་འཛིན་པའི་རྒྱུ་མཚན་ཉིད་ཀྱི་འཛིན་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་རང་རང་གི་དམིགས་པ་སོ་སོར་སྣང་བ་ཉིད་ཀྱིས་འཛིན་པར་བལྟའོ།།

འཛིན་པའི་ཚུལ་ནི།  མངོན་པར་རྣམ་འབྱེད་ལས། 

          མིག་རྣ་ཡིད་གསུམ་མ་ཕྲད་པར།།   སྣ་ལྕེ་ལུས་ཕྲད་དེ་གསུམ་མཉམ།།

          མིག་རྣས་ཆུང་མཉམ་ཆ་གསུམ་དང་།། དབང་ཤེས་ད་ལྟ་རང་མཚན་ཉིད་།།

         ཡིད་ཤེས་དུས་གསུམ་གཉིས་ཀ་འཛིན།། ཞེས་པ་མིག་རྣ་ཡིད་གསུམ་ཡུལ་དང་མ་ཕྲད་པར་འཛིན་པ་དང་། སྣ་ལྕེ་ཡིད་གསུམ་ཕྲད་ནས་འཛིན་པ་སྟེ་དུས་ད་ལྟར་འཛིན་པ་དང་། ཡིད་ཤེས་ཀྱི་ནི་སོ་སོར་བ་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ཐུན་མོང་བའི་སྒོ་ནས་ཕྲད་པ་དང་མ་ཕྲད་པ་གཉིས་ཀའི་སྒོ་ནས་འཛིན་པའོ།།

གཟུང་བ་དང་འཛིན་པ་གཉིས་ཀྱི་ཁྱད་པར་ནི།  མུ་གསུམ་ཡོད་དེ། འཛིན་པ་གང་ཡིན་པ་ནི་གཟུང་བ་ཡང་དེ་ཡིན་པ་དང་། གཟུང་བ་ཡིན་ལ་འཛིན་པ་མ་ཡིན་པ་ཡོད་དེ། འཛིན་པའི་སྤྱོད་ཡུལ་ཉིད་དོ།།    ཞེས་སོ།།     །།

༣༡༽དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་མཚན་ཉིད་དང་དབྱེ་བ་སོ་སོར་བྲིས?

ལན=དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་བཟླས་ཕྱེ་བའི་རྣམ་སྨིན་ཡིད་དུ་འོང་བ་འབྱིན་པ་དགེ་བའི་མཚན་ཉིད།

དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་བཟླས་ཕྱེ་བའི་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་མི་དགེ་བའི་མཚན་ཉིད།

དེ་གསུམ་གྱི་འབྲས་བུ་རྣམ་སྨིན་ཡིད་དུ་འོང་བ་དང་མི་འོང་བ་གང་ཡང་མ་འབྱིན་པ་ནི་ལུང་མ་བསྟན་གྱི་མཚན་ཉིད་དོ།།

དང་པོ་དགེ་བ་ལ་དབྱེ་ན་བཅུ་གསུམ་ཏེ།   ངོ་བོ་ཉིད་ཀྱི་དགེ་བ། འབྲེལ་བའི་དགེ་བ། རྗེས་སུ་འབྲེལ་བའི་དགེ་བ།། སློང་བའི་དགེ་བ། དོན་དམ་པའི་དགེ་བ། སྐྱེ་བས་ཐོབ་པའི་དགེ་བ། སྦྱོར་བའི་དགེ་བ། མདུན་དུ་བྱར་བའི་དགེ་བ། ཕན་འདོགས་པའི་དགེ་བ། ཡོངས་སུ་འཛིན་པའི་དགེ་བ། གཉེན་པོའི་དགེ་བ་། ཉེ་བར་ཞི་བའི་དགེ་བ། རྒྱུ་མཐུན་པའི་དགེ་བའོ།།

གཉིས་པ་མི་དགེ་ལ་དབྱེ་ན་བཅུ་གཉིས་ཏེ། ངོ་བོ་ཉིད་ཀྱི་མི་དགེ་བ། འབྲེལ་བའི་མི་དགེ་བ། རྗེས་སུ་འབྲེལ་བའི་མི་དགེ་བ། སློང་བའི་མི་དགེ་བ། དོན་དམ་པའི་མི་དགེ་བ། སྐྱེ་བས་ཐོབ་པའི་མི་དགེ་བ། སྦྱོར་བའི་མི་དགེ་བ། མདུན་དུ་བྱར་བའི་མི་དགེ་བ། གནོད་པ་བྱེད་པའི་མི་དགེ་བ། ཡོངས་སུ་འཛིན་པའི་མི་དགེ་བ། མི་མཐུན་པའི་ཕྱོགས་ཀྱི་མི་དགེ་བ། བར་དུ་གཅོད་པའི་མི་དགེ་བའོ།།

ལུང་མ་བསྟན་ནི་བཅུ་བཞི་སྟེ། ངོ་བོ་ཉིད་ཀྱི་ལུང་མ་བསྟན། འབྲེལ་བའི་ལུང་མ་བསྟན། རྗེས་སུ་འབྲེལ་བའི་ལུང་མ་བསྟན། སློང་བའི་ལུང་མ་བསྟན། དོན་དམ་པའི་ལུང་མ་བསྟན། སྐྱེ་བས་འཐོབ་པའི་ལུང་མ་བསྟན། སྦྱོར་བའི་ལུང་མ་བསྟན། མདུན་དུ་བྱར་བའི་ལུང་མ་བསྟན། ཕན་འདོགས་པའི་ལུང་མ་བསྟན། ཉེར་བར་སྤྱོད་པའི་ལུང་མ་བསྟན། ཡོངས་སུ་འཛིན་པའི་ལུང་མ་བསྟན། གཉེན་པོའི་ལུང་མ་བསྟན། ཉེར་བར་ཞི་བའི་ལུང་མ་བསྟན། རྒྱུ་མཐུན་གྱི་ལུང་མ་བསྟན་པའོ།།

༣༢༽ཆགས་བྲལ་ལྔར་དབྱེ་བ་དང་བཅུར་དབྱེ་ཚུལ་བྲིས?

ལན=ཆགས་བྲལ་ལྔ་ནི། ཕྱོགས་གཅིག་ལ་ཆགས་བྲལ་བ། མཐའ་དག་ལ་ཆགས་བྲལ་བ། རྟོགས་པའི་ཆགས་བྲལ་བ། གནོན་པའི་ཆགས་བྲལ་བ། ལེགས་པར་སྟོན་པའི་ཆགས་བྲལ་བའོ།།

བཅུར་དབྱེ་ཚུལ་ནི། རང་བཞིན་གྱི་འདོད་ཆགས་དང་བྲལ་བ་ཉིད་དང་། གནོད་པའི་ཆགས་བྲལ་བ། ཉེར་བར་བརྟེན་པའི་ཆགས་བྲལ་བ། ཕུལ་དུ་བྱུང་བས་ཆགས་བྲལ་བ། རྨོངས་པས་ཆགས་བྲལ་བ། གཉེན་པོའི་ཆགས་བྲལ་བ། ཡོངས་སུ་ཤེས་པའི་ཆགས་བྲལ་བ། སྤང་པའི་ཆགས་བྲལ་བ། གོང་མའི་ཆགས་བྲལ་བ། གོང་ན་མེད་པའི་ཆགས་བྲལ་བའོ།།  །།

༣༣༽དབང་པོའི་རྣམ་གཞག་རྒྱས་བསྡུས་འཚམས་པ་ཞིག་བྲིས?

ལན=དབང་ནི་དབང་ཕྱུག་དམ་པའོ། ཞེས་ལྷག་པར་དབང་སྒྱུར་བར་བྱེད་པའམ། ཐུན་མོང་མ་ཡིན་པར་བདག་པོ་བྱེད་པས་ན་དབང་པོ་ཞེས་བྱ་སྟེ། མིག་སོགས་དྲུག་ཡུལ་ལ་འཛིན་པར་དབང་བྱེད་པ་དང་། ཕོ་མོ་གཉིས་ཀྱིས་རིགས་ཀྱི་རྒྱུད་ལ་དབང་བྱེད་པ་དང་། སྲོག་གིས་རིས་མཐུན་པར་གནས་པར་དབང་བྱེད་པ་དང་། ཚོར་བ་ལྔས་དགེ་བ་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པར་དབང་བྱེད་པ་དང་། དད་སོགས་ལྔ་འཇིག་རྟེན་གྱི་འོདད་ཆགས་དང་བྲལ་བ་ཉིད་ལ་དབང་བྱེད་པ་དང་། ཀུན་ཤེས་གསུམ་གྱིས་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་ཉིད་ལ་དབང་བྱེད་པས་ཀྱང་དབང་པོར་བལྟའོ།།

མངོན་པར་རྣམ་འབྱེད་ལས།  ལྷག་པར་པར་དབང་བྱེད་ཕྱིར་དབང་པོ།། ཉོན་མོངས་བཅུ་བཞི་རྣམ་བྱང་བརྒྱད།།

           དང་པོ་དྲུག་ཡུལ་གཉིས་རིག་སྲོག། རིས་མཐུན་ཚོར་བའི་ལྔས་ཉེར་སྤྱོད།།             

           དད་སོགས་ལྔས་ནི་འཇིད་རྟེན་གྱི།།  སྦྱོར་ནས་མཐོང་ལམ་བཅོ་ལྔའི་བར།།  

           ཀུན་ཤེས་བྱེད་དང་བཅུ་དྲུག་བརྟེན།།  སློབ་ལམ་ཀུན་ལ་ཀུན་ཤེས་དང་།། 

           མི་སློབ་ལམ་ལ་ཀུན་ཤེས་ལྡན།།  དེ་གསུམ་འདིར་བསྟན་འདས་ས་ལའོ།།

ཞེས་གསུངས་སོ།། །།

༣༤༽སྡུག་བསྔལ་གསུམ་གྱི་གོ་དོན་དང་ཟས་བཞིའི་གོ་སྤྲོད་བྲིས?

ལན=སྡུག་བསྔལ་གྱི་སྡུག་བསྔལ་ནི། དཔེར་ན་ཚོར་བ་སྡུག་བསྔལ་དང་། དེ་དང་མཚུངས་ལྡན་གྱི་སྡུག་བསྔལ་དང་། དེའི་བདག་རྐྱེན། དེ་གང་ལ་དམིགས་ནས་སྐྱེ་བའི་ཡུལ་ཟག་བཅས་རྣམས་སྡུག་བསྔལ་གྱི་སྡུག་བསྔལ་ལོ།།

འགྱུར་བའི་སྡུག་བསྔལ་ནི།  སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། འདོད་པས་ཕོངས་པའི་སྡུག་བསྔལ་ལ་ངོས་བཟུང་བ་ཡིན་ནོ།།

འདུ་བྱེད་ཀྱི་སྡུག་བསྔལ་ནི། ཆོས་སྤྱིར་བཏང་ལ་ཁྱབ་པའི་མི་རྟག་པ་ལ་ངོས་བཟུང་བ་ཡིན་ནོ།།

དང་པོ་ཁམ་གྱི་ཟས་ནི། འཇུ་བས་ཀྱང་འཇུ་བ་ལས་གྱུར་པའི་ཟས་ཏེ་དབང་པོའི་འབྱུང་བ་ཆེན་པོ་བརྟས་པར་བྱེད་པའོ།།

གཉིས་པ་རེག་པའི་ཟས་ནི། ཡིད་དུ་འོང་བའི་ཡུལ་གྱི་གནས་གྱིས་རེག་པས་ཀྱང་ཡུལ་ལས་གྱུར་པའམ་རེག་པའི་ཟས་ཏེ་ལུས་ལ་ཕན་འདོགས་པའོ།།

གསུམ་པ་སེམས་པའི་ཟས་ནི། འདོད་པའི་དངོས་པོ་དང་འབྲེལ་བའི་རེ་བས་ཀྱང་རེ་བ་ལས་གྱུར་པའམ་ཡིད་ལ་སེམས་པའི་ཟས་ཏེ་ལུས་ལ་ཕན་འདོགས་པའི་ཕྱིར་དང་།

བཞི་པ་རྣམ་པར་ཤེས་པའི་ཟས་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་དབང་གིས་ཀྱང་ལེན་པ་ལས་གྱུ་པ་ཉིད་ནི་རྣམ་པར་ཤེས་པའི་ཟས་སུ་བལྟ་སྟེ་དེ་དང་བྲལ་ན་ལུས་རུལ་བར་འགྱུར་བའོ།།

མངོན་པར་རྣམ་འབྱེད་ལས། འཇུ་བས་ཁམ་ཟས་འདོད་ན་དེ།།  སྐྱེ་མཆེད་གསུམ་གྱི་བདག་ཉིད་ཡིན།།

                གཉིས་ཕྲ་གཞན་རགས་ཡུལ་རེ་ལེན།། རེག་པ་སེམས་པ་རྣམ་ཤེས་ཟས།།

                                         ཞེས་གསུངས་་སོ།།   །།

 

༣༥༽བསྡུས་པའི་རབ་དབྱེ་བཅུ་གསུམ་ལས་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་སོགས་བཞི་ལ་མཁས་པས་ཅི་ཞིག་ཡོངས་སུ་ཤེས་སམ?

ལན=འདི་རྣམས་ཀྱི་རྒྱུ་ཤེས་པ་ལས་འབྲས་བུ་སྤོང་བ་འབྱུང་བས་དེའི་མིང་གིས་བརྗོད་པ་དེའོ།། ཆོས་གསུམ་སོ་སོའི་མཚན་ཉིད་ཤེས་པས་དེ་དང་མི་མཐུན་པ་ལ་སོགས་པའི་སྒོ་ནས་བདག་ལ་མངོན་པར་ཞེན་པ་ནི་འཁྲུལ་པར་ཡོངས་སུ་ཤེས་སོ།། ཤེས་ནས་སྤོང་ངོ་།། ཞེས་སོ།། །།

༣༦༽བསྡུས་པ་རྣམ་པ་བཅུ་གཅིག་ངོས་ཟུངས་ནས་རྣམ་པར་ཤེས་པའི་ཕུང་པོ་ཁམས་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་པ་ཡིན་པ་ཡང་བྲིས?

ལན=བསྡུས་པ་རྣམ་པ་བཅུ་གཅིག་ནི།

མངོན་པ་རྣམ་འབྱེན་ལས། བསྡུས་པ་བཅུ་གཅིག་མཚན་ཉིད་ཁམས།།

               རིགས་སྐབས་གྲོགས་ཕྱོགས་དུས་ཕྱོགས་གཅིག།                      

                མཐའ་དག་གཅིག་གིས་དོན་དམ་གྱིའོ།།

                                       ཞེས་པ་ལྟར་མཚན་ཉིད་ཀྱིས་བསྡུས་པ་དང་། ཁམས་ཀྱི་བསྡུས་པ་དང་། རིགས་ཀྱིས་བསྡུས་པ་དང་། གནས་སྐབས་ཀྱིས་བསྡུས་པ་དང་། གྲོགས་ཀྱིས་བསྡུས་པ་དང་། ཕྱོགས་ཀྱིས་བསྡུས་པ་དང་། དུས་ཀྱིས་བསྡུས་པ་དང་། ཕྱོགས་གཅིག་གིས་བསྡུས་པ་དང་། མཐའ་དག་གིས་བསྡུས་པ་དང་། གཅིག་གིས་གཅིག་བསྡུས་པ་དང་། དོན་དམ་པས་བསྡུས་པའོ།།  རྣམ་པར་ཤེས་པའི་ཕུང་པོ་ལ་དབྱེ་ན་སེམས་ཁམས་བདུན་དང་། སྐྱེ་མཆེད་དུ་དག་གིས་བསྡུས་ན་ཡིད་ཀྱི་སྐྱེ་མཆེད་གཅིག་གིས་བསྡུས་སོ།།  །།

༣༧༽མཚུངས་ལྡན་དྲུག་གོ་དོན་དང་བཅས་བྲིས?

ལན=མངོན་པར་རྣམ་འབྱེད་ལས།  མཚུངས་ལྡན་དྲུག་སྟེ་ཐ་དད་མེད།།

                       འདྲེས་གྱུར་ཕྲད་དང་ལྷན་ཅིག་འབྱུང་།།

                          བྱ་བ་བསྒྲུབ་དང་མཐུན་པར་རྟོགས།། ཞེས་པ་ལྟར། རྡུལ་ཕྲ་རབ་ཀྱི་ཕྱོགས་ལ་ཕྱོགས་ཅན་གཟུགས་ལ་སོགས་པ་ཐམས་ཅད་ཐ་དད་པ་མེད་པ་ནི་ཐ་དད་མེད་པས་མཚུངས་པར་ལྡན་པ་དང་།

རྡུལ་ཕྲ་རབ་ལ་ལས་གོང་མ་ཕྱོགས་ཅན་ས་དང་ཆུ་ལ་སོགས་པའི་རྡུལ་རགས་པ་རྣམས་འདྲེས་པར་གྱུར་པ་ནི་འདྲེས་པར་གྱུར་པས་མཚུངས་པར་ལྡན་པ་དང་།

ཕྱོགས་ཅན་འབྱུང་བ་རགས་པ་འདུས་པ་རྣམས་ཉིད་ཕན་ཚུན་ཕྲད་པ་ནི་ཕྲད་པས་མཚུངས་པར་ལྡན་པ་དང་།

ལུས་གཅིག་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་གང་ཡིན་པ་དག་ལྷན་ཅིག་འབྱུང་བས་འཁོད་པ་སྟེ། སྐྱེ་བ་གཅིག་པ་དང་གནས་པའི་ངང་གཅིག་པ་དང་འགག་པ་གཅིག་པ་རྣམས་ནི་ལྷན་ཅིག་འབྱུང་བས་མཚུངས་པར་ལྡན་པ་དང་།

འདི་ལྟ་སྟེ་དགེ་སློང་གཉིས་ལྟུང་ཕྱིར་རྩོད་་པ་སོགས་རྩོད་པ་གང་ཡང་རུང་བ་ལ་དགོས་པ་མཚུངས་པར་ཞུགས་པ་ལྟ་བུ་ནི་བྱ་བ་བསྒྲུབས་པས་མཚུངས་པར་ལྡན་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དམིགས་པ་སྟེ་ཡུལ་གཅིག་ལ་མཐུན་པར་རྟོགས་པ་ནི་མཐུན་པར་རྟོགས་པས་མཚུངས་པར་ལྡན་པའོ།།

༣༨༽ལྡན་པའི་མཚན་ཉིད་དང་དབྱེ་བ་ལྡན་པ་ལ་མཁས་པའི་ཕན་ཡོན་བཅས་བྲིས?

