སྐྱེས་བུ་གསུམ་ལས་དང་པོ་ཆོས་ཆོས་སུ་འགྲོ་བའམ་སྐྱེས་བུ་ཆུང་ངུའི་ལམ་ཉིན་མོར་བྱེད་པའི་དྲི་བ་དྲིས་ལན། ༡༽སྐྱེས་བུ་གསུམ་གྱི་ལམ་ཉིན་མོར་བྱེད་པ་ཞེ...
སྐྱེས་བུ་གསུམ་ལས་དང་པོ་ཆོས་ཆོས་སུ་འགྲོ་བའམ་སྐྱེས་བུ་ཆུང་ངུའི་ལམ་ཉིན་མོར་བྱེད་པའི་དྲི་བ་དྲིས་ལན།
༡༽སྐྱེས་བུ་གསུམ་གྱི་ལམ་ཉིན་མོར་བྱེད་པ་ཞེས་པའི་འགྲེལ་པ་ཞུ?
ལན=ཀུན་མཁྱེན་པད་དཀར་གྱིས་རང་ཉིད་ཀྱི་སྐུ་གོང་མ་ཆོས་རྗེ་དྭགས་པོ་རིན་པོ་ཆེས་མཛད་པའི་དྭགས་པོའི་ཆོས་བཞི་ཞེས་ཐར་པའི་གླིང་དུ་བགྲོད་པའི་ལམ་ལ་ཞུགས་པའི་གང་ཟག་གི་དབང་པོ་རྣོ་བརྟུལ་གྱི་ཁྱད་པར་ལས་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་སྤང་བླངས་སམ་ལྟ་སྒོམ་སྤྱོད་པ་འབྲས་བུ་དང་བཅས་པའི་ལམ་གྱི་རིམ་པ་དེ་འགྲེལ་པས་ཁ་སྐོང་ཞིང་ཚང་ལ་མ་ནོར་བར་གསལ་བ་སྟེ། དཔེར་ན་ནམ་མཁའ་ལ་ཉི་མ་ཚེས་པ་ན་མུན་པ་ཐམས་ཅད་ནུབ་ནས་ཉིན་མོར་བྱེད་པ་ཇི་་བཞིན་དེའི་ལམ་གྱི་རིམ་པ་ཡང་འདི་ནང་གསལ་ཞིང་སྣང་བར་བྱེད་པའོ་ཞེས་པའི་དོན་ནོ།།
༢༽སྡོམ་དང་དམ་ཚིག་གུས་སེམས་མི་ཉམས་ཤིང་།། ཞེས་སོགས་ཚིག་རྐང་བཞིའི་བསྟན་དོན་བྲིས?
ལན=དེ་ཡང་སྡོམ་པ་གསུམ་ལ་གནས་པ་དང་། བར་དུ་དམ་ཚིག་གི་སེལ་མེད་པ། སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མ་གུས་པ་ཕུན་སུམ་ཚོགས་པ་སྟེ་ལུང་རྒྱ་ཆེའི་སྤྱོད་པའི་ལུགས་དང་རྟོགས་པ་ཟབ་མོ་ལྟ་བའི་ཕྱོགས་དང་། བྱིན་རླབས་ཀྱིས་ཉམས་ལེན་བྱིན་རླབས་ཏེ་བརྒྱུད་པ་གསུམ་དང་ལྡན་པའི་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ལས་བརྒྱུད་པའི་བཀའ་གདམས་ངག་ཏུ་སྨྲ་བའི་བཀའ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པར་རྐང་གི་ཁོང་དང་སྙིང་གི་དཀྱིལ་ནས་མཆོད་པར་བརྗོད་པ་ཡིན་ནོ།
༣༽དགོས་སོགས་ཆོས་བཞི་བསྟན་པའི་རྩ་ཚིག་བཀོད་ནས་ དགོས་སོགས་ཆོས་བཞི་པོ་མ་ནོར་བ་བྲིས?
ལན=རྩ་ཚིག་ནི། ཐེག་པ་ཐམས་ཅད་བརྗོད་བྱར་བྱེད་པ་ཡི།།
སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདི།།
དུས་གསུམ་འཕགས་པ་རྣམས་ཀྱི་གཞུང་ལམ་སྟེ།།
ཞེས་གནས་སྐབས་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པ་བསྟན་པ་ནི་བརྗོད་བྱ་དང་། དེ་ལ་བརྟེན་ནས་གདུལ་བྱའི་མོས་པ་དང་བསྟུན་ནས་རང་རང་གི་ཐེག་པ་ཐོབ་པ་ནི་དགོས་པ་དང་། མཐར་ཐུག་ཐེག་ཆེན་དུ་འབབ་ཅིང་མྱ་ངན་མེད་པའི་གོང་འཕང་ལ་གཞོལ་བ་ནི་ཉིང་དགོས་དང་། སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རྣམས་འབྱུང་བ་ནི་འབྲེལ་བའོ།།
༤༽བསྡུས་དོན་བསྟན་པའི་རྩ་བ་བྲིས?
ལན=གཞུང་ལས། ཆོས་བཞི་རྒྱས་བཤད་དེ་དག་རེ་རེའང་།།
ལྟ་སྒོམ་སྤྱོད་པ་གསུམ་གྱིས་ཉམས་སུ་བླང་།། ཞེས་བསྡུས་དོན་བསྟན་པའོ།
༥༽བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས་གསུངས་པའི་ ཡོངས་སུ་སྨིན་པར་བྱ་བའི་གང་ཟག་རྣམ་པ་བཞི་ངོས་ཟུངས་ནས་ཡོངས་སུ་སྨིན་པའི་དཔེ་དང་དོན་ཇི་ལྟར་གསུངས་འདུག?
ལན=བློ་གྲོས་མི་ཟད་པའི་མདོ་འགྲེས་ལས། ཡོངས་སུ་སྨིན་པར་བྱ་བའི་གང་ཟག་ནི་རྣམ་པ་བཞི་སྟེ། ཉན་ཐོས་ཀྱི་རིགས་ཅན་དང་། རང་རྒྱལ་གྱི་རིགས་ཅན་དང་། སངས་རྒྱས་ཀྱི་རིགས་ཅན་དང་། རིགས་མེད་པའི་གང་ཟག་གོ། ཡོངས་སུ་སྨིན་པའི་རང་བཞིན་ནི་དཔེར་ན་འབྲས་སྨིན་པར་གྱུར་ན་བརྡོལ་བ་འོས་པ་དང་། འབྲས་བུ་སྨིན་ནས་ནང་ཀུན་ཏུ་ཟ་བར་འོས་པའི་དུས་ན་ཡོངས་སུ་སྨིན་པ་ཞེས་བྱ་བ་དེ་བཞིན་དུ། དགེ་བའི་ཆོས་རྣམས་ཀྱི་ས་བོན་ཡང་ནས་ཡང་དུ་བརྟེན་པ་དང་ལྡན་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་ནུས་པ་དང་། རྗེས་སུ་མཐུན་པའི་ལུས་དང་སེམས་ལས་སུ་རུང་བ་རྙེད་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བའི་མཐུ་དང་ལྡན་པ་ནི་ཡོངས་སུ་སྨིན་པའི་རང་བཞིན་ཞེས་གསུངས་སོ།།
༦༽ཡོངས་སུ་སྨིན་པ་ལ་དབྱེ་ན་ག་ཚོད་ཡོད་ངོས་བཟུང་ནས་རེ་རེ་བཞིན་གྱི་ངོ་སྤྲོད་ཞུ?
ལན=ཡོངས་སུ་སྨིན་པ་ལ་དབྱེ་ན་གསུམ་ཡོད་དེ། དབང་པོ་ཡོངས་སུ་སྨིན་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང་། ཤེས་པ་ཡོངས་སུ་སྨིན་པའོ།། དེ་ལ་དབང་པོ་ཡོངས་སུ་སྨིན་པ་ནི་། ཚེ་དང་མདོག་དང་རིགས་དང་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། ཚིག་བཙུན་པ་དང་། དབང་ཆེ་བར་གྲགས་པ་དང་། མིར་གྱུར་པ་དང་རིག་པའི་གནས་རྣམས་ལ་མཁས་པའོ།། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ནི། གང་རང་བཞིན་གྱིས་ཉོན་མོངས་པ་ཤས་ཆུང་བས་ན། རང་བཞིན་གྱིས་སྡིག་པ་མི་དགེ་བའི་ཆོས་ལ་སེམས་མི་འཇུག་ཅིང་། སྒྲིབ་པ་ཆུང་བ་དང་། རྟོག་པ་ཉུང་བ་དང་། དྲང་ཞིང་མཐུན་པར་འཛིན་པ་ཡིན་ནོ།། ཤེས་པ་ཡོངས་སུ་སྨིན་པ་ནི། དྲན་པ་དང་ལྡན་པ། ཡིད་གཞུངས་པ་དང་ལྡན་པ། ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་ཤིང་ལྷན་ཅིག་སྐྱེས་པའི་ཤེས་རབ་ཀྱིས་རང་གི་སེམས་ལ་ཡོད་པའི་ཉོན་མོངས་པ་སེལ་བའི་མཐུ་དང་ལྡན་པའོ། །
༧༽ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཇི་ལྟར་ཡིན་ནམ?
ལན=ཡོངས་སུ་སྨིན་པར་བྱེད་ཚུལ་ནི། ཐེག་པ་གསུམ་གྱི་རིགས་ཅན་གྱི་གང་ཟག་རྣམས་སོ་སོའི་ཐེག་པའི་ཆོས་རྣམས་དང་པོ་ཉན་པ་དང་། དེ་ནས་བསམ་པ་དང་། སྒོམ་པ་ལ་སོགས་པའི་རིམ་པས་ཁད་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤོང་དུ་བཙུད་དེ་རང་རང་གི་འབྲས་བུ་ལ་འགོད་པའོ།།
༨༽འདིར་གང་ཟག་བཞིར་བཤད་པས་སྐྱེས་བུ་བཞིའི་ལམ་དུ་སོང་བ་མ་ཡིན་ནམ་སྙམ་པའི་དོགས་སེལ་ཇི་ལྟར་གསུངས་འདུག?
ལན=རང་རྒྱལ་གྱི་རིགས་ནི། ཕར་ཕྱིན་ལས། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་རང་སངས་རྒྱས་ཀྱང་སྟེ་ཞེས་འབྱུང་བས་དེ་གཉིས་ཀ་རང་ཉིད་ཞི་བའི་དབྱིངས་སུ་མྱ་ངན་ལས་འདའ་བར་འདོད་པ་མཚུངས་པས་གཅིག་ཏུ་མཛད་པས་གང་ཟག་བཞིར་བཤད་ཀྱང་སྐྱེས་བུ་བཞིའི་ལམ་དུ་སོང་བ་མ་ཡིན་སྙམ་མོ།།
༩༽དྭགས་པོའི་ཆོས་བཞི་ཞེས་པ་གང་དང་གང་ཡིན་རེ་རེ་བཞིན་བྲིས་ནས་སྤྱིར་ཆོས་ཀྱི་སྒྲའི་དོན་ཡང་བྲིས?
ལན=དྭགས་པོའི་ཆོས་བཞི་ཞེས་པ་གང་ཡིན་ཞེ་ན། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བའོ།། སྤྱིར་ཆོས་ཀྱི་སྒྲའི་དོན་ནི། རང་གི་མཚན་ཉིད་འཛིན་པ་ལ་བྱ་བ་ཡིན་ལ། འདིར་ནང་ཚན། འཇིག་རྟེན་གྱི་ལུགས་བཟང་པོ་སྟེ། དེ་སྤྱོད་པ་ལ་ཆོས་ལ་སྤྱོད་པ་དང་། ལུགས་ངན་པ་ལ་སྤྱོད་པ་ལ་ཆོས་མིན་ལ་སྤྱོད་པར་གྲགས་པས་སོ། །
༡༠༽ཆོས་ཆོས་སུ་འགྲོ་བའི་ཆོས་དང་ཆོས་ལམ་དུ་འགྲོ་བ་ཞེས་པའི་ཆོས་གཉིས་སོ་སོར་ངོས་ཟུངས?
ལན=དང་པོ་ཆོས་ཆོས་སུ་འགྲོ་བའི་ཆོས་ནི། དེ་སྤྱད་པས་ཐར་པའི་སྣོད་དུ་རུང་བར་འགྱུར་པ་ལ་བྱ་སྟེ། ཤེས་རབ་བརྒྱ་པར། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག ། ཞེས་དང་།
གཉིས་པ་ཆོས་ལམ་དུ་འགྲོ་བའི་ཆོས་ནི། ཉན་རང་གི་ཉམས་ལེན། དེ་དག་ཀུན་འབྱུང་གི་གཉེན་པོར་འགྱུར་བས་ཏེ། དེ་བསྒོམས་པས་སྡུག་བསྔལ་སྤངས་ནས་མྱ་ངན་ལས་འདས་པར་འགྱུར་བའི་ཕྱིར་རོ། །
༡༡༽ཉན་རང་གི་ལམ་ནི་ལམ་ཡིན་ཀྱང་འཁྲུལ་པ་སེལ་བ་མ་ཡིན་པའི་རྒྱུ་མཚན་ཅི?
ལན=ཉན་རང་གི་ལམ་གྱིས་ནི་ཉོན་མོངས་པའི་སྒྲིབ་པའམ་ཉོན་མོངས་པ་ཅན་གྱི་མུན་པ་འཇོམ་གྱི། ཤེས་བྱའི་སྒྲིབ་པའམ་ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་སྤོང་མི་ནུས་པས་དེ་དག་ལམ་ཡིན་ཀྱང་འཁྲུལ་པ་སེལ་བ་མ་ཡིན་ནོ། །དེའི་ཕྱིར་ཉན་ཐོས་སམ་རང་སངས་རྒྱས་སུ་བྱང་ཆུབ་པ་དེ་ཡང་རེ་ཞིག་ངལ་གསོ་བ་ཙམ་ཡིན་གྱི། མཐར་ཐེག་ཆེན་གྱི་ཉམས་ལེན་ལ་ངེས་པར་འཇུག་དགོས་སོ།། མཇོད་འགྲེལ་ལས། ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱི། །གཏན་ནས་ནི་མ་ཡིན་ནོ་སོགས་ཀྱིས་སོ། །
༡༢༽ལམ་འཁྲུལ་པ་སེལ་བ་ཞེས་པའི་ལམ་ངོས་འཛིན?
ལན=ལམ་འཁྲུལ་པ་སེལ་བ་ཞེས་པའི་ལམ་ནི་སྤྱིར་ཐེག་ཆེན། དེར་རྒྱུ་འབྲས་གཉིས་སུ་ཡོད་པའི་རྒྱུའི་ཐེག་པའི་ཉམས་ལེན་ནོ། །
༡༣༽སྐྱེས་བུ་ཆེན་པོའི་ལམ་ལ་རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ་གཉིས་གསུངས་ན་དེ་གཉིས་ཀྱི་ཁྱད་པར་བྲིས?
ལན=འཁྲུལ་པ་དང་མ་འཁྲུལ་པ་གཉིས་སུ་ཕྱེ་ནས་མ་འཁྲུལ་བ་གཉེན་པོ། དེས་འཁྲུལ་པ་ཐམས་ཅད་འཇོམས་པར་འདོད་ལ། དེ་ཡང་འཁྲུལ་པའི་དུས་ན་མ་འཁྲུལ་བ་དངོས་སུ་མ་བྱུང་ལ་མ་འཁྲུལ་བའི་དུས་འཁྲུལ་བ་དངོས་སུ་མེད། དེ་ལ་དེས་དེ་བཅོམ་ཞེས་བཞག་པས་རྒྱུ་ལམ་དུ་བྱེད་པའམ་སྤང་བྱ་སྤོང་བའི་ལམ་ཟེར་རྒྱུ་མཚན་ཉིད་ཐེག་པ་མདོའི་ལུགས་དང་། ཕྱི་མས་ནི་འཁྲུལ་བ་བདོ་ཙ་ན་དེ་རང་བཞིན་ཤེས་ནས་འཁྲུལ་མེད་དུ་གཏན་ལ་ཕེབ་པས་ཡེ་ཤེས་སུ་ཤར་བ་སྟེ། དེས་འདི་ལ་འཁྲུལ་བ་སྤང་རྒྱུ་མེད། གཉེན་པོ་ལོགས་སུ་རྟེན་རྒྱུ་མེད་པས་རང་བཞིན་ཡོངས་ཤེས་ཀྱི་ཐ་སྙད་བྱས། རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་པའི་ཕྱིར་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པའོ།།
༡༤༽སྲོག་གཅོད་ལ་སོགས་པ་ཐེག་པར་མི་རུང་བའི་རྒྱུ་མཚན་གང་ཡིན་ནམ?