ལན= མངོན་པར་རྣམ་འབྱེན་ལས།  ལྡན་པ་འཕེལ་འགྲིབ་ལ་བཏགས་གང་།། ཞེས་པ་ལྟར་ལྡན་པའི་མཚན་ཉིད་ནི། དགེ་བ་དང་མི་དགེ་བ་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་འཕེལ་འགྲིབ་ལས་ཐོབ་པ་དང་རྙེད་པ་དང་ལྡན་པའོ། དབྱེ་ན་བཅུ་སྟེ།   མཚུངས་པར་ལྡན་པ་ཀུན་ཏུ་འགྲོ་བ། མཚུངས་པར་ལྡན་པ་ཀུན་ཏུ་འགྲོ་བའི་ཉོན་མོངས་པ། རེས་འགའ་མཚུངས་པར་ལྡན་པ། གནས་སྐབས་མཚུངས་པར་ལྡན་པ། རྒྱུན་མི་ཆད་པར་མཚུངས་པར་ལྡན་པ། རྒྱུན་ཆད་པའི་མཚུངས་པར་ལྡན་པ། ཕྱི་རོལ་ཏུ་བལྟས་པའི་མཚུངས་པར་ལྡན་པ། ནང་དུ་བལྟས་པའི་མཚུངས་པར་ལྡན་པ། འདྲེས་པའི་མཚུངས་པར་ལྡན་པ། མ་འདྲེས་པའི་མཚུངས་པར་ལྡན་པའོ།།

ཕན་ཡོན་ནི། བདག་མེད་པའི་སེམས་ཙམ་ལ་ཚོར་བ་ལ་སོགས་པ་རྣམས་ཀྱི་ལྡན་མི་ལྡནཔ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པ་ཐམས་ཅད་ཤེས་སོ།།   །།          

               ༼ཀུན་བཏུས་ལེའུ་དང་པོའོ།། ༽


༣༩༽བདེན་བཞིའི་རྣམ་གཞག་མདོར་བསྡུས་ཤིག་བྲིས?

ལན=ཀུན་འབྱུང་གིས་བསྐྱེད་པའི་འབྲས་བུ་ཟག་པ་དང་བཅས་པའི་ཕུང་པོ་བསྟན་པ་དང་མཐུན་པ་ནི་སྡུག་བསྔལ་བདེན་པའི་མཚན་ཉིད་དང་། དབྱེ་ན་སྐྱེ་བ་ནི་སྡུག་བསྔལ་ལོ། རྒ་བ་ནི་སྡུག་བསྔལ་ལོ། ན་བ་ནི་སྡུག་བསྔལ་ལོ། འཆི་བ་ནི་སྡུག་བསྔལ་ལོ། མི་སྡུག་པ་དང་ཕྲད་པ་ནི་སྡུག་བསྔལ་ལོ། སྡུག་པ་དང་བྲལ་བ་ནི་སྡུག་བསྔལ་ལོ། གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ལོ། མདོར་བ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ།།

སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་སྐྱེད་བྱེད་བསྟན་པ་དང་མཐུན་པ་ནི་ཀུན་འབྱུང་བདེན་པའི་མཚན་ཉིད། དབྱེ་བ་ནི། ཉོན་མོངས་པའི་ཉོན་མོངས་པ་དང་། ལས་ཀྱི་ཉོན་མོངས་པ།

དེ་བཞིན་ཉིད་གློ་བུར་གྱི་དྲི་མས་དག་པ་བསྟན་པ་དང་མཐུན་པ་ནི་འགོག་པའི་བདེན་པའི་མཚན་ཉིད།

ཐར་པའི་འགྲོ་བའི་འཇུག་བའི་འཇུག་ངོགས་བསྟན་པ་དང་མཐུན་པ་ནི་ལམ་བདེན་གྱི་མཚན་ཉིད་དོ།།  །།

༤༠༽སྲིད་པ་ལྔ་བཅུ་རྩ་བརྒྱད་པོ་རེ་རེ་བཞིན་བྲིས་ནས་ནང་བཅུད་ཀྱི་སེམས་ཅན་དང་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་སྡུག་བསྔལ་བདེན་པ་ཡིན་པའི་རྒྱུ་མཚན་ཡང་ཁོད?

ལན=མངོན་པར་རྣམ་འབྱེན་ལས། གང་འདི་སེམས་ཅན་སྐྱེ་བ་སྟེ།།  སྲིད་པ་ལྔ་བཅུ་རྩ་བརྒྱད་པོ།།  ཞེས་པ་གསུངས་པ་ལྟར་གླིང་བཅུ་གཉིས་ནི། ཤར་གླིང་། ལྷོ་གླིང་། ནུབ་གླིང་། བྱང་གླིང་། ཤར་ལུས་དང་ལུས་འཕགས་པོ། ལྷོ་རྔ་ཡབ་དང་རྔ་ཡབ་གླིང་། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ བྱང་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ།   ཚ་དམྱལ་བརྒྱད་ནི། ཡང་གསོས། ཐིག་ནག བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པཅོ། ཚ་བ། རབ་ཏུ་ཚ་བ། མནར་མེད་པ་སྟེ་ཚ་དམྱལ་བརྒྱད་དང་།

གྲང་དམྱལ་བརྒྱད་ནི། ཆུ་བུར་ཅན། ཆུ་བུར་རྡོལ་བ། སོ་ཐམ་ཐམ་པ། ཀྱི་ཧུད། ཨ་ཆུ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་གས་པ་ཆེན་པོ་དང་གྲང་དམྱལ་བརྒྱད་དང་། ཡི་དྭགས་དང་ལྷ་མ་ཡིན་དང་།

 

འདོད་ལྷ་རིགས་དྲུག་སྟེ། རྒྱལ་ཆེན་རིགས་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དོ།།

གཟུགས་ཁམས་གནས་རིགས་བཅོ་བརྒྱད་ནི། ཚངས་རིགས། ཚངས་པའི་མདུན་ད་འདོན། ཚངས་ཆེན། འོད་ཆུང་། ཚད་མེད་འདོ། འོད་གསལ། དགེ་ཆུང་། ཚད་མེད་དགེ། དགེ་རྒྱས། སྤྲིན་མེད། བསོད་ནམས་སྐྱེད། འབྲས་བུ་ཆེ་བ། འདུ་ཤེས་མེད་པའི་སེམས་ཅན། མི་ཆེ་བ། མི་གདུང་བ། རྒྱ་ནོམ། ཤིན་ཏུ་མཐོང་བ། འོག་མིན་ནོ།།

གཟུགས་མེད་བཞི་ནི།  ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད།

ཇི་སྐད་དུ། སྡུག་བསྔལ་གསུམ་གྱི་གདུང་བ་གང་།། ཅི་རིགས་མ་ལུས་སྡུག་བསྔལ་འབྱུང་།། ཞེས་ནང་བཅུད་ཀྱི་སེམས་ཅན་དང་ཕྱི་སྣཽད་ཀྱི་འཇིག་རྟེན་ཐམས་ཅད་སྡུག་བསྔལ་གསུམ་གྱི་གདུང་བར་བྱེད་པའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཞེས་གསུངས་སོ།།   །།

༤༡༽སྟོང་སྤྱི་ཕུད་ཅེས་པ་གང་ལ་ཟེར་བ་ཡིན་ངོས་ཟུངས་ནས་འཇིག་རྟེན་གྱི་ཁམས་དང་སེམས་ཅན་ཡིན་ན་སྡུག་བདེན་ཡིན་པས་ཁྱབ་མི་ཁྱབ་ཁ་གསལ་བྲིས?

ལན=ཟླ་བ་སྟོང་། ཉི་མ་སྟོང་། རིའི་རྒྱལ་པོ་རི་རབ་སྟོང་། ཤར་གྱི་ལུས་འཕགས་སྟོང་། འཛམ་བུ་གླིང་སྟོང་དང་། ནུབ་གྱི་བ་ལང་སྤྱོད་སྟཽང་། བྱང་གི་སྒྲ་མི་སྙན་སྟོང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གནས་གཞན་སྟོང་། ཚངས་པའི་འཇིག་རྟཻན་གྱི་གནས་གཞན་སྟཽང་པོ་འདི་ནི་སྟཽང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཞེས་བྱའོ།།  མི་ཁྱབ་སྟེ། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་འོག་མིན་གྱི་གནས་ལྟ་བུ་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་བལྟ་སྟེ། དེ་དག་ལས་དང་ཉོན་མོངས་པས་བསྐྱེད་པའི་སེམས་ཅན་མ་ཡིན་ཞིང་། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བའི་སྣོད་མ་ཡིན་གྱི། ཞིང་ཡོངས་སུ་སྦྱོང་བའི་སྨོན་ལམ་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བའི་དབང་གིས་བྱུང་བས་སོ།། །།

༤༢༽སྡུག་བསྔལ་བརྒྱད་དང་དྲུག་གསུམ་དང་གཉིས་ཀྱི་གྲངས་འདྲེན་བྲིས་ནས་སྡུག་བསྔལ་བརྒྱད་པོ་སྡུག་བསྔལ་དྲུག་ཏུ་འགྱུར་ཚུལ་བྲིས?

ལན=སྡུག་བསྔལ་བརྒྱད་ནི། སྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ། སྡུག་པ་དང་བྲལ་བའི་སྡུག་བསྔལ། གང་འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་ལོ།།

སྡུག་བསྔལ་དྲུག་ནི། དོག་པའི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཕྲད་པའི་སྡུག་བསྔལ། བྲལ་བའི་སྡུག་བསྔལ། རེ་བ་འབྲས་བུ་མེད་པའི་སྡུག་བསྔལ། གནས་ངན་ལེན་གྱི་སྡུག་བསྔལ་ལོ།།

སྡུག་བསྔལ་གསུམ་ནི། འགྱུར་བའི་སྡུག་བསྔལ། སྡུག་བསྔལ་གྱི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་ལོ།།

སྡུག་བསྔལ་གཉིས་ནི། ཀུན་རྫོབ་བདེན་པའི་སྡུག་བསྔལ་དང་། དོན་དམ་པའི་སྡུག་བསྔལ་ལོ།།

སྡུག་བསྔལ་བརྒྱད་དྲུག་ཏུ་འགྱུར་ཚུལ་ནི། སྐྱེ་བའི་སྡུག་བསྔལ་ནི་དོག་པའི་སྡུག་བསྔལ་དུ་འདུ་བ་དང་། རྒ་ན་འཆི་བའི་སྡུག་བསྔལ་ནི་འགྱུར་བའི་སྡུག་བསྔལ་དུ་འདུ་བ་ཡིན་ནོ།། །།

༤༣༽སྡུག་བསྔལ་བདེན་པའི་རྣམ་པ་བཞི་ངོས་ཟུངས་ནས་མི་རྟག་པའི་མཚན་ཉིད་བཅུ་གཉིས་པོ་སོ་སོའི་དོན་དང་བཅས་བྲིས?

ལན=སྡུག་བསྔལ་བདེན་པའི་རྣམ་པ་བཞི་ནི། མངོན་པར་རྣམ་འབྱེད་ལས། མི་རྟག་སྡུག་བསྔལ་སྟོང་བདག་མེད།། ཞེས་མི་རྟག སྡུག་བསྔལ། བདག་མེད། སྟོང་པའོ།། 

མངོན་པར་རྣམ་འབྱེད་ལས། མེད་དང་རྣམ་འཇིག་འགྱུར་བ་འབྲལ། ཉེ་བ་ཆོས་ཉིད་གཅིག་སྐད་ཅིག། རྒྱུན་དང་ནད་སོགས་སེམས་སྣ་ཚོགས།། རྒུད་དང་སྣོད་འཇིག་ཆགས་མཚན་ཉིད།། ཞེས་པ་ལྟར། མེད་པའི་མཚན་ཉིད་གང་ཞེ་ན། གང་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་རྣམས་ལ་བདག་དང་། བདག་གི་བའི་རང་གི་ངོ་བོ་ཉིད་ཀྱི་སྡུག་བསྔལ་གྱི་བདེན་པ་དུས་རྟག་ཏུ་མེད་པའོ།

རྣམ་པར་འཇིག་པའི་མཚན་ཉིད་གང་ཞེ་ན། གང་འདུ་བྱེད་སྐྱེས་པ་རྣམས་ཀྱི་རང་བཞིན་ཡང་དེ་མ་ཐག་ཏུ་རྣམ་པར་འཇིག་པའོ།།

འགྱུར་བའི་མཚན་ཉིད་གང་ཞེ་ན། གང་འདུ་བྱེད་རྣམས་རྒྱུད་མི་འདྲ་བ་གཞན་དང་གཞན་དུ་འགྱུར་བའོ།།

འབྲལ་བའི་མཚན་ཉིད་གང་ཞེ་ན། གང་འདུ་བྱེད་རྣམས་ལ་དབང་སྒྱུར་བར་བྱེད་པ་ཉམས་པའོ།།

ཉེ་བའི་མཚན་ཉིད་གང་ཞེ་ན། ནད་སོགས་མངོན་དུ་གྱུར་ནས་མ་རྟག་པ་ཉིད་ཀྱིས་ནོན་པའོ།།

ཆོས་ཉིད་ཀྱི་མཚན་ཉིད་ནི། གདོན་མི་ཟ་བར་མི་རྟག་པ་ཉིད་འབྱུང་བ་རྒྱུས་འབྲེལ་བའོ།།

སྐད་ཅིག་གི་མཚན་ཉིད་ནི། འདུ་བྱེད་རྣམས་དེ་མ་ཐག་འགགས་ཏེ་སྐད་ཅིག་གཅིག་ལས་ཕན་ཆད་དུ་མི་གནས་པའོ།།

རྒྱུན་གྱི་མཚན་ཉིད་ནི། ཐོག་མ་མེད་པའི་དུས་ཀྱི་འཁོར་བ་ནས་འདུ་བྱེད་རྣམས་ཀྱི་སྐྱེ་བའི་རྒྱུན་མི་འཆད་པའོ།།

ནད་སོགས་པའི་མཚན་ཉིད་ནི། ཁམས་མ་སྙོམས་པས་ན་བ་དང་། ན་ཚོད་ཡོལས་ནས་རྒ་བ་དང་། སྲོག་རྣམ་པར་འགྱུར་ནས་ཤི་བའོ།།

སེམས་སྣ་ཚོགས་ཀྱི་རྣམ་པར་འབྱུང་བའི་མཚན་ཉིད་ནི། རེས་འགས་ཉོན་མོངས་དང་བྲལ་དང་མ་བྲལ་བའི་སྒོ་ནས་མཉམ་པར་མ་བཞག་པ་ལ་སོགས་པའི་རྣམ་པར་སེམས་ཀྱི་འབྱུང་བ་གང་ཡིན་པའོ།།

ལོངས་སྤྱོད་འབྱོར་བ་རྒུད་པའི་མཚན་ཉིད་ནི། འཇིག་རྟེན་པའི་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་མཐའ་ནི་རྒུད་པ་ཉིད་དོ།།

སྣོད་འཇིག་པ་དང་འཆགས་པའི་མཚན་ཉིད་ནི། སྥྱི་སྣོད་རིམ་གྱི་འཇིག་པ་དང་ནང་སེམས་ཅན་རིམ་གྱི་འཆགས་པ་གང་ཡིན་པའོ།། །།

 

dout༤༤༽ཅིའི་ཕྱིར་ཕུང་ཁམས་སྐྱེ་མཆེད་རྣམས་བདག་གི་མཚན་ཉིད་དང་མི་མཐུན་པ་ཡིན་ནམ?

ལན=མངོན་པ་རྣམ་འབྱེད་ལས། ཕུང་ཁམས་སྐྱེ་ལ་རྟག་བརྟན་དང་། ཐེར་ཟུར་རྟག་པའི་བདག་བདག་གི།  ཞེས་གསུངས་པ་ལྟར།ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་མི་འགྱུར་བའི་རྟག་པ་དང་རྒྱུན་གནས་པའི་བརྟན་པ་དང་གཞན་ལ་རག་མ་ལས་པའི་ཐེར་ཟུག་པ་དང་གང་ཡང་མི་འགྱུར་བའི་ཆོས་ཅན་དང་མུ་སྟེགས་ཀྱིས་བཏགས་པའི་བདག་དང་བདག་གི་བ་མེད་དོ།།

༤༥༽གཟགས་ཅན་སྐད་ཅིག་མར་བསྒྲུབ་ཚུལ་ཇི་ལྟར་ཡིན་ནམ?

ལན=ཇི་སྐད་དུ། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་།། སྐདཅིག་ཕྲ་རབ་རྡུལ་དང་ནི།། རྡུལ་ཕྲན་དང་ནི་དེ་བཞིན་དུ།། ལྕགས་ཆུ་རི་བོང་ལུག་དང་གླང་།། ཉི་ཟེར་རྡུལ་དང་སྲོ་མོ་དང་།། དེ་ལས་ཤིག་དང་དེ་བཞིན་ནས།། སོར་ཚིགས་ཞེས་བྱ་གོང་བདུན་འགྱུར།།

༤༦༽རྡུལ་ཕྲ་རབ་ཅེས་བྱ་བ་དོན་ལ་མེད་ཀྱང་དེ་ལྟར་བཞག་པའི་དགོས་པ་ཕྲིས?