ལན=ཐེག་པའི་དོན་ནི། རྒྱུས་བདེ་བ་སྐྱེད་པར་བྱེད་པ་དང་། འབྲས་བུའི་ཚེ་འཕགས་པའི་བདེན་པ་རྟོགས་པའི་སྣོད་དུ་རུང་བར་བྱེད་པ་གང་ཞིག །སྲོག་གཅོད་པ་ལ་སོགས་བཅུས་ངན་
འགྲོར་འཕེན་པར་བྱེད་པའི་ཕྱིར་སྲོག་གཅོད་ལ་སོགས་པ་ཐེག་པར་མི་རུང་བ་ཡིན་ནོ། །
༡༥༽ཅིའི་ཕྱིར་ཆོས་བཞི་པོ་རེ་རེའང་ལྟ་སྒོམ་སྤྱོད་པའི་ལམ་སྲང་དུ་ཧྲིལ་གྱིས་བཅུག་ནས་ཉམས་སུ་ལེན་དགོས་པ་ཡིན་ནམ?
ལན=དེ་ལྟར་དགོས་པའི་རྒྱུ་མཚན་ཡང་། དཔེར་ན་ལྟ་བ་མིག་རྒྱང་དང་འདྲ་བ་ཡིན། སྒོམ་པ་གོམ་པ་དོར་བ་དང་འདྲ་བ་ཡིན། སྤྱོད་པ་སྐྱེལ་མ་དང་འདྲ་བ་ཡིན། འབྲས་བུ་འདོད་སར་སོན་པ་དང་འདྲ་བ་ཡིན་པས། ལྟ་བ་རྣམ་པར་དག་པ་ཞིག་བྱུང་ན་སྒོམ་པ་གོལ་འགྲིབ་ཀྱི་མཐར་ལྷུང་མི་སྲིད། སྒོམ་པ་རྣམ་པར་དག་པ་ཅིག་བྱུང་ན་སྤྱོད་པ་དེའི་རྗེས་སུ་འགྲོ་ངེས་པ་ཡིན་པས་རྣམ་པར་དག་པ་ཅིག་ཀ་འོང་བ་ཡིན། དེ་བྱུང་ན་རྒྱུ་ཚོགས་གྲངས་ཚང་བས་འབྲས་བུ་གང་བསྒྲུབས་བར་ཆད་མེད་པར་འབྱུང་ངེས་པ་ཡིན་ནོ། དེ་ལྟ་བུའི་ལམ་འདི་ཡང་བཅོམ་ལྡན་འདས་བྱམས་པའི་སྔོན་གྱི་སྨོན་ལམ་ལས། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ།།
༡༦༽འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་པ་ཇི་ལྟ་བུ་ལ་ཟེར་བ་ཡིན?
ལན=གཞུང་ལས། ཡང་དག་ལྟ་བ་་་་་་་་་་་་་།། ཞེས་པས། དེ་ཡང་ལས་དང་ལས་ཀྱི་འབྲས་བུ་དང་དཀོན་མཆོག་དང་བདེན་པ་ལ་སོགས་ལ་ཡོད་པར་ལྟ་བ་སྟེ། ལོག་པར་ལྟ་བ་ལས་ཟློག་པའི་ཕྱིར་ཡང་དག་པ་དང་། དེ་ཡང་ཚུ་རོལ་མཐོང་བ་དག་གིས་ཡིན་པས་འཇིག་རྟེན་པ་སྟེ། དེའི་ཕྱིར་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱའོ། །
༡༧༽སློབ་དཔོན་རྟ་དབྱངས་ཀྱིས་ལོག་པར་ལྟ་བ་ཞེས་པ་གང་ཡིན་པར་གསུངས་འདུག?
ལན=སློབ་དཔོན་རྟ་དབྱངས་ཀྱིས། སྦྱིན་མེད་མཆོད་སྦྱིན་ཡོད་མིན་དང་། །འཇིག་རྟེན་ཕ་རོལ་ཡོད་མིན་ཞིང་། །དགེ་སྦྱོར་བྲམ་ཟེ་ལྷ་རྣམས་མེད། །རྫོགས་པའི་སངས་རྒྱས་དགྲ་བཅོམ་དང་། རང་སངས་རྒྱས་དང་ལེགས་སྤྱད་དང་། །ཉེས་པར་སྤྱད་པ་ཡོད་མིན་ཞེས། །བྱ་བ་ལོག་པར་རྟོག་པ་ཡིན། ཞེས་སོ། །
༡༨༽ལས་འབྲས་སྒོམ་ཞེས་པའི་སྐབས་ནས་བསྟན་པའི་ལས་ནི་གང་ དེ་བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས་གསུངས་པ་ལྟར་བྲིས?
ལན=ལས་ནི་བསོད་ནམས་མ་ཡིན་པར་འགྲོ་བའི་འདུ་བྱེད་དང་། བསོད་ནམས་སུ་ཉེ་བར་འགྲོ་བའི། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་ཏེ། བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། དེ་ལ་སྡིག་པའི་ལས་བྱེད་པ་ལ་མངོན་པར་ཆགས་པ་ཚེ་རབས་གཞན་དུ་ལས་ཀྱི་འབྲས་བུ་གཏི་མུག་པས་མེད་པར་ལྟ་བ་རྣམས་ནི་བསོད་ནམས་མ་ཡིན་པའི་ལས་མངོན་པར་འདུ་བྱེད་དོ། མ་རིག་པས་རྨོངས་པར་གྱུར་པ་སྲིད་པ་དང་སྲིད་པའི་ལོངས་སྤྱོད་ལ་ཡོན་ཏན་དུ་ལྟ་ཞིང་བདེ་བར་འདུ་ཤེས་པ་རྣམས་ནི་བསོད་ནམས་ཀྱི་ལས་མངོན་པར་འདུ་བྱེད་དོ། །མ་རིག་པའི་རྐྱེན་གྱིས་སྙོམས་པར་འཇུག་པའི་རོ་ལ་ཆགས་པར་ལྟ་བས་སྲིད་པ་དང་ལྟ་བ་དང་། ང་རྒྱལ་ཤས་ཆེ་བའི་བསམ་གཏན་རྣམས་ནི་མི་གཡོ་བའི་ལས་མངོན་པར་འདུ་བྱེད་པ་ཞེས་སོ།།
༡༩༽བསོད་ནམས་མ་ཡིན་པའི་ལས་དང་བསོད་ནམས་ཀྱི་ལས་མི་གཡོ་བ་གསུམ་གྱི་ལས་ཀྱི་འབྲས་བུ་སོ་སོར་ངོས་ཟུངས?
ལན=འབྲས་བུ་ནི། བསོད་ནམས་མ་ཡིན་པའི་ལས་ཀྱི་ལམ་གྱིས་འདོད་པའི་ཁམས་ཀྱི་ནང་ཚན་ངན་སོང་གསུམ་དུ་སྐྱེའོ།། བསོད་ནམས་ཀྱི་ལས་ཀྱིས་གཙོ་བོར་འདོད་པའི་ཁམས་ཀྱི་ལྷ་མིར་རོ། །མི་གཡོ་བས་ནི་གཟུགས་དང་གཟུགས་མེད་ཀྱི་ཁམས་སུ་སྐྱེ་བ་ཡིན་ནོ།།
༢༠༽བསོད་ནམས་མིན་པ་སོགས་ལས་གསུམ་གྱི་ཕྱི་མ་འདི་ལ་ཅི་ཕྱིར་མི་གཡོ་བ་ཞེས་ཟེར་བ་ཡིན?
ལན=ཕྱི་མ་འདི་ལ་མི་གཡོ་བ་ཞེས་པའང་། དེ་དག་གི་ལས་སེམས་རྩེ་གཅིག་པའི་མཚན་ཉིད་ལ་རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པར་མི་ནུས་པས་མི་གཡོ་བ་ཞེས་སམ། ཡང་ན་ལས་གཞན་གཉིས་ཀྱི་འབྲས་བུ་རྐྱེན་གྱིས་གཞན་དུ་འགྱུར་བ་ཡོད་པ་ལྟར་འདི་ལ་མ་ཡིན་པར་རྣམ་པར་སྨིན་པ་གཡོ་བ་མེད་པས་མི་གཡོ་བ་ཞེས་ཟེར་རོ།།
༢༡༽བསོད་ནམས་མ་ཡིན་པའི་ལས་ཀྱི་དབྱེ་བ་སོ་སོར་ངོས་ཟུངས?
ལན=བསོད་ནམས་མ་ཡིན་པའི་ལས་ཀྱི་དབྱེ་བ་ནི། མི་དགེ་བ་བཅུ་ཡིན་ཏེ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ། མ་བྱིན་པར་ལེན་པ་དང་། ལོག་པར་གཡེམ་པ་གསུམ། ངག་གི་སྒོ་ནས་རྫུན་ཚིག ཕྲ་མ་དང་། ཚིག་རྩུབ་དང་། ངག་འཁྱལ་བཞི་དང་། ཡིད་ཀྱི་སྒོ་ནས་ལོག་པར་ལྟ་བ་དང་། བརྣབ་སེམས། གནོད་སེམས་གསུམ་སྟེ་བཅུའོ།།
༢༢༽སྲོག་གཅོད་པ་དང་མ་བྱིན་ལེན་ལ་ཡན་ལག་ཇི་ཙམ་རེ་ཡོད་རེ་རེ་བཞིན་མ་འདྲེས་པར་ཞོག?
ལན=དང་པོར་སྲོག་གཅོད་པ་ནི། གཞི་སེམས་ཅན་ཡིན་པ། དེར་འདུ་ཤེས་པ། གསོད་པར་བསམ་པ། སྦྱོར་བ་བྱས་པ། དེ་ཉིད་ཀྱི་ཚེའམ་གཞན་གྱི་ཚེ་ཤི་བ་སྟེ་ཡན་ལག་ལྔ་ཚང་བ།
གཉིས་པ་མ་བྱིན་ལེན་ནི། གཞན་གྱི་ཡིན་པ། གཞན་གྱིས་བདག་གིར་བྱས་པ། གཞན་གྱི་ཡིན་པར་འདུ་ཤེས་པ། བརྐུ་བར་བསམ་པ། བརྐུ་བའི་སྦྱོར་བ་ལ་ཞུགས་པ། གནས་ནས་སྤགས་པ་སྟེ་ཡན་ལག་དྲུག་ཚང་བའོ།།
༢༣༽ལོག་པར་གཡེམ་པའི་ཡན་ལག་རྣམས་ཚང་བར་བྲིས་ནས་ དེ་རྣམས་ཀྱི་དོན་སློབ་དཔོན་རྟ་དབྱངས་ཀྱིས་གསུངས་པར་བྲིས?
ལན=ལོག་པར་གཡེམ་པ་ནི། ཡུལ་མ་ཡིན་པ། དུས་མ་ཡིན་པ། ཡན་ལག་མ་ཡིན་པ། བགྲོད་བྱ་མ་ཡིན་པ་བཞི། དེ་དག་གང་རུང་ལ་དེར་འདུ་ཤེས་པ་དང་། འཁྲིག་པའི་སྦྱོར་བ་བྱས་པ་དང་། རྗེས་སུ་མཐུན་པའི་ཚོར་བ་མྱོང་བ་གསུམ་སྟེ་ཡན་ལག་བདུན་དང་ལྡན་པ། སློབ་དཔོན་རྟ་དབྱངས་ཀྱིས། དམ་ཆོས་མཆོད་རྟེན་སྐུ་གཟུགས་དང་། །བྱང་ཆུབ་སེམས་དཔའི་བཞུགས་གནས་སོགས། །མཁན་པོ་དང་ནི་སློབ་དཔོན་དང་། །ཕ་མ་དྲུང་ན་གནས་པ་ནི། །ཡུལ་མིན་དེ་རུ་མི་བྱའོ། །དང་། ཟླ་མཚན་འཛག་དང་སྦྲུམ་མ་དང་། བུ་ཆུང་དང་བཅས་མི་མོས་དང་། །སྡུག་བསྔལ་ཡིད་མི་བདེ་སོགས་དང་། ཡན་ལག་བརྒྱད་གནས་དུས་མིན་ཡིན། དང་། ཡན་ལག་མ་ཡིན་པ་གང་ཞེ་ན། ཁ་དང་བཤང་ལམ་བྱིན་པ་དང་། །བརླ་བསྡམས་ལག་པས་བསྐྱོད་པ་ཡིན། དང་། གཞན་གཟུང་ཆོས་ཀྱི་རྒྱལ་མཚན་ལྡན། །རིགས་ཀྱིས་བསྲུངས་དང་རྒྱལ་མོར་གནས། །གཞན་གྱིས་བླངས་དང་སྨད་འཚོང་དང་། །ཉེ་དུ་དག་དང་འབྲེལ་བ་ནི། དེ་དག་བགྲོད་བྱ་མིན་པ་ཡིན། །རྣམ་པ་དེ་དག་རྣམས་ལ་ནི། །རང་གི་ཆུང་མ་བརྟེན་པ་ཡང་། །འདོད་ལོག་སྤྱོད་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །
༢༤༽སྲོག་གཅོད་པ་སོགས་ཀྱི་ནང་ནས་ལྕི་ཤོས་རྣམས་བྲིས?
ལན=སྲོག་གཅོད་པ་སོགས་ཀྱི་ནང་ནས་ལྕི་ཤོས་ནི། ཕ་ཡང་ཡིན། རང་སངས་རྒྱས་ཀྱང་ཡིན་པ་བསད་ན་སྲོག་གཅོད་ཀྱི་ནང་ན་ལྕིའོ། །
༢༥༽དགེ་བའི་ལས་བཅུ་པོ་ངོས་ཟུངས་ནས་དེ་དག ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་གང་དང་གང་གི་རྒྱུ་ཡིན་པར་གསུངས་འདུག?
ལན=དགེ་བའི་ལམ་བཅུ་པོ་ནི་ལུས་ནི་རྣམ་གསུམ་སྟེ། སྲོག་མི་གཅོག་པ་དང་། མ་བྱིན་པར་མི་ལེན་པ་དང་། འདོད་པས་ལོག་པར་མི་གཡེམ་པའོ། ངག་གི་ལས་ནི་རྣམ་པ་བཞི་སྟེ། རྫུན་མི་སྨྲ་བ། ཕྲ་མ་མི་སྨྲ་བ། ཚིག་རྩུབ་མོ་མི་སྨྲ་བ་དང་། ཚིག་འཁྱལ་པ་མི་སྨྲ་བའོ། །ཡིད་ཀྱི་ལས་ནི་རྣམ་པ་གསུམ་སྟེ། བརྣབ་སེམས་སྤང་བ་དང་། གནོད་སེམས་སྤང་བ་དང་། ལོག་པར་ལྟ་བ་སྤང་བའོ།། ཆོས་ལྡན་རབ་འབྱོར་དབྱངས་ཀྱིས། དགེ་བ་བཅུ་པོ་འདི་དག་ནི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པས་སངས་རྒྱས་ཀྱི་སློབ་མ་དག་གིས་འདི་ལྟར་བསླབ་པར་བྱའོ།། ཞེས་གསུངས་སོ།།. །།
༢༦༽དགེ་བསྙེན་གྱི་དབྱེ་བ་རྣམས་གོ་དོན་དང་བཅས་བྲིས?
ལན=དགེ་བསྙེན་ལ་དབྱེ་བ་བདུན་ཡོད་དེ།
བསྙེན་གནས་ཡན་ལག་བརྒྱད་པོ་ཇི་སྲིད་འཚོའི་བར་དུ་བསྲུང་བར་ཁས་ལེན་པའི་ཚུལ་ཁྲིམས་ལ་གོང་མའི་དགེ་བསྙེན་ནོ།།
མི་ཚངས་པ་སྤྱོད་པ་ཙམ་སྤངས་བ་ལ་ཚངས་སྤྱོད་དགེ་བསྙེན་དང་། སྤངས་བྱ་ལྔ་ཡོངས་སུ་རྫོགས་པར་སྤངས་བ་ལ་ཡོངས་རྫོགས་དགེ་བསྙེན་དང་། སྤངས་བྱ་ཡན་ལག་ལྔ་ནས་ཕལ་ཆེར་སྤངས་བ་ལ་ཕལ་ཆེར་དགེ་བསྙེན་དང་། སྣ་འགའ་ཙམ་ལ་སྤྱོད་པ་ལ་སྣ་འགའ་སྤྱོད་པའི་དགེ་བསྙེན་དང་། སྤང་བྱ་ལྔ་ལས་གཅིག་སྤང་བ་ལ་སྣ་གཅིག་སྤྱོད་པའི་དགེ་བསྙེན་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་སྐྱབས་སུ་འཛིན་པའི་དགེ་བསྙེན་ནོ། །
༢༧༽བསྙེན་གནས་དང་དགེ་བསྙེན་གཉིས་པོ་གང་གི་སྡོམ་པ་ཡིན་ནམ?
ལན=བསྙེན་གནས་དང་དགེ་བསྙེན་གཉིས་པོ་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་ཡིན་ཞེས་གསུངས་སོ། །
༢༨༽དགེ་སྡིག་འཇུག་ལྡོག་སྤྱོད་པ་སྟེ།། ཞེས་པའི་འགྲེལ་བཤད་བྲིས?