ལན=དེ་ལྟར་ལུས་མེད་ཀྱང་རྡུལ་ཕྲ་རབ་དུ་རྣམ་པར་འཇོག་ཅེ་ན། རིལ་པོའི་འདུ་ཤེས་རྣམ་པར་གཞིག་པས་གང་ཟག་གི་བདག་མེད་པ་ལ་འཇུག་པ་དང་། གཟུགས་ལ་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་ཤེས་པས་ཆོས་ལ་བདག་མེད་པར་ཤེས་པ་ལ་འཇུག་པར་བྱ་བའི་ཕྱིར་རོ།།

མངོན་པར་རྣམ་འབྱེད་ལས།  རྡུལ་ཕྲན་ལུས་མེད་བློས་དཔྱད་ཙམ།།   ཞེས་གསུངས་སོ།།  །།

༤༧༽སྡུག་བསྔལ་ཐུན་མོང་གི་དབྱེ་བ་ཇི་ལྟར་གསུངས་འདུག་མ་ནོར་བར་བྲིས?

ལན=སྡུག་བསྔལ་ཐུན་མོང་གི་དབྱེ་བ་ནི། སྡུག་བསྔལ་འདི་ནི་ཤིན་ཏུ་རྒྱས་ལ་མ་བསྲབས་པ། བསྲབས་པ་དང་། བསྲབས་པ་ཡང་ཡིན་ལ་མ་བསླབས་པའམ་ཡིན་པ་ཡང་ཡོད། བར་མ་མ་བསྲབས་པ་ཡང་ཡོད། བསྲབས་ལ་མ་བསྲབས་པ་ཡང་ཡོད། ཆེས་བསྲབས་ལ་བསྲབས་པ་ཡང་ཡོད། ཤིན་ཏུ་ཆེས་བསྲབ་ས་ལ་བསྲབས་པ་ཡང་ཡོད། སྡུག་བསྔལ་མ་ཡིན་ལ་སྡུག་བསྔལ་དུ་སྣང་ཞིང་བསྲབས་པ་ཆེན་པོར་ཉེ་བར་གནས་པ་ཡང་ཡོད་དོ།།   མངོན་པར་རྣམ་འབྱེད་ལས།  ཤིན་རྒྱས་སྲབ་སོགས་བརྒྱད་རབ་དབྱེ།།   ཞེས་གསུངས་སོ།།  །།

༤༨༽སྲོག་འགག་པའི་འཆི་བ་རྣམ་པ་གསུམ་པོ་དོན་དང་བཅས་བྲིས?

ལན=འཆི་བ་གསུམ་ནི། དགེ་བའི་སེམས་ཡོད་པ་དང་། མི་དགེ་བའི་སེམས་ཡོད་པ་དང་། ལུང་དུ་མ་བསྟན་པའི་སེམས་ཡོད་པ་སྟེ། རང་གི་སྔོན་གྱི་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་སམ། གཞན་གྱིས་ལེགས་པར་བསྒྲུབས་པས་ཀྱང་རུང་སྟེ། དད་པ་ལ་སོགས་པའི་སེམས་ཀྱི་རྒྱུ་བ་གསལ་བ་ནི་དགེ་བའི་སེམས་ཡོད་པའི་འཆི་བར་བལྟའོ།།

རང་གི་སྟོབས་མི་དགེ་བའི་སེམས་བསྐྱེད་པས་སམ། གཞན་གྱིས་ཕྱིན་ཅི་ལོག་ཏུ་བསྒྲུབ་པས་ཀྱང་རུང་སྟེ། ཆགས་པ་ལ་སོགས་པའི་སེམས་རྒྱུ་བ་གསལ་བ་ནི་མི་དགེ་བའི་སེམས་ཡོད་པའི་འཆི་བར་བལྟའོ།། སེམས་ཀྱི་རྒྱུ་བ་གསལ་ཡང་རུང་མི་གསལ་ཡང་རུང་རྐྱེན་དེ་གཉི་ཀ་མ་ཚང་བའི་ཕྱིར་རམ་ཡང་ན་རྐྱེན་གྱིས་དགེ་མི་དགེར་མངོན་པར་འདུ་བྱེད་མི་ནུས་པ་ཡང་རུང་སྟེ་། ལུང་དུ་མ་བསྟན་པའི་སེམས་ཡོད་པའི་འཆི་བའོ།།  

མངོན་པར་རྣམ་འབྱེད་ལས།  འཆི་གསུམ་་་་་་་་།།  ཞེས་གསུངས་སོ།།   །།

༤༩༽སྤྱིར་སྐྱེ་གནས་བཞིའི་དབང་པོ་འགྲུབ་ཚུལ་དང་ཁྱད་པར་མང་སྐྱེས་ཀྱི་འགྲུབ་ཚུལ་བྲིས?

ལན=མངོན་པར་རྣམ་འབྱེད་ལས། སྐྱེ་འགྱུར་གཟུགས་དང་ལས་ཤུགས་འཕྲུལ།། རྫུ་འཕྲུལ་ཅན་མཚུངས་སྐྱེ་གནས་ཐོགས།། ཆགས་སྐྱེས་དེ་འགག་ཉིང་མཚམས་སྦྱོར།། མཉམ་པ་སྲང་མདའི་མཐོ་དམའ་བཞིན།། སྐྱེས་ནས་སྲིད་པའི་མཚོ་འདིར་འཁྱམ།། ཞེས་སེམས་ཅན་གྱི་སྐྱེ་གནས་བཞི་པོ་སྒོ་ང་ཐོག་མར་གྲུབ་པ་ལས་སྐྱེ་བ་དང་། མའི་མངལ་ལས་སྐྱེ་བ་དང་། དྲོད་དང་གཤེར་ལས་སྐྱེ་བ་དང་། བརྫུས་ཏེ་འཕྲལ་ལ་སྐྱེ་བར་དབང་པོ་མངོན་པར་འགྲུབ་སྟེ། དང་པོ་གསུམ་ལ་རིམ་གྱིས་འགྲུབ་ཅིང་བརྫུས་སྐྱེས་ལ་ནི་གཅིག་ཅར་འགྲུབ་བོ།།

ཐོག་མ་ཉིད་དུ་ནུར་ནུར་འགྱུར།། མེར་མེར་པོ་ལས་ནར་ནར་འགྱུར།། ནར་ནར་པོ་ལས་གོར་གོར་འགྱུར།། གོར་གོར་པོ་ལས་རྐང་ལག་འགྱུར།། ཞེས་གནས་སྐབས་དང་པོ་ལྔ་དང་ལྷག་མ་རྣམས་ཀྱིས། སྐྲ་སྤུ་སེན་མོ་ལ་སོགས་དང་། དབང་པོ་གཟུགས་ཅན་རྣམས་དང་ནི། །མཚན་རྣམས་རིམ་གྱིས་འབྱུང་བར་འགྱུར། །ཞེས་པ་ལྟར་མངལ་གྱི་གནས་སྐབས་བརྒྱད་པོར་ཞག་བདུན་ཕྲག་སུམ་བཅུ་རྩ་བརྒྱད་ཀྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་ཚང་ནས་ཞག་བཞི་སོང་བ་ན་བཙའ་བར་གསུངས་སོ།། དེའང་པལ་ཆེ་བ་སྟེ། སྲས་སྒྲ་གཅན་འཛིན་ལོ་དྲུག་དང་གནས་བརྟན་རྒན་པོ་སྐྱེ་ལོ་དྲུག་བཅུ་མངལ་དུ་གནས་པར་ཡང་བཤད་དོ།།   །།

༥༠༽ཉོན་མོངས་པ་སྤྱིའི་མཚན་ཉིད་དང་གྲངས་འབྱུང་བ་དམིགས་པ་བཅས་ཞོག?

ལན=སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་ཞིང་ལས་སུ་མི་རུང་བར་འབྱུང་བར་བྱེད་པ་དེ་ཉོན་མོངས་          

༥༡) ཉོན་མོངས་པའི་རྣམ་གྲངས་ཉི་ཤུ་རྩ་བཞི་པོ་གོ་དོན་དང་བཅས་བྲིས?

དྲི་བའི་ཞུ་ལན།     གཞུང་ལས་     རྩ་ཉོན་འགའ་ཞིག་ཕན་ཚུན་མཚུངས། །ཉེ་ཉོན་མ་ཡིན་མི་དགེ་འགའ། །ཕལ་ཆེར་ཉོན་མོངས་ཅན་མཚུངས་ལྡན། །རྣམ་གྲངས་ཉི་ཤུ་རྩ་བཞི་སྟེ།། ཞེས་པ་ལྟར། རྣམ་གྲངས་ཉི་ཤུ་རྩ་བཞི་ནི།     ཀུན་ཏུ་སྦྱོར་བ་དང༌། འཆིང་བ་དང་། བག་ལ་ཉལ་དང༌། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་དང༌། ཆུ་བོ་དང། སྦྱོར་བ་དང༌། ཉེ་བར་ལེན་པ་དང༌། མདུད་པ་དང་། སྒྲིབ་པ་དང་། ཐ་བ་དང༌། དྲི་མ་དང༌། སྡིག་པ་དང༌། ཟུག་རྔུ་དང༌། ཅི་ཡང་དང༌། ཉེས་པར་སྤྱོད་པ་དང་། ཟག་པ་དང༌། ཕོངས་པ་དང༌། ཡོངས་སུ་གདུང་བ་དང༌། འཁྲུགས་པ་དང༌། འཐབ་པ་དང༌། རིམས་ནད་དང༌། ནགས་སྦྱོར་དང༌། གེགས་ཞེས་བྱ་བ་དག་གོ །ཀུན་ཏུ་སྦྱོར་བ་རྣམས་སོ།

དེ་དག་གོ་དོན་རིམ་བཞིན་བརྗོད་པ་ནི་      སྡུག་བསྔལ་སྦྱོར་བར་བྱེད་པས་ཀུན་ཏུ་སྦྱོར་བའི་གོ་དོན་དང་། དགེ་ལ་འདོད་དགུར་བྱེད་དུ་མི་འཇུག་པས་འཆིང་བའི་གོ་དོན་དང་། འཇིག་རྟེན་པའི་ཡར་འཕེལ་ཐམས་ཅད་ཀྱི་ས་བོན་དང་ལྡན་པས་བག་ལ་ཉལ་ཡི་གོ་དོན་དང་། ཕྱིན་ཅི་ལོག་གིས་སེམས་རྒྱུད་མ་རུངས་པར་བྱེད་པས་ཉེ་བའི་ཉོན་མོངས་པའི་གོ་དོན་དང༌། ཡང་དང་ཡང་དུ་རྒྱུན་དུ་འབྱུང་བས་ཀུན་ནས་དཀྲིས་པའི་གོ་དོན་དང་། གཏིང་དཔག་དཀའ་ཞིང་རྒྱུན་ཕྱོགས་སུ་ཁྱེར་བར་བྱེད་པས་ཆུ་བོའི་གོ་དོན་དང་། ལོག་པར་སྒྲུབ་པའི་ཐབས་ཡིན་པས་སྦྱོར་བའི་གོ་དོན་དང་། ལུས་རྒྱུན་ལེན་པར་བྱེད་པས་ཉེ་བར་ལེན་པའི་གོ་དོན་དང༌། དགྲོལ་དཀའ་བར་གྱུར་པས་མདུད་པའི་གོ་དོན་དང་། དེ་ཁོ་ནའི་དོན་ལ་འགེབས་པར་བྱེད་པས་སྒྲིབ་པའི་གོ་དོན་དང་། དགེ་བའི་ལོ་ཐོག་གི་ཞིང་དུ་མ་གྱུར་པས་ཐ་བའི་གོ་དོན་དང་། ངོ་བོ་ཉིད་ཀྱི་ཀུན་ནས་ཉོན་མོངས་ཅན་དུ་གྱུར་པས་དྲི་མའི་གོ་དོན་དང་། རྟག་ཏུ་གནོད་པ་བྱེད་པས་སྡིག་པའི་གོ་དོན་དང་། རབ་ཏུ་མ་ཞི་ཞིང་རིང་དུ་སོང་བར་བྱེད་པས་ཟུག་རྔུའི་གོ་དོན་དང་། ཕུང་པོ་ཡོངས་སུ་འཛིན་པའི་རྒྱུ་བྱེད་པས་ཅི་ཡང་གི་གོ་དོན་དང་། ལོག་པར་སྒྲུབ་པའི་ངོ་བོ་ཉིད་ཡིན་པས་ཉེ་བར་སྤྱོད་པའི་གོ་དོན་དང༌། སེམས་རྣམ་པར་གཡེང་བར་བྱེད་པས་ཟག་པའི་གོ་དོན་དང་། ཡོ་བྱད་ཀྱིས་ཆོ་ག་མི་ཤེས་པས་ཕོངས་པའི་གོ་དོན་དང་། འདོད་པས་ཕོངས་པར་བྱེད་པས་ཡོངས་སུ་གདུང་བའི་གོ་དོན་དང༌། རྒུད་པ་འདྲེན་པར་བྱེད་པས་འཁྲུག་པའི་གོ་དོན་དང་། འཐབ་རྩོད་ཀྱི་རྒྱུ་ཡིན་པས་འཐབ་པའི་གོ་དོན་དང་། ནད་ཆེན་པོར་གྱུར་པས་རིམས་ནད་ཀྱི་གོ་དོན་དང་། ལུས་སྣ་ཚོགས་ཀྱི་ལྗོན་ཤིང་སྒྲུབ་པས་ནགས་སྦྱོར་གྱི་གོ་དོན་དང་། འདོད་ཡོན་ལ་ཆགས་པར་བྱེད་ཅིང་འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པའི་བར་ཆད་བྱེད་པས་གེགས་ཀྱི་གོ་དོན་བཅས་དེ་ལྟ་བུ་ལ་བཞེས་པའི་ཕྱིར་རོ།།


༥༢) ཀུན་སྦྱོར་དགུ་པོ་བསྒྲིབ་བྱ་དང་བཅས་ངོས་ཟུངས་ནས་ རྩ་བའི་ཉོན་མོངས་ཀྱི་ནང་ནས་ལྟ་བ་ལ་གཉིས་སུ་ཕྱེ་བ་དང་ ཉེ་བའི་ཉོན་མོངས་ཀྱི་ནང་ནས་གཉིས་ཁོ་ན་འཇོག་པའི་རྒྱུ་མཚན་བྲིས?

ཞུ་ལན།  གཞུང་ལས།   བསྒྲིབ་བྱའི་དབང་གིས་ཀུན་སྦྱོར་དགུ།། གསུང་ཞེ་ན། ཀུན་སྦྱོར་དགུ་པོའི་བསྒྲིབ་བྱ་ནི་རིམ་བཞིན་དུ་།   ཁམས་གསུམ་ལས་སྐྱོ་བ་ལ་སྒྲིབ་པ་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་། གནོད་བྱེད་བཏང་སྙོམས་སུ་འཇོག་པ་ལ་སྒྲིབ་པ་ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་། ཕྱི་མ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་ཅིང་། ཁྱད་པར་འཇིག་ཚོགས་ལྟ་བ་ཤེས་པ་ལ་སྒྲིབ་པ་ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་། དེའི་གཞི་ཕུང་པོ་ཤེས་པ་ལ་སྒྲིབ་པ་མ་རིག་པའི་ཀུན་ཏུ་སྦྱོར་བ་དང་། འགོག་བདེན་ཤེས་པ་ལ་སྒྲིབ་པ་ལྟ་བའི་ཀུན་ཏུ་སྦྱོར་ བ་དང་། ལམ་བདེན་ཤེས་པ་ལ་སྒྲིབ་པ་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང་། དཀོན་མཆོག་གི་ཡོན་ཏན་ཤེས་པ་ལ་སྒྲིབ་པ་ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང༌། རྙེད་བཀུར་གྱི་ཉེས་དམིགས་ཤེས་པ་ལ་སྒྲིབ་པ་ཕྲག་དོག་གི་ཀུན་ཏུ་སྦྱོར་བ་དང་། ཡོ་བྱད་བསྙུངས་པའི་ཕན་ཡོན་ཤེས་པ་ལ་སྒྲིབ་པ་སེར་སྣའི་ཀུན་ཏུ་སྦྱོར་བའོ། །

རྩ་བའི་ཉོན་མོངས་ཀྱི་ནང་ནས་ལྟ་བ་ལ་གཉིས་སུ་ཕྱེ་བ་ནི་བསྒྲིབ་བྱའི་འགོག་ལམ་གཉིས་པོ། དབང་དུ་བྱས་པ་ཡིན་ཞིང་། ཉེ་བའི་ཉོན་མོངས་ཀྱི་ནང་ནས་གཉིས་ཁོ་ན་འཇོག་པ་ནི། མཛོད་དུ། གང་ཕྱིར་གཉི་ག་གཅིག་ཏུ་ནི། །མི་དགེ་རང་དབང་དེ་ཡི་ཕྱིར། །ཕྲག་དོག་སེར་སྣ་དེ་རྣམས་ལས། །ལོགས་ཤིག་ཀུན་སྦྱོར་གཉིས་སུ་བཤད། །ཅེས་པ་ལྟར་རོ། །


༥༣) ང་རྒྱལ་གྱི་ཀུན་སྦྱོར་ལ་དབྱེ་ན་ག་ཚོད་ཡོད་སོ་སོའི་ངོ་བོ་དང་བཅས་བྲིས?