ལན=ལས་དང་། འབྲས་བུ་བསམས་པས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་འབའ་ཞིག་གིས་མནར་བར་འགྱུར་བ་ཤེས། དེའི་རྒྱུ་སྡིག་ཏོ་མི་དགེ་བའི་ཆོས་སུ་ཤེས་ནས་སྡིག་པ་སྤོང་། དེ་ཡང་བར་མའམ་བསྙེན་གནས་དགེ་བསྙེན་ཡང་དག་པར་བླངས་ནས་བླངས་པ་གང་ཁ་ན་མ་ཐོ་བ་མེད་པར་བསྲུང་བའོ།། མཐོ་རིས་མཐོང་། དེའི་བདེ་བ་ཤེས། བདག་དེར་སྐྱེ་བར་སྨོན། དེའི་རྒྱུ་དགེ་བའི་རྩ་བ་ཡིན་པར་རིག་ནས་སྦྱིན་པ་ལ་སོགས་བརྩོན་པར་ཏེ་དགེ་བ་ལ་འཇུག་པའི་དོན་ཡིན་ནོ།།
༢༩༽མི་རྟག་པ་སྒོམ་པ་དང་ འཁོར་བའི་ཉེས་དམིགས་སྒོམ་པ་སྐྱེས་བུ་ཆུང་ངུའི་ལམ་དུ་མི་བཞེད་པའི་རྒྱུ་མཚན་བྲིས?
ལན=མི་རྟག་པ་སྒོམ་པ་དང་། འཁོར་བའི་ཉེས་དམིགས་སྒོམ་པ་སྐྱེས་བུ་ཆུང་ངུའི་ལམ་མོ་སྙམ་པ་ནི་མི་རིགས་ཏེ། འདུས་བྱས་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་དུ་ལྟ་བ་ནི་འཁོར་བ་ལས་ལྡོག་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ཡིན་ལ། སྐྱེས་བུ་ཆུང་ངུའི་དུས་ནི། ངན་སོང་གསུམ་ལ་འཇིགས་པར་ཟད་ཀྱི། མཐོ་རིས་ནི་བདེ་བར་ཤེས་ནས་དེ་དོན་དུ་གཉེར་བ་སྟེ། འཁོར་བའི་བདེ་བ་ཙམ་དག་ལ།། རང་ཉིད་དོན་དུ་གཉེར་བྱེད་པ། ཞེས་གསུངས་པའི་ཕྱིར་རོ།།. །།
༣༠༽མཐོ་རིས་ཡོན་ཏན་བདུན་ལྡན་ཞེས་པའི་ཡོན་ཏན་བདུན་ཞོག?
ལན=མཐོ་རིས་ཡོན་ཏན་བདུན་ནི་སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། ཞེས་པས། ཚེ་རིང་བ་དང། ནད་མེད་པ་དང་། གཟུགས་བཟང་བ་དང་། སྐལ་བ་བཟང་བ་དང་། རིགས་མཐོ་བ་དང་། ནོར་གྱི་ཕྱུག་པ་དང་། ཤེས་རབ་གྱི་བློ་གྲོས་དང་ལྡན་པ་སྟེ་བདུན་ནོ།།
༣༡༽ཁམས་གསུམ་པའི་ལྷ་དང་མིར་གྱུར་པ་གཉིས་ལས་གང་མཆོག་ཡིན་པར་གསུངས་འདུག་གམ?
ལན=དེ་ཡང་འདོད་གཟུགས་དང་གཟུགས་མེད་ཀྱི་ལྷར་སྐྱེས་པ་དང་། མིར་གྱུར་པ་གཉིས་ལས། མིར་གྱུར་པ་མཆོག་སྟེ། སློབ་སྤྲིངས་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ལྷག་པ་ཡི། །མི་ཉིད་ཅེས་གསུངས་པ་དང་། དལ་འབྱོར་གྱི་རྟེན་ལ་ལྷ་ལས་ལྷག་པའི་ལུས་ཞེས་བཞག་པས་སོ།།
༣༢༽སྐྱེས་བུ་ཆུང་ངུའི་ལྟ་སྒོམ་སྤྱོད་འབྲས་བཞི་སོ་སོར་ངོས་ཟུངས?
ལན=གཞུང་ལས།
ཡང་དག་ལྟ་བ་ལས་འབྲས་སྒོམ།། དགེ་སྡིག་འཇུག་ལྡོག་སྤྱོད་པ་སྟེ།།
འབྲས་བུ་མཐོ་རིས་ལྷ་མི་གཉིས།།སྐྱེས་བུ་ཆུང་ངུ་བསྡུས་པ་ཡིན།།
ཞེས་སྐྱེས་བུ་ཆུང་ངུའི་ལྟ་བ་ནི་ལས་དང་ལས་ཀྱི་འབྲས་བུ་དང་དཀོན་མཆོག་དང་བདེན་པ་ལ་སོགས་པ་ཡོད་པར་ལྟ་བ་དང་། སྒོམ་པ་ནི་བསོད་ནམས་མ་ཡིན་པར་འགྲོ་བའི་འདུ་བྱེད་དང་། བསོད་ནམས་ཉེ་བར་འགྲོ་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའི་ལས་དང་འབྲས་བུ་སྒོམ་པ་དང་། སྤྱོད་པ་ནི་དགེ་བའི་ལས་ལ་འཇུག་པ་དང་། མི་དགེ་བའི་ལས་ལས་ལྡོག་པའོ།། འབྲས་བུ་ནི་མཐོ་རིས་ལྷ་དང་མིའི་གོང་འཕང་ཐོབ་པའོ།།
སྐྱེས་བུ་གསུམ་ལས་གཉིས་པ་ཆོས་ལམ་དུ་འགྲོ་བའམ་སྐྱེས་བུ་འབྲིང་གི་དྲི་བ་དྲིས་ལན་བཞུགས་སོ།།
༡༽བདག་མེད་ལྟ་བ་ཞེས་པའི་སྐབས་ནས་བསྟན་པའི་བདག་གི་ངོས་འཛིན་བྲིས?
ལན=བདག་མེད་ལྟ་བ་ཞེས་པའི་སྐབས་ནས་བསྟན་པའི་བདག་ནི་མུ་སྟེགས་བྱེད་བློ་གྲོས་ངན་པ་ལོག་པར་རྟོག་པ་རྣམས་ཀྱིས་འདོད་པའི་བདག་བྱེད་པ་པོ་དང་། རྟག་པ། གཅིག་བུ་ཡིན་པ། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། སྐྱེས་བུ་སོགས་ཁྱད་ཆོས་ཉེར་ལྔ་དང་ལྡན་པའི་ཀུན་བརྟགས་ཀྱི་བདག་དེ་ལ་ངོས་འཛིན་པ་ཡིན་ནོ།།
༢༽བྱེད་པའི་སྐྱེས་བུ་བཅུ་གཉིས་ཞེས་པ་གང་དང་གང་ཡིན?
ལན=བྱེད་པའི་སྐྱེས་བུ་བཅུ་གཉིས་ཞེས་པ་ནི། བདག་དང་། བདག་གི་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། རྟག་པར་ལྟ་བའི་སྒྲར་འདོགས་ཏེ་བཅུ་གཉིས་ཡིན་ནོ།།
༣༽རང་སྡེ་གནས་མ་བུ་པས་བདག་ཡོད་པར་འདོད་ཚུལ་ཇི་ལྟ་ཡིན་ནམ
?
ལན=རང་སྡེ་གནས་མ་བུ་པས་བདག་ཡོད་པར་འདོད་ཚུལ་ནི། བདག་རྟག་པ་དེ་ནི་དེའི་ཡང་དགག་བྱའི་གཙོ་བོ་ཡིན་ལ། དེ་ཉིད་རང་། དེ་ཁོ་ན་ཉིད་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་ཅེས་བྱ་བ་ཞིག་འཇོག་པར་བྱེད་དོ།།
༤༽འཇིག་ཚོགས་ལ་ལྟ་བ་ཞེས་པའི་དོན་བྲིས?
ལན=བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། འཇིག་ཚོགས་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་ལྔ་འཇིག་པའི་རང་བཞིན་ཅན་རྣམས་ཕུང་པོ་དང་ཚོགས་སུ་གྱུར་པ་ལ་བྱ་སྟེ། དེ་ལ་བདག་ཡོད་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ།།
༥༽འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུའི་རྐང་གྲངས་མ་ནོར་བ་ཁོད?
ལན=འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ནི་། གཟུགས་ལ་བདག་ཏུ་ལྟ་བ། བདག་གཟུགས་དང་ལྡན་པ། གཟུགས་བདག་གི་ཡིན་པ། གཟུགས་ལ་བདག་གནས་པར་ལྟ་བ་སྟེ་བཞིའོ། །
དེ་བཞིན་དུ་ཚོར་བ་ལ་བདག་ཏུ་ལྟ་བ། བདག་ཚོར་བ་དང་ལྡན་པ། ཚོར་བ་བདག་གི་ཡིན་པ། ཚོར་བ་ལ་བདག་གནས་པར་ལྟ་བའོ།
འདུ་ཤེས་ལ་ཡང་འདུ་ཤེས་བདག་ཏུ་ལྟ་བ། བདག་འདུ་ཤེས་དང་ལྡན་པ། འདུ་ཤེས་བདག་གི་ཡིན་པ། འདུ་ཤེས་ལ་བདག་གནས་པར་ལྟ་བའོ།། འདུ་བྱེད་ལ་ལ་ཡང་འདུ་བྱེད་བདག་ཏུ་ལྟ་བ། བདག་འདུ་བྱེད་དང་ལྡན་པར་ལྟ་བ། འདུ་བྱེད་བདག་གི་ཡིན་པ་དང། འདུ་བྱེད་ལ་བདག་གནས་པར་ལྟ་བའོ།། རྣམ་ཤེས་ལ་ཡང་རྣམ་ཤེས་བདག་ཏུ་ལྟ་བ། བདག་རྣམ་ཤེས་དང་ལྡན་པར་ལྟ་བ། རྣམ་ཤེས་ལ་བདག་གནས་པར་ལྟ་བ། རྣམ་ཤེས་བདག་གི་ཡིན་པར་ལྟ་བའོ།།
༦༽ཉན་ཐོས་རྣམས་ཀྱི་ཡང་དག་པའི་ལྟ་བ་ཞེས་པ་གང་ཡིན་ནམ
?
ལན=བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། གང་ཆོས་ཐམས་ཅད་ལ་གང་ཟག་གི་དངོས་པོ་མེད་དེ། གང་ཟག་གི་བདག་མེད་པར་ཡང་དག་པའི་ཡེ་ཤེས་ཀྱི་ཁོང་དུ་ཆུད་པ་ནི་ཉན་ཐོས་རྣམས་ཀྱི་ཡང་དག་པའི་ལྟ་བ་ཞེས་བྱའོ།།
༧༽དལ་འབྱོར་རྙེད་པར་དཀའ་བ་བསམ་ཚུལ་དང་མི་ཁོམ་པ་བརྒྱད་རེ་རེ་བཞིན་ངོས་ཟུངས་ནས་དེ་དག་ལ་མི་ཁོམ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡང་བྲིས?
ལན=དལ་འབྱོར་རྙེད་པར་དཀའ་བ་བསམ་ཚུལ་ནི། ཐོག་མ་མེད་པ་ནས་ཆུད་པའི་འཁོར་བ་འདིར་སྔར་མི་ཁོམ་པ་བརྒྱད་དུ་གནས་ལ་ད་རེས་མིའི་ལུས་མཆོག་ཏུ་གྱུར་པ་འདི་ལྟ་བུ་རྙེད་པ་ནི། རྒྱ་མཚོ་ཆེན་པོ་ལ་གཡོ་བའི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཚུད་པ་ལྟར་དཀོན་པ་ཉིད་དོ། མི་ཁོམ་པ་བརྒྱད་ནི། དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་དང་། མཐའ་འཁོབ་ཏུ་སྐྱེས་པ་དང་། ལྷ་ཚེ་རིང་པོ་དང་། དབང་པོ་མ་ཚང་བ་དང་། ལོག་པར་ལྟ་བ་དང་། དེ་བཞིན་གཤེགས་པ་མི་འབྱུང་བར་སྐྱེས་པ་སྟེ། དེ་དག་སྡུག་བསྔལ་ལམ་བག་མེད་པས་དམ་པའི་ཆོས་ལ་སྤྱོད་པའི་སྐལ་བ་མེད་པས་ན་མི་ཁོམ་པའོ།།
༨༽འདུ་བྱེད་ཐམས་ཅད་མི་རྟག་པར་རྟོགས་པ་ཞེས་པ་གང་ཡིན?
ལན=རྒྱུ་རྐྱེན་གྱིས་བསྐྱེད་པའི་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ནི་འདུ་བྱེད་དོ། དེ་དག་མི་རྟག་པ་རྣམ་པ་གཉིས་ཀྱིས་འཇིག་པར་ཤེས་པ་ནི་འདུ་བྱེད་ཐམས་ཅད་ལ་མི་རྟག་པར་རྟོགས་པ་ཞེས་བྱའོ།།
༩༽མི་རྟག་པ་རྣམ་པ་གཉིས་ངོས་ཟུངས་ནས་རེ་རེ་བཞིན་གྱི་གོ་དོན་བྲིས?
ལན=མི་རྟག་པ་རྣམ་པ་གཉིས་ནི། འཇིག་པའི་མི་རྟག་པ་དང་། སྐད་ཅིག་མས་འཇོམས་པའི་མི་རྟག་པའོ། དེ་དག་གི་གོ་དོན་ནི་དང་པོ་འཇིག་པའི་མི་རྟག་པ་ནི། མཐར་མེད་པར་འགྱུར་བ་སྟེ། རྣམ་འགྲེལ་ལས། སྔར་བྱུང་དངོས་པོ་མེད་གྱུར་པ། མི་རྟག་ཅེས་བརྗོད་པ་ཡིན། ཞེས་སོ། གཉིས་པ་སྐད་ཅིག་མས་འཇོམས་པའི་མི་རྟག་པ་ནི། སྐད་ཅིག་རེར་ཡང་མི་སྡོད་པར་འཇིག་པའོ།།
༡༠༽མྱ་ངན་ལས་འདས་པ་ལ་གནས་སུ་འདུ་ཤེས་པ་དང་སྐྱབས་སུ་འདུ་ཤེས་པའི་ཚུལ་བྲིས?
ལན=འཁོར་བ་ལ་སྐྱོ་ན་ཞི་བ་ཚོལ་བའི་བློ་སྐྱེ་ལ། ཞི་བ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པ་དེ་ལ་རྣམ་པར་གྲོལ་བའི་བདེ་བ་ཐམས་ཅད་ཀྱི་རྟེན་དུ་ལྟ་བས་མྱ་ངན་ལས་འདས་པ་ལ་གནས་སུ་འདུ་ཤེས་པ་དང་། དེ་ཉིད་འཁོར་བ་ལས་བརྒལ་ཞིང་སྡུག་བསྔལ་ཐམས་ཅད་སྤངས་པར་ལྟ་བས་ན་སྐྱབས་སུ་འདུ་ཤེས་པའོ།།
༡༡༽ངེས་འབྱུང་བསླབ་པ་གསུམ་སྤྱོད་པ། ཞེས་པའི་ཚིག་འགྲེལ་བྲིས་ནས་བསླབ་པ་གསུམ་པོ་རེ་རེ་བཞིན་ཞུ?
ལན=ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་སྟེ། དེའི་ཕྱིར་དུ་ཡིན་པས་ལྷག་པ་ཞེས་པའི་སྒྲས་བསྟན་ནོ། །བསླབ་པ་གསུམ་ནི། ལྷག་པའི་སེམས་ཀྱི་དབང་དུ་བྱས་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཡིན་པ་དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་པའི་སེམས་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ལྷག་པའི་སེམས་ཀྱི་བསླབ་པ། ཉོན་མོངས་པ་སྤོང་བའི་དབང་དུ་བྱས་པའི་ཡེ་ཤེས་དང་། མཐོང་བ་གང་ཡིན་པ་དེ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ།།
༡༢༽ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་པ་གང་ཡིན་ནམ?
ལན=ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། ཚུལ་ཁྲིམས་ཡང་དག་པར་བླངས་པ་ནས་བརྩམས་ཏེ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་བའི་བར་དུ་བཤད་པ་རྣམས་སོ།།
༡༣༽ཅི་ཕྱིར་བསླབ་པ་གསུམ་ཁོ་ན་གཟུང་བ་ཡིན་ནམ?
ལན=ཏིང་ངེ་འཛིན་གྱི་གནས་ཀྱི་དོན་དང་། ཡེ་ཤེས་ཀྱི་རྟེན་གྱི་དོན་དང་། བྱ་བ་བྱས་པའི་དོན་གྱི་ཕྱིར་བསླབ་པ་གསུམ་ཁོ་ན་གཟུང་བ་ཡིན་མོད།།
༡༤༽བསླབ་པ་གསུམ་པོ་གོ་རིམ་ངེས་ཚུལ་བྲིས?