ཞུ་ལན། ང་རྒྱལ་གྱི་ཀུན་སྦྱོར་ལ་དབྱེ་ན་བདུན་བདུན་ནི།

ང་རྒྱལ་དང༌། ཆེ་བའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་ལོ།། བཅས་ང་རྒྱལ་གྱི་ངོ་བོ་  རིགས་དང་གཟུགས་དང་ལོངས་སྤྱོད་ལ་སོགས་པའི་ཡོན་ཏན་རང་བས་ཆུང་བ་བས་བདག་ཆེའོ་སྙམ་སེམསསཁེངས་ཡིན་པའོ།  ཆེ་བའི་ང་རྒྱལ་གྱི་ངོ་བོ་  ཡོན་ཏན་གྱི་ཁྱད་པར་མཚུངས་པ་བས་བདག་ཆེའོ་སྙམ་པའི་སེམས་ཁེངས་པའོ། ང་རྒྱལ་ལས་ཀྱང་ང་རྒྱལ་གྱི་ངོ་བོ་  དོན་ལ་རང་བས་ཆེ་བ་བས་ཀྱང་བདག་ཆེའོ་སྙམ་པའི་སེམས་ཁེངས་པའོ། ངའོ་སྙམ་པའི་ང་རྒྱལ་གྱི་ངོ་བོ་ ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་རྣམ་པས་སེམས་ཁེངས་པའོ། མངོན་པའི་ང་རྒྱལ་གྱི་ངོ་བོ་  གོང་མའི་ཁྱད་པར་བསམ་གཏན་དང་མངོན་ཤེས་དང་འབྲས་བུ་བཞི་ལ་སོགས་པ་ཐོབ་པར་བྱ་བ་རྣམས་དོན་ལ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་པའི་སེམས་ཁེང་པའོ།  ཅུང་ཟད་སྙམ་པའི་ང་རྒྱལ་གྱི་ང་བོ་  ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་གཅིག་གིས་ཆུང་ངུ་སྙམ་པའི་སེམས་ཁེངས་པའོ། ལོག་པའི་ང་རྒྱལ་གྱི་ངོ་བོ་ ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ།བདག་འདི་ལྟ་བུའི་ཡོན་ཏན་དང་ལྡན་ནོ་སྙམ་སེམས་ཁེངས་པའོ་དེ་ལྟ་བུ་བཞག་པའོ།།


༥༤) འཆིང་བའི་དབྱེ་བ་དང་ གང་གིས་གང་ལ་འཆིང་ཚུལ་ འཆིང་བར་འཇོག་པའི་རྒྱུ་མཚན་བཅས་ཞོག?

ཞུ་ལན་ འཆིང་བ་ལ་དབྱེ་ན་   འདོད་ཆགས་ཁྱི་འཆིང་བ་དང་། ཞེ་སྡང་གི་འཆིང་བ་དང་། གཏི་མུག་གི་འཆིང་བ་དང་བཅས་གསུམ་ཡིན་ནོ།  གང་གི་གང་ལ་འཆིང་ཚུལ་ནི།

ཚོར་བའི་དབང་གིས་འཆིང་བ་གསུམ། །ཞེས་པ་ལྟར་འདོད་ཆགས་ཀྱི་འཆིང་བས་ནི་བདེ་བ་ཟག་བཅས་ཀྱི་ཚོར་བ་ཕྲ་རྒྱས་འཕེལ་བར་བྱེད་པས་འགྱུར་བའི་སྡུག་བསྔལ་ཉིད་ལ་འཆིང་བར་འགྱུར་རོ། །ཞེ་སྡང་ གི་འཆིང་བས་ནི་སྡུག་བསྔལ་གྱི་ཚོར་བ་ཕྲ་རྒྱས་འཕེལ་བར་བྱེད་པས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལ་འཆིང་བར་འགྱུར་ རོ། །གཏི་མུག་གི་འཆིང་བས་ནི་བཏང་སྙོམས་ཀྱི་ཚོར་བ་ཕྲ་རྒྱས་འཕེལ་བར་བྱེད་པས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་འཆིང་ བར་འགྱུར་རོ། །

               འཆིང་བར་འཇོག་པའི་རྒྱུ་མཚན་ནི།

དཔེར་ན་ལྕགས་སྒྲོགས་ལ་སོགས་ཕྱི་རོལ་གྱི་འཆིང་བས་བཅིངས་ནས་འགྲོ་བར་མི་ནུས་ཤིང་འདུག་ ཀྱང་འདོད་པ་བཞིན་དུ་མི་ནུས་པ་ལྟར། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་གིས་བཅིངས་པ་ལ་བརྟེན་ནས་ཀྱང་། འབྲས་བུ་ཐར་པར་འགྲོ་བར་མི་ནུས་ཤིང་། རྒྱུ་དགེ་བ་ལ་སྦྱོར་བ་ན་ཇི་ལྟར་འདོད་པ་བཞིན་དུ་བྱེད་པ་མི་འཐོབ་སྟེ། དེའི་ཕྱིར་ཡང་དུག་གསུམ་དེ་དག་ནི་འཆིང་བ་རྣམས་སོ། །


༥༥) བག་ལ་ཉལ་བདུན་པོ་ངོས་ཟུངས་ནས་ འདོད་ཆགས་ཀྱི་བག་ལ་ཉལ་དང་ སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་གྱི་ཁྱད་པར་བྲིས?

ཞུ་ལན།  བག་ལ་ཉལ་བདུན་ནི།  འདོད་པ་ལ་འདོད་ཆགས་ཀྱི་བག་ལ་ཉལ་དང༌། ཁོང་ཁྲོ་བའི་བག་ལ་ཉལ་ དང་། སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་དང༌། ང་རྒྱལ་གྱི་བག་ལ་ཉལ་ དང་། མ་རིག་པའི་བག་ལ་ཉལ་དང་། ལྟ་བའི་བག་ལ་ཉལ་དང༌། ཐེ་ཚོམ་གྱི་བགལ་ཉལ་ལོ། །   འདོད་པའི་བག་ལ་ཉལ་དང་སྲིད་པའི་བག་ལ་ཉལ་དེ་ཉིད་ཀྱི་ཁྱད་པར་ནི།    འདོད་པ་ལ་འདོད་ཆགས་ཀྱི་བག་ལ་ཉལ་ནི་འདོད་པ་ལ་འདོང་ཆགས་མངོན་དུ་གྱུར་པ་ཉིད་ཀྱི་ཕྱོགས་དང་མཐུན་པའི་ལུས་སེམས་ལས་སུ་མི་རུང་བ་སྐྱེད་བྱེད་ཀྱི་ས་བོན་དུ་གྱུར་པའི་གནས་ངན་ལེན་བྱེད་པའོ། །     ཁམས་གོང་མའི་ཏིང་ངེ་འཛིན་ལ་ཆགས་པ་སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་ནི་གཟུགས་དང་གཟུགས་མེད་པའི་འདོད་ཆགས་མངོན་གྱུར་ཉིད་ཀྱི་ཕྱོགས་དང་མཐུན་པ་ས་བོན་དུ་གྱུར་པའི་གནས་ངན་ལེན་བྱེད་པའི་དེ་ལྟ་བུའི་སྒོ་ནས་བཞེད་འདུག་ལ།།


༥༦) རྣལ་འབྱོར་པ་རྣམས་ཀྱི་དགེ་བའི་བར་ཆད་བྱེད་པའི་ཀུན་དཀྲིས་བརྒྱད་པོས་གང་དང་གང་ལ་བར་ཆད་བྱེད་པ་ཡིན་ནམ?

ཞུ་ལན།  རྣལ་འབྱོར་པ་རྣམས་ཀྱི་དགེ་བའི་བར་ཆད་བྱེད་པའི་ཀུན་ནས་དཀྲིས་པ་ནི་བརྒྱད་དེ།    ཞི་གནས་ཀྱི་བར་ཆད་བྱེད་པ་རྨུགས་པ་དང་གཉིད་གཉིས་དང་།        ལྷག་མཐོང་གི་བར་ཆད་བྱེད་པ་རྒོད་པ་དང་འགྱོད་པ་གཉིས་དང་།     བཏང་སྙོམས་ཀྱི་བར་ཆད་བྱེད་པ་ཕྲག་དོག་དང་སེར་སྣ་གཉིས་དང་།      ཚུལ་ཁྲིམས་ཀྱི་བར་ཆད་བྱེད་པ་ངོ་ཚ་དང་ཁྲེལ་མེད་པ་གཉིས་པོའོ། །

༥༧) མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཞེས་པ་གང་ཡིན?

ཞུ་ལན། གཞུང་ལས།།ཉོན་མོངས་བཅུ་ནི་སྡུག་ཀུན་ལ། །རྒྱུ་དང་གཞི་ཡིས་འགོག་ལམ་ལ། །སྐྲག་པ་སྐྱེད་པས་ལོག་པར་ཞུགས། །ཁོང་ཁྲོ་འདོད་ཁམས་གཞན་ ཀུན་ན། །ཚོར་བ་དག་དང་མཚུངས་པར་ལྡན། །བདེན་བཞི་སོ་སོར་འདོད་ན་བཅུ། །ཁམས་གོང་གཉིས་ན་དགུ་དགུ་སྟེ། །བརྒྱ་རྩ་བཅུ་གཉིས་མཐོང་སྤངས་ རིས།།  ཞེས་པ་ལྟར་འདོད་ཁམས་དང་ཁམས་གོང་མ་གཉིས་བཅས་མཐོང་སྤང་གི་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་ལ་འདོད་པ་ཡིན་ལ།   གཞུང་ལས།  འདོད་པར་དྲུག་དང་གཉིས་ལྔ་ལྔ། །བཅུ་དྲུག་སྒོམ་སྤངས་ཁོང་ཁྲོར་དགུ། །  ཞེ་ན་སྒོམ་སྤངས་ཀྱི་ཉོན་མོངས་པ་བཅུ་དྲུག་ལ་བཞག་ནས་བཞེད་པས་སོ།།    །།


༥༨) ཁམས་གསུམ་གྱི་མཐོང་སྤང་བརྒྱ་རྩ་བཅུ་གཉིས་པོ་གོ་དོན་དང་བཅས་བྲིས?

ཞུ་ལན།  དེ་གསུམ་གྱི་གོ་དོན་ནི།     ཁམས་གསུམ་གྱི་མཐོང་སྤང་དེ་དག་མདོར་བསྡུན་ཉོན་མོངས་པ་ཀུན་བརྟགས་ཀྱི་ཆ་བརྒྱ་རྩ་བཅུ་གཉིས་ནི་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་རིས་སུ་བཞག་ནས་གོ་བའོ།།


༥༩) ཁམས་གསུམ་ན་ཆོས་ཉིད་མཐོང་ཟིན་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པའི་དབྱེ་བ་དང། དེ་རྣམས་ ཆུང་འབྲིང་ཆེ་གསུམ་གྱིས་ཕྱེ་ན་གྲངས་ཇི་ཙམ་འགྱུར་བ་ཡིན་ནམ?

ཞུ་ལན།        ཁམས་གསུམ་ན་ཆོས་ཉིད་མཐོང་ཟིན་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པའི་དབྱེ་བ་ནི་རྩ་ཉོན་དང་ཉེ་ཉོན་གྱི་ཉོན་མོངས་པ་གཉིས་དང།      ཡང་བསྒོམས་པས་སྤང་གི་ཉོན་མོངས་བཅུ་དྲུག་ལ་བཞག་གོ།    དེ་རྣམས་ཆུང་འབྲིང་ཆེ་གསུམ་གྱིས་ཕྱེ་ན་གྲངས་ཇི་ཙམ་ནི་བཞི་བརྒྱ་བཅུ་བཞི་ལ་འབེབ་པ་ཡིན་ལ།།


༦༠) སེམས་པའི་ལས་དང་བསམ་པའི་ལས་ཞེས་པ་གང་ལ་གོ་བ་ཡིན་ དེ་གཉིས་པོ་སོ་སོའི་ངོ་བོ་དང་དབྱེ་བ་བཅས་ཞོག?

ཞུ་ལན།  སེམས་པའི་ལས་དང་བསམ་པའི་ལས་ཞེས་པ་གང་ལ་གོ་བ་ཡིན་ཞེ་ན།སེམས་ལས་ནི་ཡིད་ཀྱི་ལས་ལ་གོ་བ་དང་།  བསམ་པའི་ལས་ནི་ལུས་ངག་ཡིད་གསུམ་ལ་གོ་བའོ།    དེ་གཉིས་པོ་སོ་སོའི་ངོ་བོ་ནི།    དང་པོ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ངོ་བོ་དང་།  གཉིས་པ་ལུས་ངག་ཡིད་གསུམ་གྱི་ལས་དགེ་མི་དགེ་བྱེད་པའི་བསམ་པའི་ངོ་བོ་ཡིན་ནོ།

དབྱེ་ན་ལྔ་སྟེ།  དམིགས་པའི་ལས་དང་། བྱེད་པའི་ལས་དང་།རྩོལ་བའི་ལས་དང་།བསྒྱུར་བའི་ལས་དང་།འཐོབ་པའི་ལས་དང་བཅས་སོ།།      །།


༦༡) མི་དགེ་བ་བཅུ་ལས་ ལུས་ཀྱི་ལས་གསུམ་གྱི་སྐོར་རྒྱས་པར་བྲིས?

ཞུ་ལན།  ལུས་ཀྱི་ལས་གསུམ་གྱི་སྐོར་རྒྱས་པར་གཞུང་ལས།  སྲོག་གཅོད་མ་བྱིན་ལེན་ལོག་གཡེམ། གསུངས་ཤེ་ན།     སྲོག་གཅོད་པ་ནི་བསམ་བཞིན་དུ།།མ་ནོར་བར་ནི་གཞན་བསད་པའོ།།

ཞེས་པ་ལྟར་གཞི་སེམས་ཅན་དང་སེམས་ཅན་མ་ཡིན་པ་དང་། དེ་ལ་དེར་འདུ་ཤེས་པའི་དང་བྱེད་པར་འདོད་པའི་བསམ་པ་དང་། ལུས་དང་ངག་དང་ཡིད་ཀྱིས་དེ་ལ་སྦྱོར་བ་དང༌། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་བཅས་ཁྱད་ཆོས་བཞི་དང་ལྡན་པ་ལ་སྲོག་གཅོད་དངོས་སུ་སོང་བའོ།།

མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབས་བུས་བདག་གིར་བྱེད། །ཅེས་པ་ལྟར་བླང་སེམས་ཉོན་མོངས་ཅན་གྱིས་གཞན་གྱི་རྫས་མ་ནོར་བར་བདག་གིར་བྱས་པ་སྟེ། གཏམ་པ་དང་བུ་ལོན་དང་ཁྲལ་བཙས་པ་སོགས་པ་ལ་བསྙོན་དོར་བྱེད་པ་དང་། སྔགས་དང་གཡོ་སྒྱུ་ལ་སོགས་པ་ལ་བླངས་ནའང་དངོས་གཞིར་འགྱུར་ཞིང༌། མཆོད་རྟེན་གྱི་རྫས་བླངས་ན་སངས་རྒྱས་སམ་སྲུང་མ་ལས་བླང་བ་དང་ལ་སོགས་བདག་པོ་མེད་པ་དང་རབ་བྱུང་འདས་པའི་ནོར་བླངས་བ་སོགས་ བསྡུ་བར་མ་བྱིན་ལེན་དང་འདྲ་བའམ་དེ་བས་ཉེས་པ་ཆེ་བར་ཡང་གསུངས་སོ། །

ལོག་པར་གཡེམ་པ་ཕ་མ་དང་རབ་ཏུ་བྱུང་བ་ལ་སོགས་པའི་ཉེ་མ་ཡིན་པ་དང་།ཡན་ལག་མ་ཡིན་པ་ཁ་དང་བཤང་པའི་ལམ་དུ།  ཡུལ་མ་ཡིན་པ་སྣང་བ་ཅན་དང་།  གཙུག་ལག་ཁང་དང་མཆོད་རྟེན་ལ་སོགས་པའི་དྲུང་དུ་བྱེད་ན་ཉེས་ལྕི་བ་ཡིན་པ་གསུངས་འདུག་ལ་ཞེས་པའི་སྒོ་ནས་རིས་སོ།།


༦༢) བསོད་ནམས་ཀྱི་ལས་དང་། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་ཞེས་པ་གང་ཡིན་ངོས་ཟུངས་ནས་ དེ་རྣམས་མ་རིག་པས་སྐྱེད་ཚུལ་དང་མི་གཡོ་བའི་ལས་ཞེས་བརྗོད་པའི་རྒྱུ་མཚན་ཡང་བྲིས?