ལན=བསླབ་པ་གསུམ་པོ་གོ་རིམ་ངེས་ཚུལ་ནི། དང་པོ་ཚུལ་ཁྲིམས་ལ་གནས་ན་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་བའི་ཕྱིར་རོ། །གཉིས་པ་སེམས་ཀྱི་བསླབ་པ་ཡིན་ཏེ། སེམས་མཉམ་པར་བཞག་པའི་དྲན་པ་རྩེ་གཅིག་པས་ཤེས་བྱའི་དངོས་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་མཐོང་བ་དང་འཇུག་པའི་ཕྱིར་རོ། །གསུམ་པ་ལྷག་པ་ཤེས་རབ་་ཀྱི་བསླབ་པ་སྟེ་ཡེ་ཤེས་མཐོང་བ་དང་ཤིན་ཏུ་རྣམ་པར་དག་པས་ཉོན་མོངས་པ་སྤོང་བ་མངོན་སུམ་དུ་བྱེད་པའི་ཕྱིར་རོ།།
༡༥༽ལྷག་པའི་ཤེས་རབ་ཀྱིས་ལྷག་པའི་སེམས་བསྐྱེད་པ་ཡོད་ཚུལ་ཇི་ལྟར་གསུངས་འདུག?
ལན=འཕགས་པ་ཉན་ཐོས་གཞི་མཐོང་བ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་དེའི་འོག་ཏུ་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བའི་ཕྱིར་བརྩོན་པར་བྱེད་པ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་པ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་པའི་བར་དག་སྒོམ་པར་བྱེད་པའི་ཤེས་རབ་ཀྱི་བསླབ་པ་དེས་སེམས་ཀྱི་བསླབ་པ་སྐྱེད་པར་བྱེད་དོ།།
༡༦༽ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྒྱས་པར་བཤད་པ་ལ་ས་བཅད་ག་ཚོད་ཡོད?
ལན=ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྒྱས་པར་བཤད་པ་ལ་ས་བཅད་དབྱེ་བ་དྲུག་ཡོད་དེ། ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་དང་། དབང་པོའི་སྡོམ་པ་དང་། ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་ཉིད་དང་། ཤེས་བཞིན་དུ་སྤྱོད་པ་སྟེ་དྲུག་གོ།།
༡༧༽ཚུལ་ཁྲིམས་ཡན་ལག་དྲུག་ལྡན་ཞེས་པའི་ཡན་ལག་དྲུག་རེ་རེ་བཞིན་བྲིས
?
ལན=ཚུལ་ཁྲིམས་ཡན་ལག་དྲུག་ལྡན་ཞེས་པའི་ཡན་ལག་དྲུག་ནི། རབ་ཏུ་བྱུང་བ་དེ་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོ་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པ་རྣམས་ཡིན་ནོ།།
༡༨༽ཆོ་ག་ཕུན་སུམ་ཚོགས་པའི་དབྱེ་བ་བྲིས?
ལན=ཆོ་ག་ཕུན་སུམ་ཚོགས་པའི་དབྱེ་བ་ནི། སྤྱོད་ལམ་དང་། འཕྲལ་གྱི་བྱ་བ་དང་། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་བརྟེན་པ་འཇིག་རྟེན་དང་རྗེས་སུ་མཐུན་ཞིང་། །འཇིག་རྟེན་དང་མི་འགལ་བ་ཆོ་ག་དང་ལྡན་པ་ཡིན་ནོ།།
༡༩༽དགེ་བའི་ཕྱོགས་ཀྱི་སྦྱོར་བ་རྣམས་ཚང་བར་བྲིས?
ལན=དགེ་བའི་ཕྱོགས་ཀྱི་སྦྱོར་བ་ནི། ཁ་འདོན་བྱ་བ་དང་། བླ་མ་རྣམས་ལ་འདུད་པ་དང་། །ལྡང་བའི་ལས་བྱ་བ་དང་། །དེ་བཞིན་དུ་གཅིག་ལ་གཅིག་རྗེས་སུ་སྙིང་བརྩེ་བའི་སེམས་ཉེ་བར་བཞག་སྟེ་ནད་གཡོག་བྱ་བ་དང་། །འདུན་པ་སྦྱིན་པ་དང་། ལུང་འབོགས་པ་དང་། རབ་ཏུ་སྦྱོར་བ་དང་། ཡོངས་སུ་ཞུ་བ་དང་། ཆོས་ཉན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་ཤིང་ལེ་ལོ་མེད་པ་རྣམས་ལ་ལུས་ཀྱི་ཞལ་ཏ་བྱ་བ་དང་། །གཞན་དག་ཀྱང་དགེ་བའི་ཕྱོགས་ཡང་དག་པར་འཛིན་དུ་གཞུག་པ་དང་། ཆོས་བསྟན་པ་དང་། ནང་དུ་ཡང་དག་པར་འཛིན་དུ་གཞུག་པ་དང་། འཇུག་པ་དང་། སྐྱིལ་མོ་ཀྲུང་འཆའ་བ་དང་། འདུག་པ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པའི་ཆོས་གང་ཡིན་པ་སྟེ། དེ་དག་ཅི་རིགས་སུ་བྱ་བ་དང་། ཇི་ལྟར་བྱ་བ་དེར། འཇིག་རྟེན་རྣམས་ནས་ཆོས་མཐུན་པ་རྣམས་ཀྱི་བར་དུ། མི་རྩོད་ཅིང་སྨད་པར་མི་འགྱུར་བ་དེ་ལྟར་བྱེད་པ་ཡིན་ནོ།།
༢༠༽དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་ལྔ་ངོས་ཟུངས་ནས་ཁ་ན་མ་ཐོ་བ་ཕྲ་རབ་ཅེས་པའི་དོན་བྲིས?
ལན=དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་ལྔ་ནི། བཤན་པའི་གནས་དང་། སྨད་འཚོང་མའི། ཆང་འཚོང་མའི། རྒྱལ་པོའི་ཕོ་བྲང་། གདོལ་པའི་ཁྱིམ་སྟེ། དེ་དག་དེ་བཞིན་གཤེགས་པས་སྨད་པ་སྤྱོད་ཡུལ་མ་ཡིན་པའོ།།
༢༡༽ཚུལ་ཁྲིམས་ཡན་ལག་དྲུག་པོ་མཚན་ཉིད་གསུམ་དུ་འདུ་ཚུལ་བྲིས?
ལན=ཚུལ་ཁྲིམས་ཀྱི་ཡན་ལག་དྲུག་པོ་མཚན་ཉིད་གསུམ་དུ་འདུ་ཚུལ་ནི། ཚུལ་ཁྲིམས་དང་ལྡན་པར་གནས་པ་ཆུད་མི་ཟ་བའི་མཚན་ཉིད་དོ།། སོ་སོ་ཐར་པའི་སྡོམ་པས་བསྡམས་པ་རང་བཞིན་གྱི་མཚན་ཉིད།། ཆོ་ག་ཕུན་སུམ་ཚོགས་པ་སོགས་བཞིས་ཡོན་ཏན་གྱི་མཚན་ཉིད་དོ།།
༢༢༽དྲན་པ་ཀུན་ཏུ་སྲུང་བ་དང་དྲན་པ་ལ་རྟག་འགྲུས་བྱེད་པ་ཞེས་པ་ཇི་ལྟར་ཡིན?
ལན=ཇི་ལྟར་དྲན་པ་ཀུན་ཏུ་སྲུང་བ་ནི། ཐོས་པ་གཟུང་བ་དང་། བསམ་པ་དང་། ཡང་དང་ཡང་དུ་བསྒོམ་པར་གྱུར་ནས་ཐོས་བསམ་སྒོམ་པའི་དབང་གིས་དྲན་པ་ཐོབ་པ་དེ་ཉིད་མི་བརྗེད་པར་བྱ་བ་དང་། མི་ཉམས་པར་བྱ་བ་དང་། ཆུད་མི་ཟ་བར་བྱ་བའི་ཕྱིར་ཐོས་བསམ་སྒོམ་པ་ལ་དུས་སུ་སྦྱོར་བར་བྱེད། གོམས་པར་བྱེད། སྦྱོར་བ་ལྷོད་པ་དང་། སྦྱོར་བ་གཏོང་པར་ཡང་མི་འགྱུར་རོ། །དྲན་པ་ལ་རྟག་འགྲུས་ནི། དྲན་པ་དེ་ཉིད་ལ་རྒྱུན་དུ་བྱེད་པ་གང་ཡིན་པ་དེ་ནི་རྟག་སྦྱོར་ཞེས་བྱའོ། །དེ་ལ་འགྲུས་པར་བྱེད་པ་ནི་གུས་སྦྱོར་རོ། དེ་གཉིས་བསྡོམས་པ་ལ་རྟག་འགྲུས་ཞེས་བྱའོ།།
༢༣༽དྲན་པ་ཀུན་ཏུ་བསྲུངས་པ་དང་དེ་སྟོབས་དང་ལྡན་ཚུལ་བྲིས?
ལན=དེ་ཡང་དྲན་པ་ཀུན་ཏུ་བསྲུངས་པས་དྲན་པ་མི་བརྗེད་ལ། རྟག་འགྲུས་ཀྱི་དྲན་པ་དེ་སྟོབས་དང་ལྡན་པར་བྱེད་པའོ། །སྟོབས་དང་ལྡན་པའི་དོན་ཡང་། གཟུགས་སོགས་སྐྱེ་མཆེད་དྲུག་རྣམས་ཟིལ་གྱིས་གནོན་པར་ནུས་ཤིང་མཐུ་ཡོད་པར་འགྱུར་བའོ།།
༢༤༽ཉན་ས་ལས་དྲན་པས་ཡིད་ཀུན་ཏུ་བསྲུངས་པའི་དོན་ཇི་ལྟར་གསུངས་འདུག?
ལན=ཉན་ས་ལས་དྲན་པས་ཡིད་ཀུན་ཏུ་བསྲུངས་པའི་དོན་ཇི་ལྟར་གསུངས་འདུག་ཞེ་ན། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ལ། མིག་གི་རྣམ་པར་ཤེས་པའི་མཇུག་ཐོགས་སུ་རྣམ་པར་རྟོག་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ཡང་། ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་དང་ལྡན་པ་ཀུན་ནས་ཉོན་མོངས་པ། ཀུན་ནས་སློང་བར་བྱེད་པ་ཡོད་ལ། རྣམ་པར་རྟོག་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་དེས་གཟུགས་ཀྱི་རང་བཞིན་སྡུག་པ་དག་ལ་ནི་ཀུན་ཏུ་ཆགས་པར་བྱེད། མི་སྡུག་པ་དག་ལ་ནི་ཁོང་ཁྲོ་བར་བྱེད་པས་ན། དྲན་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ་ཅི་ནས་ཀྱང་ཀུན་ནས་ཉོན་མོངས་པ་དེ་འབྱུང་བར་མི་འགྱུར་བར་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས་ཡིད་དེ་ཀུན་དུ་བསྲུང་བར་བྱེད་དོ། །དེ་བཞིན་དུ་རྣ་བ་སོགས་ཀྱང་འདྲ་བར་གསུངས་སོ།།
༢༥༽གནས་སྐབས་མཉམ་པ་ལ་འཇོག་པའི་གནས་སྐབས་མཉམ་པ་ཞེས་བྱ་བ་གང་ཡིན་ནམ?
ལན=དགེ་བའམ་ལུང་དུ་མ་བསྟན་པའི་བཏང་སྙོམས་ལ་བྱ་སྟེ། དེས་ཚུལ་བཞིན་པར་རྣམ་པར་རྟོག་ལ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས་ཡིད་དེ་ཀུན་ཏུ་བསྲུང་ནས། དགེའམ་ལུང་དུ་མ་བསྟན་པའི་བཏང་སྙོམས་ལ་འཇོག་པར་བྱེད་དོ།།
༢༦༽ཟས་ཀྱི་ཚོད་རིག་པ་ཞེས་པའི་དོན་བྲིས?
ལན=འདི་ན་ལ་ལ་སོ་སོར་བརྟག་ཤིང་ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། འདི་ལྟ་སྟེ། ལུས་འདི་གནས་པར་བྱ་བ་དང་། བཀྲེས་པ་བསལ་བར་བྱ་བ་དང་། ཚངས་པར་སྤྱད་པ་ལ་ཕན་པར་བྱ་བ་དང་། ཚོར་བ་རྙིང་པ་རྣམས་སྤང་བར་བྱ་བ་དང་། གསར་པ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང་། བདག་འཚོ་ཞིང་སྟོབས་དང་བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་དུ་སེམས་པ་ཡིན་ནོ།།
༢༧༽སོ་སོར་བརྟགས་ཤིང་ཞེས་པའི་དོན་བྲིས?
ལན=སོ་སོར་བརྟགས་ཤིང་ཞེས་པའི་དོན་ནི། ཤེས་རབ་ཀྱིས་ཁམས་ཀྱི་ཟས་དེའི་ཉེས་དམིགས་ཡང་དག་པར་རྗེས་སུ་མཐོང་ནས་སུན་ཕྱུང་སྟེ་ཟ་བར་བྱེད་པའོ་ཞེས་པའི་དོན་ཡིན་ནོ།།
༢༨༽ཡོངས་སུ་ཚོལ་བ་ལས་བྱུང་བའི་ཉེས་དམིགས་དང་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་ཞེས་པ་གང་ཡིན?
ལན=ཡོངས་སུ་ཚོལ་བ་ལས་བྱུང་བའི་ཉེས་དམིགས་ནི། སྒྲུབ་པ། སྲུང་བ། མཛད་པ། ཡོངས་སུ་ཉམས་པ། ངོམས་མི་ཤེས་པ། རང་དབང་མེད་པ། ཉེས་པར་སྤྱད་པ་ལས་བྱུང་བ་ཡིན་ལགས། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་གང་ཡིན་ཞེ་ན། ཉི་མ་ནུབ་པའི་དུས་ནས་གཟུང་སྟེ་ནམ་སྟོད་ཀྱི་ཆ་མེལ་ཚེ་ཐུན་གཅིག་ལྷག་ཙམ་གྱི་བར་ནི་ནམ་གྱི་ཆ་སྟོད་དོ། །ནམ་གྱི་ཐོ་རངས་ཀྱི་ཆ། མེལ་ཚེ་ཐུན་གཅིག་ལྷག་ཙམ་གྱི་ཆ་ནི་ནམ་གྱི་ཆ་སྨད་དོ། །མི་ཉལ་བར་བརྩོན་པ་ནི། ཉིན་མོ་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བའོ། དེ་བཞིན་་མཚན་མོའི་ཐུན་དང་པོ་ལ་ཡང་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོར་བར་བྱེད་ལ། ཡོངས་སུ་སྦྱངས་ནས་དེའི་འོག་ཏུ་གཙུག་ལག་ཁང་ནས་ཕྱིར་བྱུང་སྟེ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པའི་སྟེང་དུ་བཞག་ཏེ། སྣང་བའི་འདུ་ཤེས་དང་། དྲན་པ་དང་། ཤེས་བཞིན་དང་། ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་པ་དང་དེ་མཚན་མོའི་ཐུན་མཐའ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་ནར་སད་པར་བྱས་ནས་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལ་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ།།
༢༩༽ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ཞེས་པ་ཇི་ལྟར་གསུངས་འདུག?
ལན=ཡན་ལག་དྲུག་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཀྱི་ཚོགས་སམ་ཚུལ་ཁྲིམས་ཀྱི་ཕུང་པོ་ཞེས་བྱ་བ་དང་། དང་པོར་ཚུལ་ཁྲིམས་ཡང་དག་པར་བླངས་པ་ནས་བརྩམས་ཏེ། ཐ་མ་རྣམ་པར་གྲོལ་བའི་ཡེ་ཤེས་ལ་ཐུག་གི་བར་དུ་རྡུལ་ཙམ་ཡང་ཉམས་པ་དང་གོད་པ་མེད་པའོ། དེ་ལྟར་ཉམས་པ་དང་གོད་པ་མེད་པས་ཚུལ་ཁྲིམས་མཐར་ཕྱིན་ཏེ་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་མཚན་ཉིད་དུ་གྱུར་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ཞེས་བྱའོ།།
༣༠༽ཉན་ས་ལས། དེ་བཞིན་དགེ་བའི་བཤེས་གཉེན་དང་།། དམ་ཆོས་ཉན་དང་སེམས་པ་དང་།། བར་ཆད་མེད་པར་གཏོང་བ་དང་།། དགེ་སྦྱོང་རྒྱན་ནི་མཐའ་མ་ཡིན།། ཞེས་གསུངས་པ་རྣམས་ལས་དགེ་བའི་བཤེས་གཉེན་དང་དམ་ཆོས་ཉན་པའི་ཚུལ་བྲིས?
ལན=དེ་བཞིན་གཤེགས་པའམ། དེའི་སློབ་མའམ། གཞན་འདུལ་བ་ནས་གནས་སུ་འོས་པར་གསུངས་པ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའོ། དམ་པའི་ཆོས་ཉན་པའི་ཚུལ་ནི། སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་་དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་དང་བཤད་པ་དག་གསལ་བར་བྱས་པ་དང་། རྣམ་པར་ཕྱེ་བ་དང་། ཡང་དག་པར་བཤད་པ་ཡིན་ནོ།།
༣༡༽གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྐང་གྲངས་བྲིས་ནས་ དེ་རྣམས་ལས་འདུལ་བ་གང་ མངོན་པ་གང་ མདོ་སྡེ་ནི་གང་ཡིན་ནམ?