ཞུ་ལན།གཞུང་ལས།  འདོད་དགེ་བསོད་ནམས་མི་དགེ་བ།།བསོད་ར་ནམས་མ་ཡིན་ཁམས་གོང་དགེ།།མི་གཡོ་མ་རིག་རྐྱེན་ལས་བྱུང་།། ཞེས་གསུང་ཤེ་ན།     བསོད་ནམས་ཀྱི་ལས་ཞེས་པ་ནི།

ལས་གང་འདོད་པ་དང་རབ་ཏུ་ལྡན་པའི་ལྷ་དང་མི་འགྲུབ་པའི་དགེ་བའོ། །

བསོད་ནམས་མ་ཡིན་པའི་ལས་གང་ཞེ་ན།

ལས་གང་ངན་སོང་གསུམ་འགྲུབ་པའི་མི་དགེ་བའོ། །

མི་གཡོ་བའི་ལས་གང་ཞེ་ན།

གང་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ལྷ་རྣམས་འགྲུབ་པའི་དགེ་བའོ།

དེ་རྣམས་མ་རིག་པས་སྐྱེད་ཚུལ་དང་མི་གཡོ་བའི་ལས་ཞེས་བརྗོད་པའི་རྒྱུ་མཚན་ནི།

།མ་རིག་པའི་རྐྱེན་གྱིས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་འདུ་བྱེད་རྣམས་སོ་ཞེས་གང་གསུངས་པ་དེ་ལ། ཇི་ལྟར་ན་ བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་མ་ རིག་པའི་རྐྱེན་ལས་བྱུང་བ་ཡིན་ཞེ་ན།  རྨོངས་པ་ནི་གཉིས་ཏེ། འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་དང༌། དེ་ཁོ་ནའི་དོན་ལ་རྨོངས་པའོ།། འབྲས་བུ་རྣམ་པར་ སྨིན་པ་ལ་རྨོངས་པའི་དབང་གིས་ནི་ཡང་དག་པའི་ལྟ་བའི་སྐབས་མེད་པས་མི་དགེ་བའི་འདུ་བྱེད་རྣམས་འབྱུང་ངོ༌།། དེ་ཁོ་ནའི་དོན་ལ་རྨོངས་པའི་དབང་གིས་ནི་བསོད་ནམས་དང་མི་གཡོ་བ་རྣམས་སོ།། བཞེད་ལན་དེ་ལྟར་རྗོད་འདུག་ལ།།

༦༣) སྲོག་གཅོད་པ་སོགས་མི་དགེ་བ་དུག་གསུམ་གྱིས་སྐྱེད་ཚུལ་བྲིས?

ཞུ་ལན། མི་དགེ་བ་དུག་གསུམ་གྱིས་སྐྱེད་ཚུལ།  སྲོག་གཅོད་པ་ལ་ནི་ཤ་ལ་སོགས་པ་ལ་ཆབ ལ་ཆགས་པ་དང་ཞེ་འགྲས་པ་ལ་ལན་ལྡོན་པ་ལྟ་བུ་ཞེ་སྡང་དང་མཆོད་སྦྱིན་སོགས་ལ་གཏི་མུག་གིས་སྦྱོར་ཏེ། ཞེ་སྡང་གིས་མཐར་ཕྱིན་པར་བྱེད་དོ།། སྙིང་རྗེ་མེད་པ་མ་ཡིན་པར་སེམས་ཅན་བསད་མི་སྲིད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །སྲོག་གཅོད་པ་ལ་ཇི་ལྟ་བར་བཞིན་ལྷག་མ་མ་བྱིན་ལེན་དང་བརྫུན་ལ་སོགས་པ་དགུ་པོ་དེ་རྣམས་ལ་ཡང་དེ་ལྟར་རིག་འགྲས་ཏེ་ཤེས་པར་སྦྱར་དགོས་ཏེ།  རྒྱུ་འབྲས་ལ་རྨོངས་པའི་གཏི་མུག་གིས་མཐར་ཕྱིན་པར་བྱེད་དོ།།  ཞེས་སོ།།


༦༤) མདོ་ལས་གསུངས་པའི་ ལས་ཐུན་མོང་དང་ ཐུན་མོང་མ་ཡིན་པ་ཞེས་པ་གང་ཡིན་ནམ་ཁ་གསལ་བྲིས?

ཞུ་ལན།  གཞུང་ལས།   ཐུན་མོང་ཐུན་མོང་མིན་སྟོབས་དང་། ཞེས་པ་ལྟར།  མདོ་ལས། ལས་ཐུན་མོང་བ་ཞེས་ཀྱང་འབྱུང་། ཐུན་མོང་མ་ཡིན་པ་ཞེས་ཀྱང་འབྱུང་ངོ་ཞེ་ན

 དེ་ཉིད་བཤད་པ་ལའང་གང་གཉིས་ལས་དང་པོ་རྟེན་གྱི་སྒོ་ནས་བཤད་པ་ནི། ཐུན་མོང་བའི་ལས་གང་ཞེ་ན།  གང་ཐུན་མོང་དུ་སྣང་བའི་སྣོད་ཀྱི་འཇིག་རྟེན་རྣམ་པར་འབྱེད་པའིརྒྱུ་ཞེས་པའོ།    ཐུན་མོང་མ་ཡིན་པའི་ལས་གང་ཞེ་ན། 

ལས་གང་འབྲས་བུ་སེམས་ཅན་གྱི་འཇིག་རྟེན་སོ་སོར་རྣམ་པར་འབྱེད་ཅིང་སྐྱེད་པ་སྟེ། རང་རང་གི་ལས་ཀྱི་དབང་གིས་དེ་འགྲོ་དང་ངན་འགྲོའི་ཁད་པར་གྲུབ་པའོ།།

ཞེས་པས་སོ།།



༦༥) སྡོམ་པ་དང་ སྡོམ་མིན་ བར་མའི་ལས་གསུམ་གྱི་གོ་དོན་དང་ སྡོམ་པའི་ལས་ཀྱི་དབྱེ་བ་བཅས་བྲིས?

ཞུ་ལན།  སྡོམ་པ་དང་ སྡོམ་མིན་ བར་མའི་ལས་གསུམ་གྱི་གོ་དོན་ནི།      སྡིག་པའི་རྒྱུན་འགོག་ཅིང་དགེ་བ་ལ་ཞུགས་པ་སྡོམ་པའི་ལས་དང་། སྡོམ་པ་དང་འགལ་ཞིང་ ལ་གནོད་པར་ཞུགས་པ་སྡོམ་པ་མ་ཡིན་པའི་ལས་དང་། རེས་འགའ་དགེ་བ་དང་རེས་མི་དགེ་བ་ལ་འཇུག་པ་སྡོམ་པ་ཡང་མ་ ཡིན་སྡོམ་པ་མ་ཡིན་པའང་མ་ཡིན་པ་བར་མའི་ལས་སོ། །       སྡོམ་པའི་ལས་ཀྱི་དབྱེ་ན་གསུམ་སྟེ།  སྡོམ་པའི་ལས་དང་། སྡོམ་པ་མ་ཡིན་པའི་ལས་དང་། སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ལས་སོ།།  ཞེས་སོ།།     །།


༦༦) སོ་ཐར་སྡོམ་པའི་རྣམ་གཞག་བྲིས?

ཞུ་ལན།   སོ་སོར་ཐར་པའི་སྡོམ་པའི་རྣམ་གཞག་ནི།རིས་བརྒྱད་དེ། གཏན་ཁྲིམས་ལ་དགེ་སློང་གི་སྡོམ་པ་དང་། དགེ་སློང་མའི་སྡོམ་པ་དང་། དགེ་སློབ་མའི་ སྡོམ་པ་དང༌། དགེ་ཚུལ་གྱི་སྡོམ་པ་དང་། དགེ་ཚུལ་མའི་སྡོམ་པ་དང༌། དགེ་ བསྙེན་གྱི་སྡོམ་པ་དང་། དགེ་བསྙེན་མའི་སྡོམ་པ་དང༌། དུས་ཁྲིམས་བསྙེན་གནས་པའི་སྡོམ་པའོ། རབ་ཏུ་བྱུང་བའི་སྡོམ་པ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག་ཅེ་ན།    ཇི་སྲིད་འཚོའི་བང་དུ་སྲོག་གཅོད་པ་ལ་སོགས་པ་ཉེས་པར་དབེན་པར་སྤྱོདཔ་དང་། མི་ཚངས་སྤྱོད་སོགས་འདོད་པ་ལས་དབེན་པར་སྤྱོད་པའོ།  དགེ་བསྙེན་དང་དགེ་བསྙེན་མའི་སྡོམ་པ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པརགཞག་ཅེན།  ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་ཡིན་གྱི་འདོད་པ་ལས་དབེན་པར་སྤྱོད་པ་ནི་མ་ཡིན་ནོ། །འདིའི་སྡོམ་པ་ནི་འདོད་པ་ལ་ལོག་པར་གཡེམ་པ་སྤོང་བ་རྣམ་པར་བཞག་གི་མི་ཚངས་པར་སྤྱོད་པ་སྤང་པ་ནི་མ་ཡིན་ནོ།། བསྙེནགནས་པའི་སྡོམ་པ་གང་ཟག་ཇི་ལྟ་བུའི་ དབང་དུ་བྱས་ཏེ་རྣམ་པ་གཞག་ཅེན།  དེ་ནི་ཉིན་ཞག་ཕྲུག་གཅིག་གི་སྡོམ་པ་ཡིན་པས་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་ཡང་མ་ཡིན་ལ། འདོད་པ་ལས་དབེན་པར་སྤྱོད་པ་ ཡང་མ་ཡིན་པའོ།། དགེ་སྙེན་གྱི་བསླབ་པ་ཡོངས་རྫོགས་བླངས་ནས་བསླབ་པའི་གཞིའི་ཕྱོགས་གཅིག་ལ་སློབ་ན་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པ་ཞེས་བྱའམ། ལྡན་པ་མ་ཡིན་པ་ཞེས་བྱ་ཞེ་ན། བསླབ་བྱ་གང་བསྲུང་བའི་ཆ་ནས་ལྡན་པ་ཞེས་ཀྱང་བྱ་ལ་གཞན་མི་བསྲུང་བའི་ཆནས་ཚུལ་ཁྲིམས་འཆལ་བ་ཞེས་ཀྱང་བྱའོ།། ཟ་མ་དང་མ་ནིང་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་བཀག་གམ་དགེ་བསྙེན་གྱི་སྡོམ་པ་མ་བཀག་ཅེ་ན། དགེ་བསྙེན་ཞེས་བྱ་བའི་ངེས་ཚིག་ཉིད་ནི་བཀག་སྟེ། དགེ་སློང་དང་དགེ་སློང་མའི་ཕྱོགས་གཉིས་ཀ་ལ་འདིས་བསྙེན་བཀུར་བྱེད་ཅིང་ཉེ་བར་གནས་པར་བྱ་བའི་འོས་མ་ཡིན་པའི་ཕྱིར་རོ། །མཚན་གཉིས་པ་རྣམས་ཀྱང་དེ་བཞིན་དུ་སྐྱེས་པ་དང་བུད་མེད་ཀྱི་ཉོན་མོངས་པ་ཀུན་ཏུ་སྤྱོད་པས་ཕྱོགས་གཉིས་ག་ལ་བསྙེན་བཀུར་བྱ་བའི་འོས་མ་ཡིན་པའི་ཕྱིར་དེ་དག་ལོགས་སུ་མ་བཤད་དོ།།  མ་ནིང་ནི་ལྔ་སྟེ། སྐྱེས་པཉིད་ནས་ཕོ་མོའི་དབང་པོ་མེད་པ་སྐྱེས་ནས་མ་ནིང་དུ་གྱུར་པ་དང༌། གཞན་འདོད་པ་སྤྱོད་པ་མཐོང་ན་སྐྱེས་པའི་སྤོབས་པ་སྐྱེ་བ་མ་ནིང་ཕྲག་དོག་ཅན་དང༌། ཟླ་བ་ཕྱེད་ཕྱེད་ཅིང་མཚན་འགྱུར་བ་མ་ནིང་ཟླ་ཕྱེད་པ་དང༌། མཚན་འགྲེང་བ་མི་ནུས་པ་བླུགས་པའི་མ་ནིང་དང་། མཚོན་ཆ་ལ་སོགས་པས་བཅད་དེ་ཉམས་པའི་མ་ནིང་ངོ་།།



༦༧) དགེ་སློང་གི་སྡོམ་པ་དང་ དགེ་སློང་མའི་སྡོམ་པ་ དགེ་སློབ་མའི་སྡོམ་པ་ཞེས་པ་གང་ལ་ངོས་གཟུང་ངམ?

ཞུ་ལན།  དགེ་སློང་གི་སྡོམ་པ་རིས་སམ་སྡེ་ཚན་བརྒྱུད་དེ། ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ་དང་། སྤང་ལྟུང་སུམ་རུ་དང་། འབའ་ཞིག་པ་དགུ་བཅུ་སྟེ་གཉིས་ལ་ལྟུང་བྱེད་བརྒྱ་ཉི་ཤུར་བྱས་པ་དང༌། སོ་སོར་བཤགས་པ་བཞི་དང་། ཉེས་བྱས་བརྒྱ་རྩ་བར་གཉིས་ཏེ་དེ་ལྟར་ལྟུང་པ་སྡེ་ལྔ་ལ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དུ་ཕྱེ་བ་རྣམས་དང༌། ལུས་ངག་གི་སྤང་བྱ་ཐམས་ཅད་སྤོང་བ་ཡང་དག་པར་བླངས་པ་དགེ་སློང་གི་སྡོམ་པའོ།    དགེ་སློང་མའི་སྡོམ་པ་དེ་ལྟ་བུ་བུད་མེད་ཀྱི་རྟེན་ལ་སྐྱེས་ ཤིང་ལྟུང་བ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་སྲུང་བ་དགེ་སློང་མའི་སྡོམ་པའོ།     དགེ་སློབ་མའི་སྡོམ་པ་བུད་མེད་ཉོན་མོངས་པ་མང་བས་རིམ་གྱིས་ དགེ་སློང་མ་ལ་གཞུག་པའི་ཕྱིར་དགེ་ཚུལ་མའི་སྟེང་དུ།        འདུལ་བ་རྒྱ་ཆེར་འགྲེལ་ལས། གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །དེ་ དང་ལྷན་ཅིག་འདུག་མི་བྱ། །སྨྱན་དུ་འགྱུར་བ་མི་བྱ་ཞིང་། །ཁ་ན་མ་ཐོ་བཅབ་མི་བྱ། །ཞེས་པ་ལྟར་ཆོས་དྲུག་དང་། གསེར་ ལ་གཟུང་པར་མི་བྱ་ཞིང་། །འདོམས་ཀྱི་སྤུ་ནི་བྲེག་མི་བྱ། །ས་རྣམས་བརྐོ་བར་མི་བྱ་སྟེ། །རྩྭ་སྔོན་རྣམས་ཀྱང་གཅད་མི་ བྱ། །བྱིན་ལེན་མ་བྱས་ཟ་མི་བྱ། །སོག་འཇོག་བྱས་པའང་བཟའ་མི་བྱ། །ཞེས་པ་ལྟར་རྗེས་སུ་མཐུན་པའི་ཆོས་དྲུག་ལ་སློབ་པ་དགེ་སློབ་མའི་སྡོམ་པའོ།།



༦༨) དགེ་སློང་ལ་སོགས་པ་རབ་ཏུ་བྱུང་བའི་སྡོམ་པ་ལྔ་དང་ དགེ་བསྙེན་སོགས་ཁྱིམ་པའི་སྡོམ་པ་གསུམ་པོ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག་པ་ཡིན་ནམ?

ཞུ་ལན།     དགེ་སློང་ལ་སོགས་པ་རབ་ཏུ་བྱུང་བའི་སྔོལ་པ་ལྔ་གཉེན་པོའི་སྒོ་ནས་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག་ཅེ་ན།     ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པ་སྒོ་གསུམ་གྱི་ཉེས་པར་སྤྱད་པ་མི་དགེ་བ་ལས་དབེན་པར་སྤྱོད་པ་དང་། མི་ཚངས་སྤྱོད་ལ་སོགས་པ་འདོད་པ་ལས་ཀྱང་དབེན་པར་སྤྱོད་པ་སྟེ་དེ་དག་སྤོང་ནུས་པའི་དབང་དུ་བྱས་པའོ།།  ཁྱིམ་པའི་སྡོམ་པ་གསུམ་ལས་དགེ་བསྙེན་དང་དགེ་བསྙེན་ཁའི་སྡོམ་པ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག་ཅེན།   ཇི་སྲིད་ འཚོའི་བར་དུ་སྲོག་གཅོད་དང་ལོག་གཡེམ་ལ་སོགས་པ་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་ཡིན་གྱི། མི་ཚངས་སྤྱོད་ལ་སོགས་པ་འདོད་པ་ལས་དབེན་པར་སྤྱོད་པ་ནི་མ་ཡིན་ནོ། །   ཞེས་སོ།།    །།


༦༩) བདེ་བ་མྱོང་བར་འགྱུར་བའི་ལས་དང་ སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཞེས་པ་གང་ཡིན?

ཞུ་ལན།  བདེ་བ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། འདོད་པའི་ཁམས་དང་། བསམ་གཏན་སྔ་མ་གསུམ་པོ་དག་གི་དགེ་བ་གང་ ཡིན་པའོ།།  སྡུག་བསྔལ་མྱོང་བར་འགྱུར་པའི་ལས་གང་ཞེ་ན། གང་མི་དགེ་ བའོ།།  སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། བསམ་གཏན་གསུམ་པ་ལས་གོང་མ་བཞི་པ་ལ་སོགས་པའི་དགེ་བའོ། །


༧༠) ངོ་བོ་གནག་ལ་ རྣམ་སྨིན་གནག་པའི་ལས་དང་། ངོ་བ་དཀར་ལ་ རྣམ་པར་སྨིན་པ་དཀར་བའི་ལས། ལས་དཀར་གནག་ཏུ་འདྲེས་པར་གྱུར་ལ་ རྣམ་པར་སྨིན་པའང་དཀར་གནག་ཏུ་འདྲེས་པར་གྱུར་པའི་ལས་ཞེས་པ་གང་ཡིན?