ལན=གསུང་རབ་ཡན་ལག་བཅུ་གཉིས་ནི། མདོའི་སྡེ་དང་། དབྱངས་ཀྱི་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའིི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླིང་གཞི་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་སྡེ་དག་གོ། དེ་ལས་གླིང་གཞི་ནི། འདུལ་བ། གཏན་ལ་དབབ་པའི་སྡེ་ནི་མངོན་པ། གཞན་རྣམས་མདོ་སྡེའོ།།
༣༢༽སེམས་པའི་ཚུལ་གཉིས་རེ་རེ་བཞིན་བྲིས?
ལན=སེམས་པའི་ཚུལ་གཉིས་ནི་ཐོས་པའི་ཆོས་དེ་དག་ཉིད་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སེམས་པར་བྱེད་པ་སྟེ། དེ་ཡང་བགྲང་བའི་རྣམ་པས་ཆོས་རྣམས་ལ་བགྲང་བའི་ཚུལ་གྱིས་སེམས་པ་དང་། གཞལ་བའི་རྣམ་པས་ཡོན་ཏན་དང་སྐྱོན་ཉེ་བར་བརྟག་པའི་ཚུལ་གྱིས་སེམས་པར་བྱེད་པ་གཉིས་སོ།།
༣༣༽རིགས་པ་བཞི་ངོས་ཟུངས་ནས་རེ་རེ་བཞིན་གྱི་ངོ་སྤྲོད་བྲིས?
ལན=རིགས་པ་བཞི་ནི། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ།།
༣༤༽ཉན་ས་ལས་བར་ཆད་མེད་པ་ཞེས་པ་གང་ཡིན་པར་གསུངས་འདུག?
ལན=ཉན་ས་ལས། ནང་ལ་བརྟེན་པ་དང་ཕྱི་ལ་བརྟེན་པ་གཉིས། དེ་ལས་ཟློག་པ་ནི་བར་ཆད་མེད་པའོ། །ཞེས་གསུངས་ལ། དང་པོ་སྔོན་མི་དགེ་བ་སྤྱད་པས་འཚོ་བའི་རྐྱེན་གྱིས་འཕོངས་པ་ལྟ་བུ། ཕྱི་མ་ནི་གྲོགས་ངན་པ་དང་ཡུལ་ངན་པའི་རྐྱེན་དག་གོ།
༣༥༽བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས་གསུངས་པའི་བདུད་ཀྱི་ལས་རྣམས་ཚང་བར་བྲིས?
ལན=གང་ཟག་ལ་ལ་ཞིག་ཐར་པར་འགྱུར་བས་མངོན་པར་བསྡུས་པ་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་དགེ་བའི་ཆོས་ལ་དད་པ་ཡང་དག་པར་སྐྱེས་པ་ན། འདོད་པ་ལ་ཆགས་པའི་དབང་དུ་གྱུར་ནས་ལྡོག་པ་ནི་བདུད་ཀྱི་ལས་སོ། ཞེས་བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས་གསུངས་སོ།།
༣༦༽གཏོང་བ་སྤེལ་བ་ཞེས་པ་གང་ཡིན?
ལན=གཏོང་བ་སྤེལ་བ་གང་ཞེ་ན། སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པའོ། ཞེས་གསུངས་སོ།།
༣༧༽དགེ་སྦྱོང་གི་རྒྱན་ལ་དབྱེ་བ་ག་ཚོད་ཡོད་སྡོམ་ཚིག་བཀོད་ནས་དད་པ་དང་ལྡན་པ་ཞེས་པ་ཇི་ལྟར་གསུངས་འདུག?
ལན=ཉན་སར། དད་ལྡན་གཡོ་མེད་ནད་ཉུང་དང་། བརྩོན་འགྲུས་ཤེས་རབ་འདོད་ཆུང་དང་། །ཆོག་ཤེས་གསོ་སླ་དགང་སླ་དང་། །སྦྱངས་དང་མཛེས་དང་དྲོད་རིག་དང་། །སྐྱེས་བུ་དམ་ཆོས་མཁས་རྟགས་དང་། །བཟོད་དང་དེས་དང་གྱ་ནོམ་ཡིན། །ཞེས་པའི་དད་པ་དང་ལྡན་པ་ནི། དད་པ་མང་བ་དང་། ངེས་པར་རྟོག་པ་མང་བ་དང་། །མོས་པ་མང་བ་དང་། །དགེ་བའི་ཆོས་རྣམས་ལ་འདུན་པ་ཡིན་ཞིང་། །དེ་སྟོན་པ་ཡང་དང་བར་བྱེད་ཅིང་ཡིད་གཉིས་མི་བྱེད་ཐེ་ཚོམ་མི་ཟ་ལ། །སྟོན་པ་ལ་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད་ཅིང་། བསྙེན་བཀུར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས་ཉེ་བར་བརྟེན་ཏེ་གནས་པ་དང་། སྟོན་པ་ལ་ཇི་ལྟ་བ་བཞིན་དུ་ཆོས་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་། བསླབ་པ་དང་། གདམས་ཤིང་རྗེས་སུ་བསྟན་པ་དང་། བགོ་བཤའ་དང་། བག་ཡོད་པ་དང་། ཏིང་ངེ་འཛིན་ལ་དེ་བཞིན་ནོ། །
༣༨༽འདོད་པ་ཆུང་བ་དང་ཆོག་ཤེས་པ་ཞེས་པ་ཀུན་མཁྱེན་གྱིས་ཇི་ལྟར་གསུངས་འདུག?
ལན=འདོད་པ་ཆུང་བ་ནི། འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་ཡང་བདག་འདོད་པ་ཆུང་བའི་ཡོན་ཏན་འདི་ལྟ་བུ་དང་ལྡན་པར་གཞན་གྱིས་ཤེས་པར་བྱའོ་སྙམ་གཞན་གྱི་ཤེས་པ་ཀུན་ཏུ་མི་ཚོལ་བ་ཡིན་ནོ།། ཆོག་ཤེས་པ་ནི། ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་ངན་ངོན་ཙམ་གྱིས་དགའ་ཞིང་ཆོག་ཤེས་པ་དང་། དེ་ཆོས་གོས་ངན་པ་ལས་བཟང་པོ་མ་རྙེད་ན་ཡང་འདོད་པར་མི་བྱེད་ཅིང་གདུང་བར་མི་བྱེད་ལ། རྙེད་ན་ཡང་སྔ་མ་བཞིན་དུ་ཆགས་པ་མེད་པ་དང་ཞེན་པ་མེད་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ཆོས་གོས་ལ་ཇི་ལྟ་བ་བཞིན་དུ་བསོད་སྙོམས་དང་མལ་ཆ་དང་སྟན་ལ་ཡང་དེ་བཞིན་བྱའོ། ཞེས་གསུངས་འདུག་ལགས།།
༣༩༽སྦྱངས་པའི་ཡོན་ཏན་བཅུ་གཉིས་རེ་རེ་བཞིན་བྲིས་ནས་རྙེད་པས་ཆོག་ཤེས་པའི་བསོད་སྙོམས་དང་མཐར་གྱིས་སློང་བའི་བསོད་སྙོམས་གཉིས་ཀྱིས་དོན་བྲིས?
ལན=སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། རྙེད་པས་ཆོག་ཤེས་པའི་བསོད་སྙོམས་དང་མཐར་གྱིས་སློང་བའི་བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་པ་བ་དང་། ཕྱག་དར་ཁྲོད་པ་དང་། དགོན་པ་བ་དང་། ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་དང་། རྩོག་པུ་བ་དང་། གཞི་ཇི་བཞིན་པའོ། དང་པོ་རྙེད་པས་ཆོག་ཤེས་པའི་བསོད་སྙོམས་ནི། འདྲིས་པའི་ཁྱིམ་ནས་ཅི་ཐོབ་པ་དང་ཅི་རྙེད་པ་ཙམ་ཟ་བར་བྱེད་པའོ། གཉིས་པ་མཐར་གྱིས་སློང་བའི་བསོད་སྙོམས་ནི། ཁྱིམ་རྣམས་སུ་ཁང་ཁྱིམ་ནས་ཁང་ཁྱིམ་དུ་བླངས་ཤིང་བརྒྱུས་ཏེ་བསོད་སྙོམས་ཅི་ཐོབ་པ་དང་ཅི་རྙེད་པ་ཟ་བར་བྱེད་ཀྱི། བདག་གི་འདི་ནས་བཟའ་བ་དང་བཅའ་བ་བཟང་པོ་ཅི་ཙམ་འདོད་པ་ཐོབ་པར་འགྱུར་རོ་སྙམ་ནས་མགོ་འཕངས་གཏོད་དེ་ཁྱིམ་རྣམས་སུ་མི་འགྲོ་བ་གང་ཡིན་པའོ། ཞེས་གསུངས་སོ།།
༤༠༽དྲོད་རིག་པ་དང་ སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་ཞེས་པ་གང་ཡིན?
ལན=དྲོད་རིག་པ་ནི། འདི་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་རྣམས་ཀྱིས། འདི་ལྟ་སྟེ། ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་དང་། ནད་གྱི་གསོས་སྨན་དང་། ཡོ་བྱད་ཐམས་ཅད་ཀྱིས་ལེགས་པར་མགྲོན་དུ་གཉེར་བ་ན་དེ་ལ་བླང་བའི་ཚོད་ཤེས་པ་ཡིན་ནོ། སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་ནི། རིགས་མཐོན་པོ་ལས་རབ་ཏུ་བྱུང་བའམ། ཕྱུག་པོའི་ཁྱིམ་ནས་རབ་ཏུ་བྱུང་བའམ། གཟུགས་བཟང་བའམ། ལྟ་ན་སྡུག་པའམ། མཛེས་པའམ། མང་དུ་ཐོས་པའམ། དམ་ཚིག་གི་བྱ་བ་དང་ལྡན་པ་ཡིན་ནམ། ཡེ་ཤེས་ཙམ་མམ། བདེ་བ་ལ་རེག་པར་གནས་པ་ཙམ་གང་ཡང་རུང་བ་ཞིག་ཐོབ་པར་འགྱུར་བ་ཡིན་ན་ཡང་། དེས་བདག་ལ་བསྟོད་པར་མི་བྱེད་ཅིང་གཞན་ལ་སྨད་པར་མི་བྱེད་ལ་ཆོས་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བྱ་བ་ཁོ་ན་བདེན་པར་རིག་ནས་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་ཡིན་ནོ།།
༤༡༽བཟོད་པ་ཆེ་བ་ཞེས་པའི་དོན་ཇི་ལྟར་གསུངས་འདུག?
ལན=བཟོད་པ་ཆེ་བ་ཞེས་པའི་དོན་ནི། གཤེ་ཡང་ཕྱིར་མི་གཤེ་བ་དང་། ཁྲོས་ཀྱང་ཕྱིར་མི་ཁྲོ་བ་དང་། བརྡེག་ཀྱང་ཕྱིར་མི་བརྡེག་པ་དང་། འཚང་དྲུས་ཀྱང་ཕྱིར་འཚང་མི་འདྲུ་ཞིང་། ཚེ་དང་ལྡན་པ་དེ་གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིང་དང་། རླུང་དང་ཉི་མ་དང་སྡིག་སྦྲུལ་གྱི་རེག་པ་རྣམས་དང་། གཞན་ལས་ངན་དུ་བརྗོད་པ་རྣམས་དང་། ངན་པ་འོངས་པའི་ཚིག་གི་ལམ་དག་བཟོད་པ་དང་། ལུས་ཀྱི་ཚོར་བ་སྡུག་བསྔལ་མི་བཟོད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་དག་ཀྱང་བཟོད་ཅིང་དང་དུ་ལེན་པའི་རང་བཞིན་ཅན་ནོ།།
༤༡༽དད་པ་ནས་གྱ་ནོམ་པའི་བར་གྱི་ཆོས་དེ་དག་དང་ལྡན་པས་དགོས་པ་ཅི་ཞིག་འགྲུབ་བམ?
ལན=དད་པ་ནས་གྱ་ནོམ་པའི་བར་གྱི་ཆོས་དེ་དག་དང་ལྡན་པས་ཆོས་འདོད་པ་དང་། རྙེད་པ་དང་བཀུར་སྟི་དང་། སྙན་པའི་སྒྲའི་ཚོགས་མི་འདོད་པ་ཡིན་ཞིང་། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་ལོག་པའི་ལྟ་བ་དང་མི་ལྡན་ཏེ། དེ་མེད་པའི་ཆོས་ལ་སྒྲོ་འདོགས་པར་མི་བྱེད་མི་ཡོད་པའི་ཆོས་ལ་སྐུར་པ་འདེབས་པར་མི་བྱེད་པས་སོ།།
༤༢༽ཐོས་བསམ་གྱི་སྙིང་པོ་བསམ་གཏན་ལ་འཇུག་པའི་ཚུལ་ཇི་ལྟར་ཡིན་ནམ?
ལན=ཐོས་བསམ་གྱི་སྙིང་པོ་བསམ་གཏན་ལ་འཇུག་པའི་ཚུལ་ཇི་ལྟར་ཡིན་ནམ་ཞེ་ན་ཇོ་བོ་རྗེ་ལྷ་གཅིག་གིས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་།། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།། ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་དུ་བླང་བར་གྱིས།། ཞེས་པས། ཡང་ན་རྣལ་འབྱོར་སྒོམ་པའི་གདམས་ངག་ལ་ཐོས་བསམ་བྱས་ཏེ་བསྒོམ་པར་བྱའོ།། ཞེས་གསུངས་སོ།།
༤༣༽རང་ལུགས་ལ་ཐོས་པ་དང་སྒོམ་པ་གཉིས་གདུལ་བྱ་གང་དང་གང་ལ་བརྟེན་ནས་བསྔགས་པ་མཛད་དམ?
ལན=ཇི་སྐད་དུ། གདུལ་བྱ་སྤྲོས་ན་མགུ་ལ། སྤྲོས་ཏེ་བཤད་པ་བཟོད་པ་ནི། ལུང་རྒྱས་པ་ལ་ཐོས་བསམ་བྱེད་ཅིང་དེའི་དབང་དུ་མཛད་དེ། ཐོས་པས་དོན་མ་ཡིན་པ་སྤོང་སོགས་ཐོས་པ་བསྔགས་སོ། །ཡང་དག་འཇོག་ལ་མོས་ཤིང་། ཉུང་ངུ་ལས་མི་བཟོད་པ་དེ་དག་གི་དབང་དུ་མཛད་ནས། ཐོས་པ་མང་པོ་ཐོས་པ་མིན། །ཚིག་གཅིག་ཐོས་པ་ཐོས་པའི་མཆོག། ལ་སོགས་པ་དང་། ཕལ་ཆེན་ལས། ཇི་ལྟར་དམུས་ལོང་རི་མོ་མཁན།། ཚོང་འདུས་དབུས་སུ་ཕྱིན་བྱས་ནས། །སྐྱེ་བོ་མང་པོ་དགའ་བྱས་ཀྱང་། །རང་གིས་སྐད་ཅིག་མཐོང་བ་མེད། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཞེས་སོགས།།
༤༤༽བླ་མ་ལས་རྣལ་འབྱོར་སྒོམ་པའི་གདམས་ངག་ནོས་ནས གང་ཉིད་གང་དུ་ཕྱིན་ཏེ་སྒོམ་དགོས་པ་ཡིན་པ་ཡིན་པ་དང་མ་སྒོམ་ན་དེ་གང་གི་གཉེན་པོར་མ་སོང་བ་ཡིན་ནམ?
ལན=བླ་མ་ལས་རྣམ་འབྱོར་སྒོམ་པའི་གདམས་ངག་ནོས་ནས་གང་ཉིད་གང་དུ་ཕྱིན་ཏེ་སྒོམ་དགོས་པ་ཡིན་ཞེ་ན། རི་ཁྲོད་དམ་དགོན་པ་དབེན་པར་ཕྱིན་ཏེ་སྒོས་དགོས། མ་སྒོམ་ན་ཐོས་པ་དེ་ཉོན་མོངས་པའི་གཉེན་པོར་མི་འགྲོ། ཉོན་མོངས་པའི་གཉེན་པོར་མ་སོང་ན་ཆོས་ལམ་དུ་མ་སོང་བ་ཡིན། ཞེས་གསུངས་སོ།།
༤༥༽ལུས་དབེན་པ་དང་སེམས་དབེན་པ་ཞེས་པ་ཇི་ལྟར་ཡིན?
ལན=ལུས་དབེན་པ་དང་སེམས་དབེན་པ་ཞེས་པ་ཇི་ལྟར་ཡིན་ཞེ་ན། དང་པོར་ལུས་དབེན་པ་ནི་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་རྣམས་དང་ལྷན་ཅིག་མི་གནས་པ་གང་ཡིན་པའོ། །སེམས་དབེན་པ་ནི། ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་ཡིད་ལ་བྱེད་པ་སྤངས་ཏེ། མཉམ་པར་བཞག་པའི་ས་པའམ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་སྦྱོར་བ་ལས་བྱུང་བའི་ཡིད་ལ་བྱེད་པ་དགེ་བ་དོན་དང་ལྡན་པར་བྱེད་པའོ།།
༤༦༽རྣལ་འབྱོར་སྒོམ་པ་དངོས་བཤད་པ་ལ་ས་བཅད་ག་ཚོད་ཡོད་ངོས་ཟུངས་ནས་ཏིང་ངེ་འཛིན་ཅེས་པ་གང་ལ་ཟེར་རམ?
ལན=རྣལ་འབྱོར་སྒོམ་པ་དངོས་བཤད་པ་ལ་ས་བཅད་དབྱེ་བ་གསུམ་ཡོད་དེ། ཞི་གནས་སྒོམ་པ། ལྷག་མཐོང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་སྒོམ་པའོ། དང་པོ་ཏིང་ངེ་འཛིན་གང་ལ་ཟེར་ན་་ཡང་དང་ཡང་དུ་རྗེས་སུ་དྲན་པ་དང་། ཆ་མཐུན་པ་ལ་དམིགས་པ་དང་། རྒྱུན་དང་ཁ་ན་མ་ཐོ་བ་མེད་པ་དང་། དགའ་བ་དང་ལྡན་པའི་སེམས་ཀྱི་རྒྱུན་གང་ཡིན་པ་སྟེ། དེ་ནི་ཏིང་ངེ་འཛིན་ཅེས་བྱའོ།།
༤༧༽ཞི་གནས་ཀྱི་ཕྱོགས་ཀྱི་སེམས་རྩེ་གཅིག་པ་དང་ལྷག་མཐོང་གི་ཕྱོགས་ཀྱི་སེམས་རྩེ་གཅིག་པ་གཉིས་སོ་སོར་བྲིས?
ལན=ཞི་གནས་ཀྱི་ཕྱོགས་དང་ལྷག་མཐོང་གི་ཕྱོགས་གཉིས་ཡོད་པའི་སེམས་གནས་པ་རྣམ་པ་དགུ་པོ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་ཕྱོགས་སོ། །ཤེས་རབ་ཀྱི་དཔྱོད་པ་རྣམ་པ་བཞི་པོ་གང་ཡིན་པ་དེ་ནི་ལྷག་མཐོང་གི་ཕྱོགས་ཡིན་ནོ།།
༤༨༽སེམས་གནས་པ་རྣམ་པ་དགུ་དང་སྟོབས་རྣམ་པ་དྲུག་ངོས་ཟུངས?
ལན=སེམས་གནས་པ་རྣམ་པ་དགུ་ནི། དགེ་སློང་སེམས་ནང་ཁོ་ནར་འཇོག་པ་དང་། ཡང་དག་པར་འཇོག་པར་བྱེད་པ་དང་། བསྡུས་ཏེ་འཇོག་པར་བྱེད་པ་དང་། ཉེ་བར་འཇོག་པར་བྱེད་པ་དང་། དུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། ཉེ་བར་ཞི་བར་བྱེད་པ་དང་། རྒྱུད་གཅིག་ཏུ་བྱེད་པ་དང་། ཏིང་ངེ་འཛིན་དུ་བྱེད་པའོ། དེ་ལ་སྟོབས་རྣམ་པ་དྲུག་ནི། ཐོས་པའི་སྟོབས། བསམ་པའི་སྟོབས། དྲན་པའི་སྟོབས། ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས། ཡོངས་སུ་འདྲིས་པའི་སྟོབས་སོ།།
༤༩༽སྟོབས་རྣམ་པ་དྲུག་གིས་སེམས་གནས་པ་རྣམ་དགུ་པོ་འགྲུབ་ཚུལ་བྲིས་ནས་སེམས་གནས་པ་རྣམ་པ་དགུ་ལས་གང་དང་གང་ལ་ཡིད་ལ་བྱེད་པ་གང་དང་གང་ལྡན་ནམ?
ལན=ཐོས་པའི་སྟོབས་དང་བསམ་པའི་སྟོབས་ཀྱིས་ནི། དང་པོ་ཁོ་ནར་སེམས་དམིགས་པ་འཇོག་པར་བྱེད་ཅིང་དེ་ཉིད་ལ་གཏོང་བའི་ཚུལ་གྱི་ཡང་དག་པར་འཇོག་པར་བྱེད་དོ། དེ་ལྟར་སེམས་གཏད་པ་ལ། དྲན་པའི་སྟོབས་ཀྱིས་ཡང་དག་པར་སྡུད་ཅིང་རྣམ་པར་གཡེང་བར་མི་བྱེད་པས་བསྡུས་ཏེ་འཇོག་པ་དང་། ཉེ་བར་འཇོག་པར་བྱེད་དོ། །དེ་ནས་ཤེས་བཞིན་གྱི་སྟོབས་ཀྱིས་ནི་རྣམ་པར་རྟོག་པ་དང་། ཉེ་བའི་ཉོན་མོངས་པའི་མཚན་མ་དག་ལ་འཕྲོ་བར་མི་བྱེད་པས་དུལ་བ་དང་ཞི་བར་བྱེད་དོ། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་དེ་གཉིས་ཀ་ཀུན་ཏུ་འབྱུང་བ་དང་དུ་མི་ལེན་ཞིང་རྒྱུད་གཅིག་ཏུ་བྱེད་དོ། །དེ་ལ་འཇོག་པར་བྱེད་པ་དང་ཡང་དག་པར་འཇོག་པར་བྱེད་པ་ལ་ནི་སྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་ཡོད་ལ། བསྡུས་ཏེ་འཇོག་པ། ཉེར་འཇོག །འདུལ་བྱེད། །ཞི་བྱེད། ཉེ་བར་ཞི་བྱེད་ལ་བར་ཆད་ཅིང་འཇུག་པའི་ཡིད་ལ་བྱེད་པ་ཡོད། རྒྱུད་གཅིག་ཏུ་བྱེད་པ་ལ་ནི། བར་དུ་ཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་ཡོད། ཏིང་ངེ་འཛིན་དུ་བྱེད་པ་ལ་ནི། ལྷུན་གྱིས་གྲུབ་པར་འཇུག་པའི་ཡིད་ལ་བྱེད་པ་ཡོད་དེ། དེ་ལྟར་ཡིད་ལ་བྱེད་པ་བཞི་དང་ལྡན་ནོ།།
༥༠༽མཚན་མ་ཙམ་གྱི་རྗེས་སུ་ཞུགས་པའི་ལྷག་མཐོང་ཞེས་པའི་དོན་བྲིས?
ལན=མཚན་མ་ཙམ་གྱི་རྗེས་སུ་ཞུགས་པའི་ལྷག་མཐོང་ཞེས་པའི་དོན་ནི་གང་གི་ཐོས་པ་གཟུང་བའི་ཆོས་སམ་གདམས་ངག་ལ་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་ཅིང་སེམས་པར་མི་བྱེད། ཉེ་བར་རྟོག་པར་མི་བྱེད་པའོ།།
༥༡༽རྟོགས་པ་རྣམ་པ་གསུམ་ངོས་ཟུངས་ནས་སོ་སོའི་དོན་བྲིས?
ལན=རྟོགས་པ་རྣམ་པ་གསུམ་ནི། དོན་རྟོགས་པ་དང་། དངོས་པོའི་མཐའ་རྟོགས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། དེ་ལ་དོན་ཡོངས་སུ་རྟོགས་པ་ནི། སྨྲས་པའི་དོན་རྟོགས་པ་ཡིན་ནོ། དངོས་པོ་དང་རང་གི་མཚན་ཉིད་འཚོལ་བས་ནི་དངོས་པོའི་མཐའ་རྟོགས་པ་ཡིན་ནོ། སྤྱིའི་མཚན་ཉིད་དང་ཕྱོགས་དུས་རིགས་པ་ཡོངས་སུ་ཚོལ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་ནོ།།
༥༢༽མི་སྡུག་པ་རྣམ་པ་དྲུག་ངོས་ཟུངས་ནས་མི་གཙང་བའི་མི་སྡུག་པའི་དབྱེ་བ་དང་དབྱེ་བ་སོ་སོའི་དོན་བྲིས?
ལན=མི་སྡུག་པ་རྣམ་པ་དྲུག་ནི མི་གཙང་བའི་མི་སྡུག་པ་དང་། སྡུག་བསྔལ་གྱི་མི་སྡུག་པ་དང་། ངན་པའི་མི་སྡུག་པ་དང་། ལྟོས་པའི་མི་སྡུག་པ་དང་། ཉོན་མོངས་པའི་མི་སྡུག་པ་དང་། རབ་ཏུ་འཇིག་པའི་མི་སྡུག་པའོ། དང་པོ་ནང་ལ་བརྟེན་པ་དང་ཕྱི་རོལ་ལ་བརྟེན་པ་གཉིས་ཀྱི་ནང་ལ་བརྟེན་པ་ནི། ལུས་འདི་སྐྲ་ལ་སོགས་པ་མི་གཙང་བའི་རྫས་སོ་དྲུག་ཏུ་ཤེས་པར་བྱ་བ་ཡིན་ལ། ཕྱི་མ་ནི་རྣམ་པར་སྔོ་བ་སོགས་འདུ་ཤེས་དགུའམ་ཀེང་རུས་སུ་ལྟ་བ་གང་ཡིན་པའོ།།
༥༣༽འདོད་ཆགས་ལ་དབྱེ་ན་ག་ཚོད་ཡོད?
ལན=འདོད་ཆགས་ནི་ལྔ་སྟེ། ནང་གི་འདོད་པ་རྣམས་ནི་འདོད་པ་ལ་འདུན་པའི་འདོད་ཆགས་དང་། ཕྱི་རོལ་གྱི་འདོད་པ་རྣམས་ཀྱིས་འཁྲིག་པ་ལ་འདུན་པའི་འཁྲིག་པའི་འདོད་ཆགས་དང་། ཡུལ་ལ་འདུན་པ་ཡུལ་གྱི་འདོད་ཆགས་དང་། གཟུགས་ལ་འདུན་པ་གཟུགས་ཀྱི་འདོད་ཆགས་དང་། འཇིག་ཚོགས་ལ་འདུན་པ་འཇིག་ཚོགས་ཀྱི་འདོད་ཆགས་སོ།།
༥༤༽དབུགས་བརྔུབ་པ་དང་དབུགས་དབྱུང་བའི་ཚད་བྲིས?
ལན=དབུགས་བརྔུབ་དང་། དབུགས་དབྱུང་བའི་དམིགས་པ་དྲན་པ་གང་ཡིན་པའོ། དེ་ལ་དབུགས་བརྔུབ་པ་ནི། དབུགས་དབྱུང་བའི་མཇུག་ཐོགས་སུ་ཁ་ནང་དུ་བལྟས་པའི་རླུང་ལྟེ་བའི་ཕྱོགས་ཡན་ཆད་དུ་འཇུག་པ་གང་ཡིན་པའོ། །ཁ་ཕྱིར་བལྟས་པའི་རླུང་ལྟེ་བའི་ཕྱོགས་ཡན་ཆད་ནས་ཁའམ་སྣའི་རྩེ་མོའམ་དེ་བས་ཕྱི་རོལ་ཚུན་ཆད་ཀྱི་བར་དུ་ཕྱིར་དབྱུང་བ་ནི་དབྱུང་བའོ།།
༥༥༽ཡོངས་སུ་སྦྱངས་པ་ལྔ་ངོས་ཟུངས་ནས་བགྲང་བས་ཡོངས་སུ་བྱང་བ་དེ་གདུལ་བྱ་གང་ལ་བསྟན་པ་ཡིན་ནམ་དེ་ལ་བསྟན་དགོས་པའི་རྒྱུ་མཚན་ཡང་བྲིས?
ལན=ཡོངས་སུ་སྦྱངས་པ་ལྔ་ནི། བགྲང་བས་ཡོངས་སུ་སྦྱངས་པ་དང་། ཕུང་པོ་ལ་འཇུག་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པ་དང་། བདེན་པ་ལ་འཇུག་པ་དང་། རྣམ་པ་བཅུ་དྲུག་གིས་ཡོངས་སུ་སྦྱང་བའོ། བགྲང་བས་ཡོངས་སུ་བྱང་བ་དེ་ཡང་དབང་པོ་རྟུལ་པོ་རྣམས་ལ་བསྟན་པ་ཡིན་ཏེ། དེ་ནི་དེ་དག་གི་སེམས་གནས་པར་བྱ་བ་དང་། སེམས་མངོན་པར་དགའ་བར་བྱ་བ་ལ་རྣམ་པར་མི་གཡེང་བའི་གནས་ཡིན་གྱི། གཞན་དུ་བགྲང་བ་མེད་ན་དེ་དག་གི་སེམས་རྨུགས་པ་དང་གཉིད་ཀྱིས་ཀུན་ནས་དཀྲིས་པའི་སེམས་ཕྱི་རོལ་དུ་རྣམ་པར་གཡེང་བར་འགྱུར་བས་སོ།།
༥༦༽རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའི་ཚུལ་ཇི་ལྟར་ཡིན་ནམ?
ལན=མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་ངག་འདོན་པ་དང་། སྡུག་བསྔལ་པ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ།།
༥༧༽ཡིད་ལ་བྱེད་པ་རྣམ་པ་བདུན་མ་འདྲེས་པར་བྲིས་ནས་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ཞེས་པའི་གོ་དོན་ཡང་བྲིས?
ལན=ཡིད་ལ་བྱེད་པ་རྣམ་པར་བདུན་གང་ཞེ་ན། མཚན་ཉིད་སོ་སོར་རིག་པ། མོས་པ་ལས་བྱུང་བ་དང་། རབ་ཏུ་དབེན་པ་དང་། དགའ་བ་སྡུད་པ་དང་། དཔྱོད་པའི་ཡིད་ལ་བྱེད་པ་དང་། སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པ་དང་། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའོ། དེ་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ནི། ཡིད་ལ་བྱེད་པ་གང་གང་གིས་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་ཅིང་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་པའོ།།
༥༨༽བསམ་གཏན་དང་གཟུགས་མེད་ལ་སྙོམས་པར་འཇུག་པའི་ཚེ་རྟགས་ཇི་ལྟར་འབྱུང་ངམ?
ལན=དེ་ལ་བསམ་གཏན་ལ་སྙོམས་པར་འཇུག་པའི་ཚེ་ན། ལུས་སའི་འོག་ཏུ་འབྱིང་བར་སྣང་བ་ལྟ་བའིི་རྟགས་འབྱུང་ནོ། །གཟུགས་མེད་པ་དག་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ལུས་ནམ་མཁའ་ལ་འཕར་བ་ལྟ་བུའི་རྟགས་འབྱུང་ངོ་། ཞེས་གསུངས་སོ།།
༥༩༽སེམས་མེད་པའི་སྙོམས་འཇུག་གཉིས་ངོས་ཟུངས་ནས་དེ་གཉིས་ལ་ཞུགས་པའི་གང་ཟག་སོ་སོར་བྲིས?
ལན=དེ་ལ་སེམས་མེད་པའི་སྙོམས་པར་འཇུག་པ་ནི་རྣམ་པ་གཉིས་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པའོ། དེ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ནི་སོ་སོ་སྐྱེ་བོ་ཁོ་ན་སྙོམས་པར་འཇུག་པར་བྱེད་དོ། །འགོག་པའི་སྙོམས་པར་འཇུག་པ་ལ་ནི་འཕགས་པ་ཁོ་ན་སྙོམས་པར་འཇུག་པར་མཛད་དོ།།
༦༠༽ཡིད་ལ་བྱེད་པ་རྣམ་པ་གཉིས་ཀྱི་སྙོམས་འཇུག་གཉིས་ལ་སྙོམས་པར་འཇུག་ཚུལ་ཇི་ལྟར་ཡིན་ནམ?
ལན=དེ་ལ་ཡིད་ལ་བྱེད་པ་རྣམ་པ་གཉིས་ཀྱི་ནི་སྙོམས་པར་འཇུག་པ་དེ་གཉིས་ལ་སྙོམས་པར་འཇུག་པར་འགྱུར་ཏེ། འདི་ལྟ་སྟེ། འདུ་ཤེས་ལ་མི་ཕྱོགས་པའི་ཡིད་ལ་བྱེད་པས་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱེད། འདུ་ཤེས་མེད་འདུ་ཤེས་མེན་མིན་གྱི་སྐྱེ་མཆེད་ལས་བསྐྱོད་ཅིང་དམིགས་པ་ཡང་དག་པར་འགགས་པའི་ཡིད་ལ་བྱེད་པས་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱེད་དོ།།
༦༡༽བསམ་གཏན་ལ་བརྟེན་ནས་མངོན་པར་ཤེས་པ་འགྲུབ་ཚུལ་བྲིས?