ཞུ་ལན།  གཞུང་ལས།གནག་དཀར་འདྲེས་མ་ལས་ཟད་དང། ཅེ་ན།  ངོ་བོ་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་གང་ཞེ་ན། གང་མི་དགེ་བ་སྟེ་ཉོན་མོངས་པ་ཅན་ཡིན་པ་དང་། རྣམ་པར་སྨིན་པ་མི་འདོད་བ་འབྱིན་ པའོ།།    ངོ་བོ་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་གང་ཞེ་ན།        ཁམས་གསུམ་པའི་དགེ་བ་སྟེ་ཉོན་མོངས་ཅན་མིན་ལ་འབྲས་བུ་ཡིད་དུ་འོང་བ་འབྱིན་པའོ།། ངོ་བོ་དཀར་གནག་ཏུ་གྱུར་ལ་རྣམ་པར་སྨིན་པ་དཀར་གནག་ཏུ་འགྱུར་བ་གང་ཅེ་ན།  འདོད་པ་དང་རབ་ཏུ་ལྡན་པའི་འདྲེས་མ་སྟེ། བསམ་པས་གནག་ལ་སྦྱོར་བས་དཀར་བ་གཞན་བསླུ་བའི་ཕྱིར་སྦྱིན་པ་ གཏང་བ་ལྟ་བུའམ། སྦྱོར་བས་གནག་ལ་བསམ་པས་དཀར་བ་སྙིང་བརྩེ་བས་ལུས་ངག་གིས་དྲག་པོར་བྱེད་པའོ།། གསུངས་འདུག་ལ།།     །།


༧༡) སྦྱིན་པ་ཕུན་སུམ་ཚོགས་ཚུལ་དང་ སྦྱིན་བྱ་ཕུན་སུམ་ཚོགས་ཚུལ་ཞོག?

ཞུ་ལན།   སྦྱིན་པ་ཕུན་སུམ་ཚོགས་པའི་ཚུལ།   ཕྱིར་ཞིང་ཡང་ཡང་སྦྱིན་དང་། ཕྱོགས་སོ་སོར་མི་འབྱེད་པར་སྦྱིན་པ་དང་། ཐམས་ཅད་སྦྱིན་ཏེ་འདོད་པ་ཡོང་སུ་རྫོགས་པར་སྦྱིན་པའི་ཕྱིར་རོ།།   ཇི་ལྟར་ན་སྦྱིན་པར་བྱ་བ་ཕུན་སུམ་ཚོགས་པ་ཚུལ།   སྦྱིན་པར་བྱ་བའི་དངོས་པོ་གནོད་པས་གྲུབ་པ་མ་ཡིན་པ་ལྡང་བའི་བརྩོན་འགྲུས་ཀྱིས་ཐོབ་པ་དང་། སྦྱིན་པར་བྱ་བའི་དངོས་པོ་གཞན་ལས་ཕྲོགས་པ་མ་ཡིན་པ་ལག་དར་བའི་མཐུས་བསྒྲུབ་པ་དང༌། སྦྱིན་པར་བྱ་བའི་དངོས་པོ་མ་རུལ་ཞིང་རྡུལ་དང་དྲི་མ་མེད་པ་དང་། སྦྱིན་པར་བྱ་བའི་དངོས་པོ་དུག་དང་མཚོན་ཆ་ལ་སོགས་པ་མ་ཡིན་པར་རུང་བ་དང་། སྦྱིན་པར་བྱ་བའི་དངོས་པོ་སྒྱུ་དང་གཡོ་མེད་པར་ཆོས་ཀྱིས་བསྒྲུབས་ཤིང་ཐོབ་པའི་ཕྱིར་རོ།།      །།


༧༢) ཚུལ་ཁྲིམས་ཀྱི་ཡན་ལག་དྲུག་ལྡན་གྱི་རྐངས་གྲངས་མ་ནོར་བ་བྲིས་ནས་ དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་ལྔ་ཡང་བྲིས?

ཞུ་ལན།   ཚུལ་ཁྲིམས་ཀྱི་ཡན་ལག་དྲུག་ལྡན་གྱི་རྐངས་གྲངས་ནི།   ༡ ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། ༢ སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ༣ ཆོ་ག་ཕུན་སུམ་ཚོགས་པ་དང་། ༤ སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ༥ ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང་། ༦ བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་བར་བྱེད་པ་ཡིན་ནོ། །ཞེས་གསུངས།

 དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་ལྔ་ནི།   སྨད་འཚོང་མའི་གནས་དང་། ཆང་འཚོང་མའི་གནས་དང་། རོལ་མོ་མཁན་གྱི་གནས་དང༌། རྒྱལ་པོའི་ཕོ་བྲང་དང་བགདོལ་པའི་ཁྱིམ་རྣམས་སྤོང་བ་ཞེས་སོ།།



༧༣) མདོ་ལས་ ལས་བདག་གིར་བྱ་བ་དང་། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་པ། ལས་བརྟེན་པར་བྱ་བ་ཞེས་གསུངས་པའི་གོ་དོན་བྲིས?

ཞུ་ལན།    གཞུང་ལས། བདག་གིར་བྱ་དང་བགོ་སྐལ་སྤྱོད།།  ཞེ་ན།  ལས་བདག་གིར་བྱ་བའི་དོནརང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་དང་ཐུན་མོང་མ་ཡིན་པར་རང་ཉིད་ཀྱིས་ཉམས་སུ་མྱོང་བའི་ཕྱིར་རོ།།

ལས་ཀྱི་བགོ་སྐལ་ལ་སྤྱོད་པའི་གོ་དོན།

སྤྱིར་རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་རང་གིས་མྱོང་བ་དེ་ལའང་དགེ་བའི་འབྲས་བུ་འདོད་པ་དང་། མི་དགེ་ བའི་ལས་ཀྱི་འབྲས་བུ་མི་འདོད་པ་སོ་སོར་མྱོང་བས་རང་དང་མཐུན་པའི་བགོ་སྐལ་ལ་མ་འདྲེས་པ་ལོངས་སྤྱོད་པའི་ཕྱིར་རོ། །

ལས་ཀྱི་སྐྱེ་གནས་པའི་གོ་དོན།

རྒྱུང་ཕན་པ་ལྟར་རྒྱུ་གཏན་ནས་མེད་པ་དང་། བྱེ་བྲག་པ་ལྟར་མི་མཐུན་པའི་རྒྱུ་དབང་ཕྱུག་ལ་སོགས་པར་འདོད་པ་རྣམ་ པར་སྤངས་པའི་ལས་ནི་སེམས་ཅན་གྱི་སྐྱེ་གནས་ཡིན་ལ་དེ་ལས་སེམས་ཅན་རྣམས་འབྱུང་བའི་ཕྱིར་རོ། །

ལས་བརྟེན་པར་བྱ་བའི་གོ་དོན།

ཟག་བཅས་ཀྱི་ལས་ཀྱིས་འཁོར་བར་བཅིངས་པ་ལས་རྣམ་པར་ཐར་བར་བྱེད་པའི་ཕྱིར་གཉེན་པོ་ཟག་པ་མེད་པའི་ལས་ནི་སེམས་ཅན་རྣམས་ཀྱི་བརྟེན་པར་བྱ་བའི་རྟེན་ནམ་སྐྱབས་ཡིན་པའི་ཕྱིར་རོ།།



༧༤) ཀུན་འབྱུང་བདེན་པའི་སྤྱིའི་མཚན་ཉིད་བཞི་པོ་ངེས་ཚིག་གིས་བཤད་ཚུལ་བྲིས? 

ཞུ་ལན། དེ་བཞི་པོའི་ངེས་ཚིག་བཤད་ཚུལ་ནི།    ལས་དང་ཉོན་མོངས་པ་དེ་དག་ཡང་སྲིད་པ་སྐྱེ་བ་ཕྱི་མ་འགྲུབ་པའི་བག་ཆགས་ས་བོན་འཇོག་པའི་བྱེད་རྒྱུ་ཡིན་པའི་ཕྱིར་རྒྱུའི་མཚན་ཉིད་ཅན་དུ་རིག་པར་བྱའོ། །

༧༥) འགོག་པའི་བདེན་པའི་ངོ་བོ་ངོས་འཛིན་ཚུལ་ལ་་མི་འདྲའི་ཁྱད་པར་ཡོད་དམ་མེད་ཁ་གསལ་བྲིས?

ཞུ་ལན།  འགོག་པའི་བདེན་པའི་ངོ་བོ་ངོས་འཛིན་ཚུལ་ལ་མི་འདྲའི་ཁྱད་པར་ཡོད་དེ།   བྱེ་བྲག་ཏུ་སྨྲ་བ་དགག་བྱ་དང་གྲངས་མཉམ་པའི་དགག་པ་རྫས་གྲུབ་ཏུ་འདོད་ཅིང་། མདོ་སྡེ་པ་ནི་གཉེན་པོ་བསྒོམས་པས་སྤང་བྱ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པའི་མེད་དགག་ཏུ་འདོད་མོད། འདིར་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་གློ་བུར་གྱི་དྲི་མས་ཀྱང་དག་ནས་དག་པ་གཉིས་ལྡན་དུ་གྱུར་པ་སྟེ། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །ཞེས་པའི་སྒོ་ནས་ཁྱད་པར་བཞག་འདུག་ལ།།



༧༦) འགོག་བདེན་སྐྱེད་འབྲས་སུ་འདོད་པ་དང་མི་རྟག་པར་འདོད་པ་སྤོང་ཚུལ་བྲིས?

ཞུ་ལན།  འགོག་བདེན་སྐྱེད་འབྲས་སུ་འདོད་པ་སྤོང་ཚུལ།

ལམ་བསྒོམས་པ་ལས་སྐྱེས་པའི་འབྲས་བུ་འདུས་བྱས་སོ་སྙམ་དུ་སེམས་ན། དེ་ནི་ཆུ་རྙོག་མ་སངས་པ་ལྟར་སེམས་དྲི་མས་དག་པ་བྲལ་འབྲས་མངོན་དུ་གྱུར་པ་ཙམ་ཡིན་གྱི་སྔར་མེད་གསར་དུ་སྐྱེས་པ་ནི་མ་ཡིན་ཏེ། ཇི་ལྟར་ཆུ་རྙོག་པ་ལས་ དྭང་བ་ན། །དྭང་བ་དེ་ཉིད་དེ་ལས་སྐྱེས་མིན་ཏེ། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་འདི་ ཉིད། །ཅེས་པ་ལྟར་དུ་སྤང་ངོ།།

གཉིས་པ། མི་རྟག་པར་འདོད་པ་སྤོང་ཚུལ།

དྲི་བཅས་དྲི་མེད་དུ་འགྱུར་བའི་ཕྱིར་མི་རྟག་པའོ་སྙམ་དུ་སེམས་ན། སྐྱོན་མེད་ཅིང་རང་བཞིན་ནམ་ཡང་མི་འགྱུར་བས་ན་རྟག་པ་ཉིད་དོ། །མདོ་ལས། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལས་བདེན་པ་གསུམ་ནི་མི་རྟག་པ་ ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །ཞེས་པ་ནས། བཅོམ་ལྡན་འདས་འདི་ལ་བདེན་པ་གཅིག་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་ལགས་ཏེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་དེ་ ཉིད་ནི་རྟག་པ་ལགས་སོ། །གང་རྟག་པ་དེ་ནི་མི་སླུ་བའི་ཆོས་ཅན་ལགས་སོ།།ཞེས་པའི་འདོད་ཚུལ་ལྟར་དུ་སྤང་བའོ། །

༧༧) འགོག་བདེན་གྱི་སྤང་བྱ་དང་བྲལ་བའི་རྣམ་གྲངས་བྲིས?

ཞུ་ལན།   གཞུང་ལས།   མ་ལུས་སྤངས་དང་ངེས་པར་སྤངས།།བྱང་གྱུར་ཟད་པ་འདོད་ཆགས་བྲལ།།འགོག་རྣམ་ཞི་ནུབ་འདུས་མ་བྱས།། གསུངས་ཅེ་ན།  འགོག་བདེན་གྱི་སྤང་བྱ་དང་བྲལ་བའི་རྣམ་གྲངས་བརྒྱད་ཡོད་དེ།   མ་ལུས་པར་སྤངས་པ་དང་། ངེས་པར་སྤངས་པ་དང་། བྱང་བར་གྱུར་པ་དང་། ཟད་པ་དང་། འདོད་ཆགས་དང་ བྲལ་བ་དང་། འགོག་པ་དང་། རྣམ་པར་ཞི་བ་དང་། ནུབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། སོགས་པའི་སྒྲས་ནི་ལྷག་མ་རྣམས་སྡུད་པའོ། 



༧༨) བསྟེན་བྱ་ལམ་གྱི་བདེན་པའི་རྣམ་གཞག་མདོར་བསྡུས་ཤིག་བྲིས?

ཞུ་ལན།  ལམ་བདེན་རྣམ་གཞག་མདོར་བསྡུས་ནི།

མངོན་པར་འདོད་པའི་དོན་ཚོལ་བའི་ལམ་གང་གིས་འཁོར་བའི་ངོ་བོ་སྡུག་བསྔལ་གྱི་རང་བཞིན་ཡོངས་སུ་ཤེས་པར་བྱེད་པ་

དང་། དེའི་རྒྱུ་ལས་དང་ཉོན་མོངས་པའི་ཀུན་འབྱུང་སྤོང་བར་བྱེད་པ་དང་། དེ་དག་དང་བྲལ་བའི་འགོག་པ་མྱ་ངན་ལས་འདས་

པ་མངོན་དུ་བྱེད་པ་དང་། དེའི་ཐབས་ལམ་རྒྱུད་ལ་བསྟེན་ཞིང་སྒོམ་པར་བྱེད་པ་སྟེ། བདེན་པ་བཞི་ལ་རང་རང་དང་མཐུན་པའི་བྱ་བ་བྱེད་པ་འདི་ནི་ལས་གྱི་བདེན་པའི་རང་བཞིན་གྱི་མདོར་བསྡུས་ནས་བསྟན་པའོ། །



༧༩) ཚོགས་ལམ་སོགས་ལམ་ལྔ་པོ་སོ་སོའི་ངོས་འཛིན་ཞུ?

ཞུ་ལན།  གཞུང་ལས།  ཚོཊ་སྦྱོར་མཐོང་སྒོམ་མཐར་ཕྱིན་ལམ།།  ཞེས་པ་ལྟར།  ལམ་ལྔ་པོ་སོ་སོའི་ངོས་འཛིན་ཚུལ།

ཚོཊ་ལམ་དང།  སྦྱོར་ལམ་དང།  མཐོང་ལམ་དང་།  སྒོམ་ལམ་དང་།  མི་སློབ་པའི་ལམ་བཅས་ལམ་ལྔ་དེ་ཡིན་ལ།།



༨༠) ཚོགས་སྦྱོར་གཉིས་ཀྱི་མཚན་ཉིད་དང་ སྤངས་རྟོགས་ ཡོན་ཏན་བཅས་བྲིས?

ཞུ་ལན།   ཚོཊ་ལམ་གྱི་མཚན་ཉིད་ནི།   

མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་ཐར་པ་ཆ་མཐུན་གྱི་དགེ་བས་བསྡུས་པའོ། །

ཚོཊ་ལམ་གྱི་སྤངས་རྟོགས་ནི།

སྤང་བྱ་ཤིན་ཏུ་རགས་པ་འཁོར་བར་སྡུག་བསྔལ་སྐྱེད་བྱེད་རྣམས་རྣམ་པར་སུན་འབྱིན་པའི་གཉེན་པོས་སྤངས་པ་དང་། བདག་མེད་གཉིས་ཤེས་རབ་གསུམ་གྱིས་སྤྱིའི་ཚུལ་དུ་རྟོགས་པའོ། །

སྦྱོར་ལམ་གྱི་མཚན་ཉིད་ནི།

མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་དོན་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །

སྦྱོར་ལམ་གྱི་སྤངས་རྟོགས་ནི།

ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་བརྟགས་པ་རྣམས་རྣམ་པར་གནོན་པའི་ཚུལ་གྱིས་སྤོང་ཞིང་། བདེན་པ་རྣམས་ལ་ཆོས་ཀྱི་བདག་གི་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས་པའོ།།ཞེས་སོ།།     །།།



༨༡) སྦྱོར་བའི་ལམ་གྱི་ཆོས་ཡིན་ལ་ ཚོགས་ལམ་གྱི་ཆོས་མ་ཡིན་པ་རྣམས་བྲིས?

ཞུ་ལན། །སྦྱོར་བའི་ལམ་གྱི་ཆོས་ཡིན་ལ་ཚོགས་ལམ་གྱི་ཆོས་མ་ཡིན་པ་ཡང་ཡོད་དེ། ཚོགས་བསགས་ཤིང་ཐར་པ་ཆ་མཐུན་རྫོགས་པའི་རྗེས་བདེན་པ་རྣམས་ལ་ཐེ་ཚོམ་སྤོང་ཞིང་ངེས་པར་བྱེད་པ་འཕགས་པའི་ལམ་གྱི་ཆ་མཐོང་ལ་སྐྱེ་བ་དང་རྗེས་སུ་མཐུན་པའི་དགེ་བའི་རྩ་བརྣམས་ཏེ། དེ་ནི་དྲོད་རྩེ་མོ་ཆེ་མཆོག་གི་སྦྱོར་ལམ་ཡིན་ལ་ཚོཊ་ལམ་མ་ཡིན་ནོ།།ཞེས་སོ།།    །།



༨༢) མཐོང་ལམ་གྱི་མཚན་ཉིད་དང་ ངེས་ཚིག་ སྐད་ཅིག་བཅུ་དྲུག་ཏུ་དབྱེ་ཚུལ་ དེ་ཐམས་ཅད་ མཐོང་ལམ་དུ་གཞག་པའི་རྒྱུ་མཚན་ཡང་བྲིས?