ལན=བསམ་གཏན་པ་བསམ་གཏན་ཡོངས་སུ་དག་པ་ཐོབ་པ་དེ་བསམ་གཏན་ཡོངས་སུ་དག་པ་དེ་ལ་བརྟེན་ནས། རྫུ་འཕྲུལ་གྱི་ཡུལ་ལམ་སྔོན་གྱི་གནས་རྗེས་སུ་དྲན་པའམ། ལྷའི་རྣམ་བའམ་འཆི་འཕོ་བ་དང་། སྐྱེ་བ་ཤེས་པའི་སེམས་ཀྱི་རྣམ་གྲངས་ཤེས་པ་ལས་བརྩམས་ཏེ། མངོན་པར་ཤེས་པའི་དབང་དུ་བྱས་པའི་ཆོས་ཐོས་པ་དང་གཟུང་བ་དང་ཀུན་ཆུབ་པར་བྱས་པ་གང་ཡིན་པ་དེ་ཉིད་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་ཏེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དེས་དེ་ལྟ་དེ་ལྟར་སེམས་མངོན་པར་འདུ་བྱས་ཤིང་ལན་མང་དུ་བྱས་པའི་རྒྱུས་ན། དེའི་སྒོམ་པའི་འབྲས་བུ་མངོན་པར་ཤེས་པ་ལྔ་འབྱུང་བར་འགྱུར་བའི་དུས་ཀྱང་ཡོད། རྟགས་ཀྱང་ཡོད་པར་འགྱུར་རོ།།
༦༢༽བདེན་པ་བཞི་མ་འདྲེས་པར་བྲིས་ནས་ཅིའི་ཕྱིར་དེ་དག་ལ་བདེན་པ་ཞེས་བྱ་བ་ཡིན་ནམ་ཀུན་མཁྱེན་གྱིས་གསུངས་པ་ལྟར་བྲིས?
ལན=བདེན་པ་བཞི་ནི། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ། ཅིའི་ཕྱིར་དེ་དག་ལ་བདེན་པ་ཞེས་བྱ་ཞེ་ན། སྡུག་བསྔལ་ཡང་སྡུག་བསྔལ་བའི་དོན་དང་། ལམ་གྱི་བར་ཡང་ལམ་གྱི་བར་གྱི་དོན་གྱིས། ཡང་དག་པ། དེ་བཞིན་པ། ཕྱིན་ཅི་མ་ལོག་ཅིང་མ་སླད་པ་ཡིན་པས་ན་དེའི་ཕྱིར་བདེན་པ་ཞེས་བྱའོ། །རང་གི་མཚན་ཉིད་ཀྱི་མི་བསླུ་བ་དང་། དེ་མཐོང་ན་ཕྱིན་ཅི་མ་ལོག་པའི་བློ་དག་སྐྱེ་བར་འགྱུར་བས་ན་དེའི་ཕྱིར་ཡང་བདེན་པ་ཞེས་བྱའོ།།
༦༣༽ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པའི་དོན་དང་འཕགས་པའི་བདེན་པ་བཞི་པོ་རྣམས་ལ་ འཕགས་པའི་བདེན་པ་ཞེས་བརྗོད་པའི་ཚུལ་དང་བཞིར་འཇོག་པའི་རྒྱུ་མཚན་ཡང་བྲིས?
ལན=དང་པོ་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་དོན་ནི། འཕགས་པའི་བདེན་པ་བཞི་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཤེས་ར་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པའོ། གཉིས་པ་ཅིའི་ཕྱིར་དེ་དག་ལ་འཕགས་པའི་བདེན་པ་ཞེ་ན། འཕགས་པ་རྣམས་ཀྱི་དེ་དག་གེ་ཁོ་ན་ལྟ་བུ་ཡིན་པར་བདེན་པའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་ཅིང་གཟིགས་ཀྱི། བྱིས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་མཐོང་བས་ན་དེའི་ཕྱི་འཕགས་པའི་བདེན་པ་རྣམས་ཞེས་བྱའོ། གསུམ་པ་བཞིར་འཇོག་པའི་རྒྱུ་མཚན་ནི། ནག་པོའི་ཕྱོགས་དང་དཀར་པོའི་ཕྱོགས་ལ་བརྟེན་པའི་རྒྱུ་དང་འབྲས་བུ་རྣམ་པར་བཞག་པས་བདེན་པ་བཞིར་བཞག་སྟེ། དེ་ལ་བདེན་པ་སྡུག་བསྔལ་ནི་ནག་པོའི་ཕྱོགས་ཀྱི་འབྲས་བུ་ཡིན། བདེན་པ་ཀུན་འབྱུང་ནི་རྒྱུ་ཡིན། བདེན་པ་འགོག་པ་ནི་དཀར་པོའི་ཕྱོགས་ཀྱི་འབྲས་བུ་ཡིན། བདེན་པ་ལམ་ནི་རྒྱུ་ཡིན། དེ་དག་རིམ་པ་བཞིན་ནད་དང་། ནད་ཀྱི་རྒྱུ། ནད་ཞི་བ་དང་། སྨན་བསྟེན་པ་ལྟ་བུས་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། འགོག་པ་ཐོབ་བྱ། ལམ་བསྟེན་བྱར་བཤད་དོ།། ཞེས་སོ།།
༦༤༽བྱང་ཕྱོགས་སོ་བདུན་པོ་ལམ་གང་དང་གང་ལ་སྒོམ་པ་ཡིན་པར་གསུངས་འདུག་གམ?
ལན=བྱང་ཕྱོགས་སོ་བདུན་པོ་ལམ་གང་དང་གང་ལ་སྒོམ་པ་ཡིན་ཞེ་ན། ལམ་དེ་དག་ལས་ཚོགས་ལམ་དུ་དྲན་པ་ཉེར་བཞག་བཞི་སྒོམ། དྲོད་དུ་ཡང་དག་སྤོང་བ་བཞི། རྩེ་མོར་རྫུ་འཕྲུལ་རྐང་པ་བཞི། བཟོད་པར་དབང་པོ་ལྔ། ཆོས་མཆོག་ཏུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན། སྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་སྒོམ་མོ། ཞེས་སོ།།
༦༥༽ཡང་དག་སྤོང་བ་བཞི་ལས་ཕྱི་མ་གཉིས་ལ་ཡང་དག་སྤོང་བ་ཞེས་པའི་རྒྱུ་མཚན་བྲིས?
ལན=ཡང་དག་སྤོང་བ་བཞི་ལས་ཕྱི་མ་གཉིས་ལ་ཡང་དག་སྤོང་བ་ཞེས་པའི་རྒྱུ་མཚན་ནི་དགེ་བ་སྐྱེ་བ་དང་གནས་པའི་མི་མཐུན་ཕྱོགས་སྤོང་བས་དེ་སྐད་གདམས་པར་མཛད་པས་མི་རིགས་པ་མ་ཡིན་ནོ།།
༦༦༽སྤོང་བའི་འདུ་བྱེད་བརྒྱད་དང་བྱང་ཆུབ་ཀྱི་ཡན་ལག་བདུན་ངོས་ཟུངས?
ལན=སྤོང་བའི་འདུ་བྱེད་བརྒྱད་ནི་འདུན་པ་དང་། རྩོལ་བ། དད་པ། ཤིན་ཏུ་སྦྱངས་པ། དྲན་པ། ཤེས་བཞིན། སེམས་པ་དང་། བཏང་སྙོམས་སོ། བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དྲན་པ་ཤིན་ཏུ་འབྲེལ་བ་དང་། རབ་ཏུ་ཤེས་པ། བརྩོན་འགྲུས། དགའ་བ། བག་ཡང་། ཏིང་ངེ་འཛིན། བཏང་སྙོམས་ཤིན་ཏུ་འབྲེལ་བའོ།།
༦༧༽ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན། བཏང་སྙོམས་གསུམ་པོ་ཉོན་མོངས་པ་མེད་ཡན་ལག་ཚུལ་བྲིས?
ལན=ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ལུས་དང་སེམས་ཤིན་སྦྱངས་ལ་གནས་པའི་སྟོབས་ཀྱི་ཉོན་མོངས་པ་སྤངས་པ་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཡན་ལག་ནི། ཏིང་ངེ་འཛིན་གང་གིས་དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ་སོ་རང་གིས་རིག་ཅིང་དེ་བཞིན་ཉིད་མངོན་སུམ་དུ་བྱེད་པའོ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཡིད་བདེ་བ་དང་ཡིད་མི་བདེ་བ་གང་གི་དབང་དུ་ཡང་མི་འགྱུར་ཞིང་ཆགས་པ་དང་ཁོང་ཁྲོ་བས་སེམས་ཀུན་ཏུ་མ་ཟིན་པ་འཇིག་རྟེན་གྱི་ཆོས་རྣམས་ཀྱི་མི་ཕྲོགས་པའོ།།
༦༨༽འཕགས་ལམ་ཡན་ལག་བརྒྱད་པོ་དེ་དག་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ཚུལ་ཇི་ལྟར་གསུངས་འདུག་གམ?
ལན=འཕགས་ལམ་ཡན་ལག་བརྒྱད་པོ་དེ་དག འཁོར་ལོ་དང་འདྲ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཇི་ལྟར་འཁོར་ལོ་ལྟེ་བ་དང་། རྩིབས་དང་མུ་ཁྱུད་གསུམ་གྱིས་འཁོར་ལོར་གྱུར་པ་དེ་བཞིན་དུ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ། ངག་ལས་འཚོ་གསུམ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཞེས་བྱ་སྟེ་ཚུལ་ཁྲིམས་ཀྱི་ཕུང་པོར་གཏོགས་པ་ལྟེ་བ་དང་འདྲའོ། །ལྟ་རྟོག་དྲན་རྩོལ་བཞི་ཤེས་རབ་ཀྱི་ཕུང་པོར་གཏོགས་ཏེ་རྩིབས་དང་འདྲའོ། ཏིང་ངེ་འཛིན་ནི་སྤྲོས་པ་ཐམས་ཅད་ཞི་བར་བྱེད་པས་མུ་ཁྱུད་དང་འདྲའོ། རྒྱུ་མཚན་དེ་བས་ན་ཆོས་ཀྱི་འཁོར་ལོ་དང་འདྲ་བ་ཡིན་ནོ།།
༦༩༽རང་རྒྱལ་གྱི་རྟོགས་བྱ་ལྟ་བའི་ཁྱད་པར་བྲིས?
ལན=རང་རྒྱལ་གྱི་རྟོགས་བྱ་ལྟ་བའི་ཁྱད་པར་ནི། མགོན་པོ་བྱམས་པས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། ཞེས་གང་ཟག་གི་བདག་མེད་པ་ཁོང་དུ་ཆུད་པའི་ཡེ་ཤེས་ཙམ་དུ་མ་ཟད་ཆོས་ཀྱི་བདག་མེད་པའི་ཡང་ཕྱོགས་གཅིག་རྟོགས་པར་བཤད་དོ།།
༧༠༽རང་རྒྱལ་ཀྱི་བསྒོམ་བྱ་ཉམས་ལེན་གྱི་ཁྱད་པར་ལ་རྒྱུ་གསུམ་དང་རྐྱེན་བཞིར་གསུངས་ན་དེ་དག་གང་ཡིན?
ལན=རང་རྒྱལ་ཀྱི་བསྒོམ་བྱ་ཉམས་ལེན་གྱི་ཁྱད་པར་ལ་དང་པོ་རྒྱུ་གསུམ་ནི། བསགས་པའི་རྒྱུ། སངས་རྒྱས་མཉེས་པར་བྱེད་པའི་རྒྱུ། རིགས་ཀྱི་རྒྱུའོ། གཉིས་པ་རྐྱེན་བཞི་ནི། ཡོན་ཏན་དང་། གནས་དང་། རྟོག་པ་དང་། འབྱུང་བའོ།།
༧༡༽སངས་རྒྱས་མཉེས་པར་བྱེད་པའི་རྒྱུ་གཉིས་པོ་ངོས་ཟུངས་ནས་གཉིས་པོ་སོ་སོའི་གོ་དོན་ཡང་བྲིས?
ལན=སངས་རྒྱས་མཉེས་པར་བྱེད་པའི་རྒྱུ་ནི་རྣམ་པ་གཉིས་ཏེ། ཆོས་ཉིད་ཀྱིས་མཉེས་པར་བྱེད་པ་དང་། ཟང་ཟིང་གིས་མཉེས་པར་བྱེད་པའོ། དང་པོ་སངས་རྒྱས་ཀྱིས་ཇི་སྐད་དུ་བསྟན་པའི་བཀའ་ལུང་དང་། བསླབ་པའི་ཚིག་ལས་འདའ་བར་མི་བྱེད་པའོ།། གཉིས་པ་བསྐལ་པ་བརྒྱའི་བར་དུ་ཕྱག་འཚལ་བ་དང་། སྐོར་བ་དང་ཆོས་གོས་ལ་སོགས་པའི་བསྙེན་བཀུར་བྱེད་པ་སྟེ་གཉིས་པོ་ལ་ཞུམ་ཞིང་དཔའ་བཀོང་བ་མེད་པའི་ཕྱིར་རོ།།
༧༢༽རྟེན་ཅིང་འབྲེལ་འབྱུང་ཞེས་པ་སོ་སོས་གང་དང་གང་འགོག་པ་དང་རྟེན་འབྲེལ་བཤད་པའི་རྒྱུ་མཚན་ཡང་བྲིས?
ལན=རྟེན་ཅེས་པས་རྒྱུ་དང་རྐྱེན་ལ་བརྟེན་ཏེ་འབྱུང་བ་ཡིན་པས་ན། འདིས་ནི་རྒྱུ་མེད་པར་སྨྲ་བ་འགོག་པར་བྱེད་དོ། འབྲེལ་ཅེས་པས། རྒྱུ་དང་འབྲས་བུ་མཐུན་པ་ལས་སྐྱེ་ཡི་མི་མཐུན་པ་ལས་མ་ཡིན་ཏེ། དཔེར་ན་མ་རིག་པ་ལས་འདུ་བྱེད་འབྱུང་གི། དབང་ཕྱུག་དང་བྱེད་པ་པོ་ལས་མི་འབྱུང་བས་དེས་ནི་མི་མཐུན་པས་དེས་ནི་མི་མཐུན་པ་རྒྱུར་སྨྲ་བ་འགོགས་པར་བྱེད་དོ། འབྱུང་བས་རྒྱུ་དང་འབྲས་བུ་བར་ཆད་མེད་པར་སྐྱེ་བ་ལ་བྱ་སྟེ། འདིས་ནི་མེད་པར་སྨྲ་བ་འགོག་པར་བྱེད་དོ།། ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་བཤད་ཅེ་ན། འགྲོ་བ་འདི་དག་མ་རིག་པའི་རྐྱེན་ལས་སྐྱེ་ཡི། མི་མཐུན་པའི་རྒྱུ་དང་རྒྱུ་མེད་པ་ལས་མི་སྐྱེའོ། ཞེས་བསྟན་པའི་ཕྱིར་རོ།།
༧༣༽ཕྱིའི་རྟེན་འབྲེལ་དང་ནང་གི་རྟེན་འབྲེལ་སོ་སོར་ངོས་ཟུངས?
ལན=ཕྱིའི་རྟེན་འབྲེལ་ནི། ས་བོན་ལས་མྱུ་གུ མྱུ་གུ་ལས་འདབ་མ། འདབ་མ་ལས་སྡོང་བུ། སྡོང་བུ་ལས་སྦུ་གུ སྦུ་གུ་ལས་སྙིང་པོ། སྙིང་པོ་ལས་མེ་ཏོག མེ་ཏོག་ལས་འབྲས་བའོ། རྐྱེན་དྲུག་སྟེ་ས་ཆུ་མེ་རླུང་ནམ་མཁའ་དུས་ཀྱི་ཁམས་སོ། ནང་གི་རྟེན་འབྲེལ་ནི། རྣམ་པ་གཉིས་ཏེ། ལུགས་སུ་འབྱུང་བ་དང་། ལུགས་སུ་མི་འབྱུང་བའོ།
༧༤༽རྟེན་འབྲེལ་ལུགས་འབྱུང་ལ་རྒྱུ་དང་འབྲེལ་བ་དང་རྐྱེན་དང་འབྲེལ་བ་སོ་སོའི་དོན་བྲིས?
ལན=དེ་ལ་རྒྱུ་དང་འབྲེལ་བ་ནི། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས། རྣམ་ཤེས་ཀྱི་རྐྱེན་གྱིས་མིང་གཟུགས། མིང་དང་གཟུགས་གྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། ཞེས་སོ།།
༧༥༽རྟེན་འབྲེལ་བཅུ་གཉིས་པོ་ཡན་ལག་ལྔར་འགྱུར་ཚུལ་དང་ལས་དང་ཉོན་མོངས་ཚེ་གསུམ་དུ་འགྱུར་ཚུལ་བྲིས?