ཞུ་ལན།  གཞུང་ལས།   དེ་ནི་སྤྲོས་མེད་སྤྲོས་བཅས་ན། །བདེན་དང་བདེན་ལ་བཟོད་ཤེས་དང༌། །རྗེས་སུ་བཟོད་ཤེས་ སྐད་ཅིག་མ། །བཅུ་དྲུག་མ་མཐོང་མཐོང་བའི་ལམ། །སྡུག་བསྔལ་བདེན་ དབང་བྱས་པའི་ཆོས། །སྦྱོར་བ་དེ་ལ་རྣམ་དཔྱད་ཤེས། །བར་ཆད་མེད་པའི་ ལམ་གང་གིས། །སྡུག་བསྔལ་མཐོང་སྤངས་སྤོང་དེ་བཟོད། །དེ་ཡི་མཇུག་ཐོགས་རྣམ་གྲོལ་ཤེས། །འདི་གཉིས་འཕགས་ཆོས་རྒྱུར་གཏོགས་པའི། །ཟག་མེད་ཤེས་རབ་རྗེས་བཟོད་དང༌། །བཟོད་དེ་ངེས་འཛིན་རྗེས་ཤེས་སོ། །བདེན་པ་ལྷག་མར་དེ་བཞིན་སྦྱར། །      མཐོང་ལམ་གྱི་མཚན་ཉིད་ནི།   མྱ་ངན་ལས་འདས་པར་འགྲོད་པའི་གཞི་གང་ཞིག་དེ་ཁོ་ན་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ།

   ངེས་ཚིག་ནི།  དེ་ཁོ་ན་ཉིད་སྔར་མ་མཐོང་བ་མཐོང་ཞིང་འཕཊ་པའི་སར་ཕྱིན་པར་བྱེད་པས་ན་མཐོང་ལམ་ཞེས་བྱའོ།།

   སྐད་ཅིག་བཅུ་དྲུག་ཏུ་དབྱེ་ཚུལ།   འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་འཇུག་ཐོཊ་སུ་སྡུག་བསྔལ་ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་བཞི་དང་།  ཀུན་འབྱུང་ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་བཞི་དང་།  འགོག་པ་ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་བཞི་དང་།  ལམ་ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་བཞི་བཅས་དེ་ལྟ་བུའི་ཚུལ་གྱི་དབྱེ་བས་སོ།།  

   དེ་ཐམས་ཅད་མཐོང་ལམ་དུ་གཞག་པའི་རྒྱུ་མཚན་ནི།   འདི་ལས་གཞན་དུ་གཅིག་གཉིས་ལ་སོཊ་པར་འདོད་པ་བསལ་བའི་ཆེད་དུ་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་འདི་དག་ཐམས་ཅད་ནི་མཐོང་བའི་ལམ་ཞེས་པ་སྟེ།  དེ་དག་གིས་བདེན་པ་རེ་རེ་ལ་ཡང་སྔོན་མ་བའི་རྣམ་པ་བཞི་བཞི་གསར་དུ་མཐོང་བའི་ཕྱིར་རོ།།   །།



༨༣) སྒོམ་པའི་ལམ་ལ་ཕྱེ་ཚུལ་གྱི་དབྱེ་བ་མི་འདྲ་བ་ཇི་ལྟར་ཡོད་དམ?

ཞུ་ལན། གཞུང་ལས།  །གོང་གྱུར་འཇིག་རྟེན་འཇིག་རྟེན་འངས། ། རླུང་འབྲིང་ཆེ་དང་སྦྱོར་བ་དང་། །བར་ཆད་མེད་དང་རྣམ་གྲོལ་དང་། །ཁྱད་ པར་ལམ་མོ་བསམ་གཟུགས་བརྒྱད།། གསུངས་ཞེ་ན།  སྒོམ་ལམ་ཕྱེ་ཚུལ་དབྱེ་བ་མི་འདྲ་བ་གསུམ་ཡོད་དེ།  དང་པོ་ཟག་པ་ཡོད་མེད་ཀྱིས་ཕྱེ་ན་འཇིག་རྟེན་པའི་ལམ་དང་འཇིག་རྟེན་ལས་འདས་པའི་ལམ་དང་། གཉིས་པ་སྤང་བྱ་སྤང་ཚུལ་ལམ་ངོ་བོས་ཕྱེ་ན་ལམ་ཆུང་ངུ་དང་ལམ་འབྲིང་དང་ལམ་ཆེན་པོ་དང་། གསུམ་པ་བྱེད་ལས་སམ་ནུས་པས་ཕྱེ་ན་སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་གྱི་ལམ་མོ། །

དེ་རྣམས་ལ་གཞག་པའོ་།




༨༤) འཇིག་རྟེན་པའི་ལམ་ཞེས་པ་གང་ཡིན?

ཞུ་ལན།  འཇིག་རྟེན་པའི་ལམ་གང་ཞེ་ན། གང་ཟག་འཇིག་རྟེན་པའི་རྒྱུད་ལ་སྐྱེ་ཞིང་དྲན་པས་རྩེ་གཅིག་ཏུ་དམིཊ་པ་ལ་ཉེ་བར་གཏོད་པའི་བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང་། བསམ་གཏན་བཞི་པ་དང་༑ ནམ་མཁའ་མཐའ་ཡས་སྐེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ དང་༑ ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ་སའི་སྒོ་ནས་བརྒྱད་ལ་གཞག་པའོ།།  །།

༨༥) རྒྱུ་སྙོམས་འཇུག་གི་ཚད་ཆེ་འབྲིང་ཆུང་གསུམ་སྒོམ་པའི་འབྲས་བུ་སྐྱེ་བའི་ཚད་ཞོག?

གཞུང་ལས།  རྒྱུ་ཚད་ཆུང་འབྲིང་ཆེར་བསྒོམས་པས།། འབྲས་ཚད་བསམ་གཏན་སྐྱེས་གསུམ་གསུམ། །ཁྱད་ར་ཅན་བསྒོམས་ཚངས་ཆེན་ནོ། །གཟུགས་མེད་མཐོ་དམའ་ངན་དང་ བཟང་། །མིང་དུ་བཏགས་པ་བསམ་མི་ཁྱབ། །ཀུན་གྱི་ས་མཐུན་འཕེལ་མཐར་ཕྱིན།། ཞེས་པ་ལྟར།   འབྲས་བུ་སྐྱེ་བའི་ཚད་ནི།ལ   བསམ་གཏན་དང་པོ་ཆུང་ངུ་འབྲིང་དང་ཆེན་པོ་ཡོངས་སུ་བསྒོམས་པའི་འབྲས་བུ་ནི། རིམ་པ་བཞིན་དུ་བསམ་གཏན་དང་པོའི་སྐྱེ་བ་ཚངས་རིས་དང་ཚངས་པ་འདུན་ན་འདོན་དང་ཚངས་ཆེན་ཏེ་གསུམ་མོ།།  གཉིས་པ་ལ་འོད་ཆུང་ཚད་མེད་འོད་འོད་གསལ་གསུམ་དང་། གསུམ་ པ་ལ་དགེ་ཆུང་ཚད་མེད་དགེ་དགེ་རྒྱས་གསུམ་དང་། བཞི་པ་ལ་སྤྲིན་མེད་བསོད་ནམས་སྐྱེས་འབྲས་བུ་ཆེ་གསུམ་སྟེ་བསམ་གཏན་གྱི་སྐྱེ་བ་རྣམ་པ་གསུམ་མོ། །གནས་གཙང་མ་ནི་འོག་ཏུ་འཆད་དོ། །གཟུགས་མེད་པའི་སྐྱེ་མཆེད་བཞི་པོ་རྣམས་ན་ནི་གཞལ་མེད་ཁང་་གི་གནས་གཞན་ཐ་དད་པ་མེད་པའི་ཕྱིར་གནས་ཀྱིས་ཕྱེ་བའི་སྐྱེབ་ཐ་དད་པ་ཡང་མེད་དོ། །

འོན་ཀྱང་དེ་དག་ན་ཆུང་ངུ་དང་འབྲིང་དང་ཆེན་པོར་ཡོངས་སུ་བསྒོམས་པའི་རིམ་པ་ལྟར།  སྐྱེ་བའི་མཐོན་པོ་དང་།  དམའ་བ་དང། ཉོན་མོངས་པ་ཅན་དང་དེ་མ་ཡིན་པས་ངན་པ་དང་། བཟང་པོར་མངོན་ནོ་ཞེས་པའི་རྣམ་པ་དེ་ལྟ་བུ་ལ་གནས་སོ།།  །།

༨༦) དྲན་པ་ཉེར་གཞག་བཞིའི་དམིགས་པ་དང་ ངོ་བོ་ གྲོགས་བཅས་བྲིས?

གཞུང་ལས།  །འཕགས་ལམ་དམིགས་པ་ངོ་བོ་དང༌། །སྒོམ་དང་འབྲས་བུ་ཞིབ་བཤད་དོ།།  གསུང་ཤེ་ན།  །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དམིགས་པ་གང་ཞེ་ན།  ལུས་དང་། ཚོར་བ་དང༌། སེམས་དང༌། འཁོརའདས་ཀྱི་ཆོས་དེ་བཞི་པོ་ལ་དམིཊ་པའོ།       ངོ་བོ་ཉིད་གང་ཞེ་ན། ལུས་སོགས་ལ་རྗེས་སུ་ལྟ་བའི་ཤེས་རབ་དང་དྲན་པ་ཉེ་བར་བཞག་པས་ན་དྲན་པའོ།།  གྲོགས་གང་ཞེ་ན། ཤེས་རབ་དང་དྲན་པ་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ།། ཞེས་སོ།།   །།          

༨༧) ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་པ་གང་ཡིན་ནམ?

ཞུ་ལན།  ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་པ་ནི།

རྣམ་པར་རྟོག་པ་ལ་དུར་ཁྲོད་ཀྱི་ཀེང་རུས་དང་རྣམ་པར་སྔོས་པ་ལ་སོགས་པར་སྣང་བའི་གཟུགས་བརྙན་གྱི་ལུས་དང་འདྲ་བར། གང་ལ་ཆགས་པའི་རང་བཞིན་གྱི་ལུས་འདི་ཡང་འདི་ལྟ་བུའི་རང་བཞིན། འདི་ལྟ་བུའི་ཆོས་ཅན། ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་མི་གཙང་བར་མཉམ་པ་ཉིད་དུ་ལྟ་བ་གང་ཡིན་པའོ། །

༨༨) སྤོང་བའི་འདུ་བྱེད་བརྒྱད་པོ་སྤང་བྱ་གང་སྤོང་བའི་ཕྱིར་སྒོམ་དགོས་པ་ཡིན་ནམ?

ཞུ་ལན།སྤོང་བའི་འདུ་བྱེད་བརྒྱད་པོ་སྤང་བྱ་གང་སྤོང་བའི་ཕྱིར་སྒོམ་དགོས་པ་ཡིན་ནམ་ཞེ་ན།   མི་མཐུན་ཕྱོཊ་ཉེས་པ་ལྔ་སྤོང་བའི་ཆེད་དུ་གཉེན་པོ་འདུ་བྱེད་བརྒྱད་གོམས་དགོས་པར་ཡིན་ལ།།



༨༩) བསླབ་པ་གསུམ་སྦྱོང་བའི་ཚུལ་བྲིས?

ཞུ་ལན།  བསླབ་གསུམ་སྦྱོང་ཚུལ་ནི།

བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་ནི་ལོངས་སྤྱོད་ལ་ཆགས་པ་དང་སེམས་ཅན་ལ་སྡང་བའི་སྒོ་ནས་བསླབ་པ་ མི་ཉམས་པས་ཡན་ལག་དྲུག་དང་ལྡན་པ་ལ་སོགས་པའི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་སྦྱོང་བའོ། །ཡང་དག་པའི་དྲན་པ་ནི་དམིགས་པ་མ་བརྗེད་པའི་སྒོ་ནས་སེམས་མཉམ་པར་བཞག་ན་བསམ་གཏན་བཞིའི་ཏིང་ངེ་འཛིན་གྱིས་བདེ་བར་་གནས་པ་ལ་སོགས་པ་འབྱུང་་བས་ལྷག་པའི་སེམས་སོ་ཞེས་པ་སེམས་ཀྱི་བསླབ་པ་རྣམ་པར་སྦྱོང་བའོ། །

༩༠) ཞི་གནས་ཀྱི་སེམས་གནས་ཐབས་དགུ་དོན་དང་བཅས་བྲིས? 

ཞུ་ལན།  མདོ་ལས་འབྱུང་བ་བཞིན་དུ་ཞི་གནས་ཀྱི་སེམས་གནས་ཐབས་དགུ་དོན་ནི། ༡  བསྡུས་ནས་ནང་ཏིང་ངེ་འཛིན་གྱི་དམིགས་པ་ཉིད་ལ་ཐོག་མར་རྣམ་གཡེང་སྤངས་ཏེ་ཉེ་བར་གཏོད་པས་སེམས་འཇོག་པ་དང་།  ༢ ཕྱི་རོལ་དུ་འགྲོ་བ་ལས་རགས་པ་དང་པོར་བཞག་པ་དེ་ཡུན་རིང་དུ་མངོན་པར་སྡུད་པས་རྒྱུན་དུ་འཇོག་པ་དང་།  ༣ བརྗེད་དེ་ཕྱི་རོལ་དུ་འཕྲོས་པར་ གྱུར་ན་སླར་ཡང་བཀུག་ནས་བླན་ཏེ་འཇོག་པ་དང་། ༤ སེམས་ཕྱི་རོལ་དུ་མི་འཕྲོ་བའི་ཆེད་དུ་དང་པོ་ཉིད་ནས་དྲན་པས་བཟུང་སྟེ་ཉེ་བར་འཇོག་པ་དང་།  ༥གཡེང་བའི་རྒྱུ་འདོད་ཡོན་ལ་ཉེས་དམིགས་སུ་ལྟ་བས་འཕྲོར་མི་འཇུག་པ་འདུལ་བར་བྱེད་པ་དང༌།  ༦རའཁྲུག་པའི་རྒྱུ་རྣམ་རྟོག་ལ་ཉེས་དམིགས་སུ་ལྟ་བས་འཕྲོར་མི་འཇུག་པ་ཞི་བར་བྱེད་པ་དང་།  ༧བརྗེད་ནས་རྣམ་རྟོག་ལ་སོགས་པ་མངོན་གྱུར་དུ་བྱུང་ཡང་དང་དུ་མི་ལེན་པ་རྣམ་པར་ཞི་བར་བྱེད་པ་དང་།   ༨སེམས་པས་མངོན་པར་འདུ་བྱེད་པ་དང་བཅས་ཏེ་བྱིང་རྒོད་ཀྱིས་སྐབས་མི་ཕྱེད་པར་རྩེ་གཅིག་བྱེད་པ་དང༌།  ༩ཤིན་ཏུ་གོམས་པས་འབད་མེད་ལྷུན་གྲུབ་ཏུ་སེམས་གནས་པ་མཉམ་པར་འཇོག་པའོ།།

༩༡) ལྷག་མཐོང་གི་ངོ་བོ་དང་ དབྱེ་བ་བཅས་བྲིས?

ཞུ་ལན།    ལྷག་མཐོང་གི་ངོ་བོ་ནི།  ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཡིན་ནོ།   དབྱེ་བ་ནི།   ཆོས་རྣམ་པར་འབྱེད་པ་དང་།  རབ་ཏུ་རྣམ་པར་འབྱེད་པ་དང་།  ཡོངས་སུ་རྣམ་པར་རྟོག་པ་དང་།  ཡོངས་སུ་དཔྱོད་པར་བྱེད་བཅས་བཞི་ལ་གཞག་པ་ཡིན་ལ།

ཀུན་ལས་བཏུས་པ་གཉིས་རྫོགས་སོ།།      །།།


  

༩༢) གསུང་རབ་ཡན་ལག་བཅུ་གཉིས་ངོས་བཟུང་ནས་ དེ་དག་སྡེ་སྣོད་གསུམ་དུ་འགྱུར་ཚུལ་བྲིས?

ཞུ་ལན།  གཞུང་ལས།  །མདོ་སྡེ་དབྱངས་ བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་ བརྗོད་དེ་ལྟ་བུ་བྱུང་དང༌། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་ཕབ་པའི་སྡེའི།། ཞེས་ཅེ་ན  གསུང་རབ་ཡན་ལག་བཅུ་གཉིས་ནི། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་ སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་ དང་༑ རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པའི རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་།  གཏན་ལ་དབབ་པར་བསྟན་པའ་སྡེའོ།

དེ་དག་སྡེ་སྣོད་གསུམ་དུ་འགྱུར་ཚུལ་ནི།

མདོའི་སྡེ་དང༌། དབྱངས་ཀྱིས བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ དང༌༑ ཆེད་དུ་བརྗོད་པའི་སྡེ་གང་ཡིན་པ་འདི་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་ དོ །། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཡིན་པ་འདི་ནི་ཁྱད་པར་གྱི་མཐུ་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བ་བསྟན་པས་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དོ།།  གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བཞི་སྟེ དང་༑ སྐྱེས་པའི་རབས་ཀྱི་སྡེ་འཁོར་དང་བཅས་པ་འདི་ནི་འདུལ་བའི་སྡེ་སྟོ་དོ།།   གཏན་ལདབབ་པར་བསྟན་པའི་སྡེ་ནི་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་གཉི་གའི་ཆོས་མངོན་པའི་སྡེ་སྣོད་དོ།།  དེ་དག་ལ་བྱེད་དོ།།   །།



༩༣) ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་སྡེ་སྣོད་གསུམ་དུ་རྣམ་པར་གཞག་པ་ཡིན་ནམ?

ཞུ་ལན། གཞུང་ལས།   ལྔ་ནི་ཉན་ཐོས་མདོ་སྡེ་བཞི། །འདུལ་དང་གཉིས་ནི་བྱང་སེམས་མདོ།། གཉིས་ཀའི་མངོན་པ་གཅིག་རིམ་བཞིན།། གཉེན་པོ་བསླབ་གསུམ་ཆོས་དོན་དང་།། འབེལ་བའི་གཏམ་གྱིས་སྡེ་སྣོད་གསུམ། ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་སྡེ་སྣོད་གསུམ་རྣམ་པ་གཞག་པ་ཡིན་ནམ་ཅེ་ན།   ཉེ་བའི་ཉོན་མོངས་པ་ཐེ་ཚོམ་མ་སྐྱེས་པ་མི་སྐྱེད་ཅིང་སྐྱེས་པ་རྒྱུན་གཅོད་པའི་ཚུལ་ གྱི་གཉེན་པོའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ།   ཉེ་བའི་ཉོན་མོངས་པ་འདོད་པ་བསོད་ཉམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་གཉིས་དང་ལྡན་པའི་གཉེན་པོའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ། ཆོས་ཀྱི་མཚན་ཉིད་རྒྱ་ཆེར་བསྟན་པས་རང་གི ལྟ་བ་མཆོག་ཏུ་འཛིན་པ་ཉེ་བའི་ཉོན་མོངས་པའི་གཉེན་པོའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ།། །ཡང་བསླབ་པ་གསུམ་བརྗོད་པས་གདུལ་བྱ་རྣམས་དེ་ལ་བྱང་བར་བྱ་བའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ །འདུལ་བ་ལ་བརྟེན་ནས་ལྷག་པའི་ཚུལ་ཁྲིམས་དང་དེ་ཡོངས་སུ་དག་པས་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ལྷག་པའི་སེམས་ཀྱི་བསླབ་པ་བསྒྲུབ་པའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་མངོན་པར་བསྒྲུབ་པའི་ཕྱིར་ཆོས་རབ་ཏུ་རྣམ་པར་འབྱེད་པ་རྒྱ་ཆེར་ཉེ་བར་བསྟན་པས་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ།།  ཞེས་སོ།།   



༩༤) སྡེ་སྣོད་གསུམ་གྱིས་བསྡུས་པའི་ཆོས་བཅུ་གཉིས་པོ་འདི་དག་བློ་གང་གི་སྤྱོད་ཡུལ་ཡིན་ནམ?

ཞུ་ལན།  གཞུང་ལས། དམིགས་རྣམ་གནས་མཚུངས་ལྡན་པ་ཡིས།། ཐོས་བསམ་བསྒོམ་ལས་བྱུང་བའི་སེམས། །སེམས་བྱུང་རྣམས་ཀྱི་སྤྱོད་ཡུལ་ཡིན།།  ཆོས་བཅུ་གཉིས་པོ་འདི་དག་བློ་གང་གི་སྤྱོད་ཡུལ་ཡིན་ཞེ་ན།  ཐོས་པ་ལས་བྱུང་ བ་དང་། བསམ་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་སྤྱོད་ཡུལ་ལོ། །དམིགས་པའོ་ཞེས་བྱ་བའི་ཐ་ཚིག་གོ།  སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་དམིགས་པ་དང་བཅས་པ་དང་།  རྣམ་པ་དང་བཅས་པ་དང་གནས་དང་བཅས་པ་དང༌། མཚུངས་པར་ལྡན་པ་ཞེས་ཀྱང་བྱའོ།། དེ་དག་ལ་གཞག་པས་སོ།།



༩༥) མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ རྣམ་ཐར་གསུམ་དུ་བསྡུ་ཚུལ་བྲིས?

ཞུ་ལན།  མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་རྣམ་ཐར་གསུམ་དུ་བསྡུ་ཚུལ་ནི།  སྟོང་པ་ཉིད་ཀྱི་རྣམ་པ་དུ་ཞེ་ན།  སྟོང་པ་ཉིད་དང་བདག་མེད་པའི་རྣམ་པ་གཉིས་སོ། །

སྨོན་པ་མེད་པའི་རྣམ་པ་དུ་ཞེ་ན།

ཁམས་གསུམ་པས་བསྡུས་ཤིང་ཡིད་སྨོན་པའི་གནས་མ་ཡིན་པ་མི་རྟག་སྡུག་བསྔལ་གཉིས་དང་རྒྱུ་ཀུན་འབྱུང་རྐྱེན་རབ་སྐྱེ་བཞི་སྟེ་དྲུག་གོ །

མཚན་མ་མེད་པའི་རྣམ་པ་དུ་ཞེ་ན།

འགོག་ལམ་ལ་མཚན་མར་བྱེད་མི་ནུས་པས་འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞི་དང་ལམ་རིགས་པ་སྒྲུབ་པ་ངེས་འབྱིན་བཞི་སྟེ་བརྒྱད་དོ། །ཞེས་སོ།།



༩༦) རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་ གནས་དང་གནས་མ་ཡིན་པ་ལ་མཁས་པ་ལ་ཐ་དད་དུ་འཇོག་པའི་ཁྱད་པར་གང་ཡིན་ནམ?

ཞུ་ལན།  དེ་རྣམས་ཁྱད་པར་གང་ཡིན་ནམ་ཞེ་ན།  མ་རིག་པ་ལ་སོགས་པའི་ཆོས་རྣམས་ལས་འདུ་བྱེད་ལ་སོགས་པའི་ཆོས་རྣམས་མངོན་པར་འབྱུང་བའི་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་ལ་སོགས་པའི་མི་མཐུན་པའི་རྒྱུ་ཡོངས་སུ་སྤངས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའོ།།   ཆོས་ཙམ་གྱི་རྒྱུ་ལས་བྱུང་བ་ཡིན་དུ་ཟིན་ཀྱང་ལེགས་པར་སྤྱད་པས་བདེ་བ་དང་ཉེས་པར་སྤྱད་པས་སྡུག་བསྔལ་འབྱུང་བ་རྒྱུ་དང་མཐུན་པར་འབྲས་བུ་འབྱུང་བ་ཡོངས་སུ་གཟུང་བའི་ཕྱིར་གནས་དང་གནས་མ་ཡིན་པ་ལ་མཁས་པའོ།།  



༩༧) ཆོས་ལ་རྣམ་པར་དཔྱོད་པའི་རིགས་པ་བཞི་ངོས་ཟུངས?

ཞུ་ལན།  གཞུང་ལས།  །བལྟོས་དང་བྱ་བྱེད་གཏན་ཚིགས་བསྒྲུབ། །ཆོས་ཉིད་རིགས་པས་དཔྱོད་དེ་ལ།། གསུང་ཤེ་ན་དཔྱོད་པའི་རིཊ་པ་བཞི་ནི།  ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ་དང་། གཏན་ཚིགས་བསྒྲུབ་པའི་རིགས་པ་དང༌། ཆོས་ཉིད་ཀྱི་རིགས་པའོ།  ཞེས་པ་ལྟར་རོ།།  



༩༨) སྒོམ་བྱུང་གི་ས་ལྔ་གོ་དོན་དང་བཅས་ངོས་ཟུངས?

ཞུ་ལན།  གཞུང་ལས།  གཞི་སྐྱེ་མེ་ལོང་ལྟར་སྣང་གནས།།  ཞེས་པ་ལྟར།  སྒོམ་བྱུང་གི་ས་ལྔ་ནི།  གཞི་དང༌། སྐྱེད་པ་དང༌། མེ་ལོང་ལྟ་བུ་ དང༌། སྣང་བ་དང༌། གནས་སོ། །དེ་དག་གི་གོ་དོན་ནི།  གཞིའི་གོ་དོན།ལལ ཚོགས་བསགས་པའི་དེན་པ་ལས་བརྩམས་ཏེ་མང་དུ་ཐོས་པ་ནི་ཞི་གནས་དང་ལྷག་མཐོང་གི་གནས་སུ་གྱུར་པ་ཉིད་དོ།  སྐྱེད་པའི་གོ་དོན། མང་དུ་ཐོས་པ་དེ་ལ་དམིགས་པ་ཕྱིན་ཅི་མ་ལོག་པར་ཚུལ་བཞིན་ཡིད་ལ་བྱེད་དེ་སེམས་འཛིན་པའོ།   མེ་ལོང་ལྟ་བུའི་གོ་དོན།  མང་དུ་ཐོས་པ་དེ་ལ་མིགས་པའི་ཏིང་ངེ་འཛིན་མཚན་མ་དང་བཅས་པ་སྟེཤེས་བྱའི་གཟུགས་བརྙན་ལ་ཡོངས་སུ་རྟོག་པར་ལྟའོ།  སྣང་བའི་གོ་དོན།  གཟུང་བ་དང་འཛིན་པ་མི་དམིགས་པར་མངོན་སུམ་དུ་ཤེས་པའོ།། གནས་ཀྱི་གོ་དོན།

གནས་ངན་ལེན་དང་བྲལ་བའི་གནས་ཡོངས་སུ་བྱེད་ནས་གྱུར་པའོ་།།    ཞེས་སོ།  

༩༩) ཕར་ཕྱིན་དྲུག་གི་རྣམ་གཞག་བྲིས?

ཞུ་ལན།  ཕར་ཕྱིན་དྲུག་གི་རྣམ་གཞག་ནི།  དང་པོ་དྲུག་སྦྱིན་པའི་ཕར་ཕྱིན་དང་།  ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་།  བཟོད་པའི་ཕར་ཕྱིན་དང་།  བརྩོན་གྲུས་ཀྱི་ཕར་ཕྱིན་དང་།  བསམ་གཏན་གྱི་ཕར་ཕྱིན་དང་། ཤེས་རབ་ཀྱི་ཕར་ཕྱིན་བཅས་དྲུག་གོ།།  དང་པོ་སྦྱིན་པ་ལ་དབྱེ་ན་ཟང་ཟིང་ནོར་གྱི་སྦྱིན་པ་དམ་པའི་ཆོས་ཀྱི་སྦྱིན་པ་མི་འཇིགས་སྐྱབས་ཀྱི་སྦྱིན་བཅས་གསུམ་ལ་བཞག་པ་བཞིན་ལྷག་མ་དེ་རྣམས་ལ་གསུམ་གསུམ་གྱི་སྒོ་ནས་གནས་སོ།།    གཉིས་པ་སྦྱིན་པའི་ཕར་ལ་ཡང་གཞན་རྣམས་ཚུལ་ཁྲིམས་ལ་སོགས་པ་ལྡན་པ་དང་ལྡན་ཡང་གཙོ་བོ་ཤུགས་ལ་རྟེན་ནས་སྦྱིན་པ་ལ་གཞག་པའི་ལྷག་མ་དེ་བཞིན་ནོ།།  ཞེས་སོ།། 



༡༠༠) ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་རྒྱ་ཆེ་བ་དང་ཟབ་པར་བསྟན་པ་དང་། དེ་ལ་སེམས་ཅན་ཁ་ཅིག་མི་མོས་པའི་རྒྱུ་མཚན་ཡང་བྲིས?

ཞུ་ལན།  ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་རྒྱ་ཆེ་བ་བསྟན་ཞེ་ན།

དེའི་དོན་ཉམས་སུ་བླངས་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ན་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ཀྱིས་ འབྲས་བུ་གཟུགས་ཀྱི་སྐུ་ཕྲིན་ལས་དང་བཅས་པ་རྒྱ་ཆེ་བ་དང༌།   ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཀྱིས་འབྲས་བུ་ཆོས་ཀྱི་སྐུ་ཟབ་ཅིང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་ཐོབ་པའི་ཕྱིར་ཏེ། རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པ་བསྟན་པའི་ཕྱིར་རོ། །           སེམས་ཅན་ཁ་ཅིག་མོས་ཀྱང་དེས་འཁོར་བ་ལས་ངེས་པར་འབྱུང་བར་མི་འགྱུར་ཞེ་ན། ངེས་པའི་དོན་གྱི་མདོ་སྡེ་མ་རྟོགས་པས་བདག་ཉིད་ལྟབ་མཆོག་ཏུ་འཛིན་པ་ལ་གནས་པ་དང་། དགོངས་པ་སྣ་ཚོགས་ཀྱིས་གསུངས་པའི་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ། བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་རྣམ་པར་འབྱེད་པ་ལ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་འདུག་ལ།།



༡༠༡) ཐེག་པ་ཆེན་པོའི་ཆོས་ལ་བདུག་པ་སོགས་ཀྱིས་མཆོད་པར་འོས་པ་དང་ ཉན་ཐོས་ཀྱི་ཆོས་ལ་དེ་ལྟར་མིན་པ་གསུངས་པའི་རྒྱུ་མཚན་ཞོག?

ཞུ་ལན།  ཐེག་པ་ཆེན་པོའི་ཆོས་ལ་བདུག་པ་བསྲེགས་སྤོས་དང་ཕྱེ་མའི་ཕུར་མ་དང་མེ་ཏོག་དང་། མར་མེ་དང་གདུགས་དང་རྒྱལ་མཚན་ལ་སོགས་པས་མཆོད་པར་འོས་པར་མདོ་མང་པོར་གསུངས་ཀྱི།     ཉན་ཐོས་ཀྱི་ཆོས་ལ་ནི་དེ་ལྟར་མིན་པ་གསུངས་པའི་རྒྱུ་མཚན་ནི། ཐེག་དམན་ནི་གཞན་ལ་ཕན་བདེའི་གནས་མ་ཡིན་ལ།   ཐེག་ཆེན་ནི་སེམས་ཅན་ཐམས་ཅད་ཀྱི་གཏན་དུ་ཕན་པ་དང་། འཕྲལ་དུ་བདེ་བའི་གནས་ས་གཞིར་གྱུར་པ་ཡིན་ཞིང་། ཁྱད་པར་བགཞན་ལ་ཕན་འདོགས་པ་དང་མྱ་ངན་ལས་འདས་པ་ཐོབ་པའི་གནས་ཡིན་པའི་ཕྱིར་རོ།།    །།

ཀུན་ལས་བཏུས་གསུམ་པ་རྫོགས་སོ།།     །།།



༡༠༢) ཐོབ་པ་རྣམ་ངེས་འཆད་པའི་སྐབས་ཐོབ་པ་པོ་གང་ཟག་སྡེ་ཚན་བདུན་དུ་དབྱེ་ནས་ ནང་གསེས་དྲུག་ཅུར་དབྱེ་ཚུལ་སྤྱི་སྡོམ་གྱི་ཚུལ་དུ་བྲིས?

ཞུ་ལན།  སྡེ་ཚན་བདུན་ནི།  སྤྱོད་པས་རབ་ཏུ་དབྱེ་བ་དང་།  ངེས་པར་འབྱུང་བས་རབ་ཏུ་དབྱེ་བ་དང་།  ཉེ་བར་བརྟན་པས་རབ་ཏུ་དབྱེ་བ་དང༌། སྦྱོར་བས་རབ་ཏུ་དབྱེ་བ་ དང་༑ འབྲས་བུས་རབ་ཏུ་དབྱེ་བ་དང་། ཁམས་ཀྱིས་རབ་ཏུ་དབྱེ་བ་དང་། སྤྱད་པས་རབ་ཏུ་དབྱེ་བས་ཀྱང་གང་ཟག་རྣམ་པར་གཞག་པར་བལྟའོ།།  

ནང་གསེས་དྲུག་ཅུར་དབྱེ་ཚུལ་སྤྱི་སྡོམ་གྱི་ཚུལ་ནི།   དང་པོ་སྤྱོད་པས་རབ་ཏུ་དབྱེ་བ་བདུན་དང་།  གཉིས་པ་ངེ་པར་འབྱེང་བས་རབ་ཏུ་དབྱེ་བ་གསུམ་དང་།  གསུམ་པ་ཉེ་བར་བརྟན་པས་རབ་ཏུ་དབྱེ་བ་གསུམ་དང་། བཞི་པ་སྦྱོར་བས་རབ་ཏུ་དབྱེ་བ་གཉིས་དང་། ལྔ་པ་འབྲས་བུས་རབ་ཏུ་དབྱེ་བ་ཉི་ཤུ་རྩ་བདུན་དང་།  དྲུག་པ་ཁམས་ཀྱིས་རབ་ཏུ་དབྱེ་བབཅུ་གསུམ་དང་།  བདུན་པ་སྤྱད་པས་རབ་ཏུ་དབྱེ་བ་ལྔ་བཅས་སྡོམ་དྲུག་ཅུ་མཐའ་མ་ལ་གནས་སོ།།  


བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,12,དྲིས་ལན་སྣ་ཚོགས།,8,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,9,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,7,མཛོད་ཀྱི་དཔེ་ཁྲིད།,84,ཤེར་ཕྱིན་གྱི་དཔེ་ཁྲིད།,2,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: དམ་པའི་ཆོས་མངོན་པ་ཀུན་བཏུས་ཀྱི་དྲི་བ་དྲིས་ལན་བཞུགས་སོ།།
དམ་པའི་ཆོས་མངོན་པ་ཀུན་བཏུས་ཀྱི་དྲི་བ་དྲིས་ལན་བཞུགས་སོ།།
དམ་པའི་ཆོས་མངོན་པ་ཀུན་བཏུས་ཀྱི་དྲི་བ་དྲིས་ལན་བཞུགས་སོ།།
https://lh3.googleusercontent.com/xkE3VSyEqRcGJtWlBfVcHI8bIJT6DeqJA3AAp01wvKw8HbshcAmo5noXAq1HP7PHJlvc8vrtKbxYPo84C_S3S7XLrllM0mVQzm6PresSoa2-luUiCwnEAiLTx-bD9XIRvKnagDlvWRTHzXiDF43WHeGVCMpbgy1-tdl74pAuXdlrX-f0eZgQgEAfNAf_
https://lh3.googleusercontent.com/xkE3VSyEqRcGJtWlBfVcHI8bIJT6DeqJA3AAp01wvKw8HbshcAmo5noXAq1HP7PHJlvc8vrtKbxYPo84C_S3S7XLrllM0mVQzm6PresSoa2-luUiCwnEAiLTx-bD9XIRvKnagDlvWRTHzXiDF43WHeGVCMpbgy1-tdl74pAuXdlrX-f0eZgQgEAfNAf_=s72-c
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2022/12/blog-post_8.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2022/12/blog-post_8.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content