ལན=རྟེན་འབྲེལ་བཅུ་གཉིས་པོ་ཡན་ལག་ལྔར་ཡང་འགྱུར་ཏེ། དང་པོ་གསུམ་འཕེན་པའི་ཡན་ལག་ཏེ། འོག་མ་བཞི་འཕངས་པའི། དེའི་འོག་མ་གསུམ་སྒྲུབ་པའི། སྐྱེ་བ་མངོན་པར་འགྲུབ་པའི། རྒ་ཤི་ཉེས་དམིགས་ཡན་ལག་གོ། ད་ལས་དང་ཉོན་མོངས་ཚེ་གསུམ་དུ་ཡང་འགྱུར་ཏེ། མ་རིག་སྲེད་ལེན་ཉོན་མོངས། འདུ་བྱེད་སྲིད་པ་ལས། ལྷག་མ་བདུན་ནི་ཚེ་སྟེ་སྡུག་བསྔལ་ཞེས་ཀྱང་བྱའོ།། ཞེས་པས་སོ།།
༧༦༽ཉན་ཐོས་ཀྱི་འབྲས་བུ་སྤངས་རྟོགས་ཀྱི་སྒོ་ནས་ཕྱེ་ཚུལ་བྲིས?
ལན=དེའི་འབྲས་བུ་ཐོབ་ནི་རྣམ་པ་བཞི་སྟེ། རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ་པ། དེ་ལ་ཞུགས་པ་བཞི་སྟེ་འཕགས་པའི་གང་ཟག་ཡ་བརྒྱད་ཅེས་བྱ། དགྲ་བཅོམ་པ་ནི་རྒྱན་ཅན་རྒྱན་མེད། དང་པོ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ། གཉིས་པ་ཤེས་རབ་རྐྱང་གྲོལ་བའོ། དེ་རྟོགས་པས་ཕྱེ་བའོ། སྤངས་པ་ནི། ཁམས་གསུམ་གྱི་ཕྲ་རྒྱས་ཐམས་ཅད་སྤངས་ལ་ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལྷག་མ་ཡང་མེད་པ་ཞི་བའི་དབྱིངས་སུ་གནས་པའོ། །
༧༧༽རང་རྒྱལ་གྱི་འབྲས་བུ་ལ་དབྱེ་བ་ག་ཚོད་ཡོད?
ལན=རང་རྒྱལ་གྱི་འབྲས་བུ་ལ་དབྱེ་བ་ཏིང་ངེ་འཛིན་ཐོབ་པ་དང་། མངོན་པར་བྱང་ཆུབ་ཐོབ་པ་ཡང་རྣམ་པ་གཉིས་ཏེ། མི་གཡོ་བ་ཐོབ་པ་དང་རྒྱུན་དུ་ཡིད་ལ་བྱེད་པའོ།།
༧༨༽མི་གཡོ་བ་ཐོབ་པ་དང་ རྒྱུན་དུ་ཡིད་ལ་བྱེད་པ་ཞེས་པ་ཇི་ལྟར་ཡིན་ནམ?
ལན=མི་གཡོ་བ་ཐོབ་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་ཏིང་ངེ་འཛིན་གྱི་ཡུལ་དམིགས་པའི་སེམས་རྩེ་གཅིག་ཏུ་གནས་པ་ཐོབ་པས་ཕྱི་རོལ་ཏུ་མི་གཡེང་བར་ནུས་པའོ། །རྒྱུན་དུ་ཡིད་ལ་བྱེད་པ་ནི་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དེ་དག་ལ་རྒྱུན་དུ་ཡིད་ལ་བྱེད་པའོ།།
༧༩༽མངོན་པར་བྱང་ཆུབ་རྣམ་པ་གཉིས་ངོས་ཟུངས་ནས་དེ་དག་གི་དོན་ཡང་བྲིས?
ལན=མངོན་པར་བྱང་ཆུབ་རྣམ་པ་གཉིས་ནི། སྟོན་པ་དང་རྗེས་སུ་བསྟན་པ་མེད་པར་བྱང་ཆུབ་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་མངོན་པར་བྱང་ཆུབ་པའོ། དང་པོ་ནི་མཁན་པོ་དང་སློབ་དཔོན་མེད་པར་ཟད་ལ་མི་སྐྱེ་བའི་ཡེ་ཤེས་བསྐྱེད་པར་བྱེད་པའོ།།གཉིས་པ་དམིགས་པའི་ཡུལ་གང་ཡང་རུང་བ་ལས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་དུ་ཤེས་ཤིང་ཁོང་དུ་ཆུད་པའོ།། ཞེས་གསུངས་སོ།།
སྐྱེས་བུ་གསུམ་ལས་རྒྱུ་མཚན་ཉིད་ཐེག་པའམ་ལམ་འཁྲུལ་པ་སེལ་བའི་དྲི་བ་དྲིས་ལན་བཞུགས་སོ།།
༡༽མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་ཚུལ་ཇི་ལྟར་ཡིན་ནམ?
ལན=འདུལ་བའི་དབང་གི་ཕྱིར་མོས་པའི་རྐྱེན་ཙམ་དུ་དབང་པོའི་རིམ་པ་དང་སྦྱར་ནས་ཐེག་པ་གསུམ་དུ་བཤད་། དེའི་ཉན་ཐོས་དང་རང་སངས་རྒྱས་ནི་འཁོར་བས་སྐྱོ་ཞིང་སྡུག་བསྔལ་བ་མི་བཟོད་པས། དེ་མྱུར་དུ་ཞི་བར་བྱ་བའི་ཕྱིར་རིང་ཐབས་བསྟི་བའི་གནས་ཙམ་དུ་ཟད་ཏེ། གཏན་དུ་མྱ་ངན་ལས་འདའ་བའི་གནས་མ་ཡིན་པས། འབྲས་བུ་ཐོབ་ནས་སངས་རྒྱས་ཀྱིས་བསྐུལ་ཏེ་ཆོས་ལ་བདག་མེད་པར་རྟོགས་པར་མཛད་ཅིང་། བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱོད་དུ་བཅུག །དེས་བསྒྲུབས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་་པར་འཚང་རྒྱ་སྟེ། མཐའ་མར་ཐེག་པ་ཆེན་པོར་འདུ་བས་སོ།།
༢༽བདེན་གཉིས་ལྟ་བ་ཞེས་པའི་བདེན་གཉིས་ངོས་ཟུངས་ནས་དེ་གཉིས་ཀྱི་དོན་བློ་གྲོས་མི་ཟད་པའི་མདོ་སོགས་ལས་བསྟན་པ་ལྟར་བྲིས?
ལན=གཞུང་ལས། བདེན་གཉིས་ལྟ་བ་་་་་་་།།
ཞེས་པས་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའོ།། དང་པོ་ནི་བློ་གྲོས་མི་ཟད་པའི་མདོ་ལས། ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན་འཇིག་རྟེན་གྱི་ཐ་སྙད་དང་། ཡི་གེ་དང་སྒྲ་དང་བརྡས་བསྟན་པ་ཇི་སྙེད་པ་ཞེས་གསུངས། གཉིས་པ་དོན་དམ་བདེན་པའམ་བློ་གྲོས་མི་ཟད་པའི་མདོ་ལས། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་པ་སྟེ་ཡི་གེ་ལྟ་ཅི་སྨོས་ཞེས་གསུངས་སོ།།
༣༽བདེན་པ་གཉིས་སུ་འཇོག་པའི་དགོས་པ་ཞུ?
ལན=བདེན་པ་གཉིས་སུ་འཇོག་པའི་དགོས་པ་ནི། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས།། མེད་པར་ཡང་དག་ཁང་ཆེན་གྱི།། སྟེང་དུ་འགྲོ་བར་བྱེད་པ་ནི། མཁས་ལ་རུང་བ་མ་ཡིན་ནོ།། ཞེས་ཀུན་རྫོབ་ཀྱི་བདེན་པའི་ཐབས་ལས་དོན་དམ་པའི་བདེན་པ་འབྱུང་བས་ཏེ། ཀུན་རྫོབ་ཇི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད།།མ་རྙེད་པ་ཉིད་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ།། ཞེས་པའི་ཚུལ་གྱིས་སོ།།
༤༽ཟུང་འཇུག་གི་སྒོམ་པ་བཤད་པའི་སྐབས་སྐྱེས་བུ་འབྲིང་དང་ཁྱད་པར་འབྱེད་ཚུལ་ཇི་ལྟར་ཡང་ཡིན་ནམ?
ལན=བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། འདི་ལྟར་ཕུང་པོ་ལྔ་རྣམས་ལ་འཕགས་པ་ཉན་ཐོས་པ་དག་ལྟར་སྡུག་བསྔལ་བ་དང་། མི་རྟག་པ་ལ་སོགས་པར་རྟོག་པ་མ་ཡིན་གྱི། ཐོག་མ་ཉིད་ནས་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་ཤེས་པ་ནི་སྡུག་བསྔལ་ཤེས་པའོ། ཞེས་ལ་སོགས་པའི་ཁྱད་པར་དུ་མ་ཡོད་དོ།།
༥༽བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མདོར་པ་ནི་གང་ཡིན་ནམ?
ལན=བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མདོར་པ་ནི་གང་ཡིན་ཞེ་ན་ཐབས་དང་ཤེས་རབ་ཡིན་ནོ།།
༦༽བྱམས་པ་ཚད་མེད་ཅེས་པའི་དོན་བྲིས?
ལན=གཞུང་ལས། བདག་གི་བདེ་ལ་གཞན་སྦྱོར་ནུས།།
བྱམས་པ་ཚད་དུ་ཕྱིན་པ་ལགས།།
ཞེས་པས། མས་བུ་ལ་རང་གི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་འཕངས་པ་མེད་པར་སྟེར་བ་ལྟ་བུའོ།། ཞེས་བྱམས་པའི་ཚད་དེ་ལྟར་གསུངས་སོ།།
༧༽བྱང་སེམས་ཚད་དུ་ཕྱིན་པའི་དཔེ་ཇི་ལྟར་གསུངས་འདུག་གམ?
ལན=གཞུང་ལས། གནོད་སྐྱེལ་གྱིས་བློ་མི་སྨས་ན།།
བྱང་སེམས་ཚད་དུ་ཕྱིན་པ་ལགས།། ཞེས་པས་བུ་ཆུང་ངུས་མར་བརྡེགས་ཀྱང་དེ་ལ་བློ་མི་སྨས་པའི་ཁར་དགའ་དགར་བྱེད་པ་ལྟ་བུའོ་ཞེས་དཔེ་དེ་ལྟར་གསུངས་སོ།།
༨༽ཐབས་དང་ཤེས་རབ་སྒོམ་ཚུལ་མདོར་བསྡུས་རེ་བྲིས?
ལན=ཤེས་རབ་སྒོམ་པ་ནི། ཕྱི་རོལ་གྱི་དོན་བཀག་ནས་སེམས་ཙམ་དུ་བསྟན། སེམས་ཀྱང་མེད་པར་བསྟན་ནས་གཉིས་མེད་ཀྱི་ཡེ་ཤེས་པ་རང་རིག་ཙམ། དེ་ཡང་མཐའ་བྲལ་དབུ་མར་གཏན་ལ་ཕབ་ནས་སྣང་བ་མེད་པའི་ཏིང་ངེ་འཛིན་མངོན་དུ་བྱ་བའི་སྒོ་གསུམ་དུ་འདུ་བ་ཡིན། ཐབས་སྒོམ་ཚུལ་ནི། སེམས་ཅན་མི་གཏོང་བའི་བྱང་ཆུབ་ཀྱི་སེམས་སོ། ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་བརྩོན་པ་ཡིན་ནོ།།
༩༽སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་ཅི་ཡང་མི་གཟིགས་པའི་ཚུལ་ཞོག?
ལན=སངས་རྒྱས་བཅོས་ལྡན་འདས་ཀྱི་ཡེ་ཤེས་ཀྱི་ཅི་ཡང་མི་གཟིགས་པའི་ཚུལ་ནི། ཡེ་ཤེས་ཀྱི་ཡུལ་མི་མངའ་བའི་ཕྱིར་རོ་ཞེས་གསུངས་སོ།
༡༠༽སྟོང་ཉིད་སྒོམ་ཚུལ་བྱང་ཆུབ་སེམས་འགྲེལ་ལས་གསུངས་པ་ལྟར་བྲིས?
ལན=བྱང་ཆུབ་སེམས་འགྲེལ་དུ། དགེ་དང་མི་དགེའི་རྣམ་རྟོག་ནི། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱི་སྟོང་ཉིད་གསུངས། །གཞན་ནི་སྟོང་པར་མི་བཞེད་དོ། །དམིགས་པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་འདིས། །སྟོང་པ་ཉིད་ནི་སྒོམ་པར་བཞེད། །དེ་ལྟ་བུའི་སྟོང་ཉིད་ལ་གནས་ན་གཞན་གྱི་དོན་ལ་དགའ་བ་ངང་གིས་འབྱུང་བས། དེ་ལྟར་བུའི་རྣམ་འབྱོར་པ་རྣམས་ཀྱིས། སྟོང་པ་ཉིད་འདི་བསྒོམ་བྱས་ན། གཞན་གྱི་དོན་ལ་དགའ་བའི་བློ། །འབྱུང་བ་ཉིད་དུ་ཐེ་ཚོམ་མེད་། ཅེས་པས་སོ།།
༡༡༽ཆོས་ཉིད་ནམ་མཁའ་ལྟ་བུ་ལ།། སྣང་བ་བྱང་ཆུབ་སེམས་སུ་སྦྱང་།། ཞེས་པའི་དོན་བྲིས?
ལན=མཉམ་བཞག་ནམ་མཁའ་ལྟ་བུ། རྗེས་ཐོབ་ཐབས་ཐམས་ཅད་བྱང་ཆུབ་སེམས་ཀྱིས་ཟིན་པས་སྣང་བ་སྒྱུ་མ་ལྟ་བུར་ལ་མིག་གིས་ཀུན་ཏུ་ལྟ་ཞིང་། རང་བཞིན་དང་རྒྱུན་དུ་གནས་པར་རེ་ནས་བརྟགས་པས་རང་བཞིན་མེད་ཅིང་དེ་མ་ཐག་ཏུ་འཇིག་པ་ཡིན་པར་མཐོང་ནས་ཀྱེ་མའོ། འདི་ནི་སྒྱུ་མ་སྟེ། སྟོང་པ་རང་བཞིན་མེད་པའོ་ཞེས་སེམས་པ་དེ་བཞིན་དུ་ཞེས་འབྱུང་བ་ལྟར་རོ།།
༡༢༽ལྟ་བ་ཚད་དུ་ཕྱིན་པ་ཞེས་པ་གང་ལ་ཟེར་རམ?
ལན=ལྟ་བ་ཚད་དུ་ཕྱིན་པ་ཞེས་པ་གང་ལ་ཟེར་རམ་ཞེ་ན་་་མངོན་རྟོགས་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། ཞེས་པ་ལྟ་བུས་མཐའ་བྲལ་དབུ་མ་པའི་གྲངས་སུ་ཆུད་པ་ཡིན་ནོ།།
༡༣༽དམིགས་པ་མེད་པ་ཞེས་པའི་དོན་སྤྱོད་འཇུག་ལས་གསུངས་པ་ལྟར་བྲིས?
ལན=སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་ལ་བྱེད་པ་ཡིན་ནོ།།
༡༤༽སོ་སྐྱེ་ལ་ཕར་ཕྱིན་དྲུག་གི་མིང་གསུངས་ན་ཇི་ལྟར་འབྲེལ་ལམ?
ལན=དེ་ལྟར་གདགས་པར་མཛད་པ་ནི། དེ་དག་ཡོངས་སུ་བསྔོ་བས་ཟིན་པ་ལ་དགོངས་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ན་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དང་། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་དུ་ནི། །འབྲས་བུ་ཕྱུང་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་པས་དགེ་བ་དེའི་འབྲས་བུ་འབྱིན་པའི་ནུས་པ་སྲིད་པའི་ཕ་རོལ་ཏུ་ཡང་འགྲོ་བ་ལ་དགོངས་ནས་དེ་དག་ལ་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཞུགས་སོ།།
༡༥༽རྒྱུའི་གནས་སྐབས་སུ་ཤེས་རབ་དང་སྙིང་རྗེ་བསྒོམས་པས་འབྲས་བུའི་གནས་སྐབས་སུ་ཅི་ཞིག་འགྲུབ་བམ?
ལན=རྒྱུའི་གནས་སྐབས་ན་ཤེས་རབ་བསྒོམས་པས་འབྲས་བུའི་དུས་སུ་འཁོར་བ་ལ་མི་གནས་ཏེ། རང་དོན་ཆོས་ཀྱི་སྐུ་མངོན་དུ་འཛད་པས་སོ། རྒྱུའི་གནས་སྐབས་སྙིང་རྗེ་བསྒོམས་པས་འབྲས་བུའི་གནས་སྐབས་ཞི་བ་མྱ་ངན་ལས་འདས་པར་མི་ལྟུང་སྟེ་གཞན་དོན་གཟུགས་ཀྱི་སྐུ་མངོན་དུ་མཛད་པའི་ཕྱིར་རོ། དེ་ལྟར་སྐུ་གསུམ་མཛད་པ་དང་བཅས་པ་ལ་འབྲས་བུའི་གནས་སྐབས་ལེགས་པར་བསྡུས་ཏེ། དེ་དག་ཕར་ཕྱིན་རང་རྐང་གི་དབང་དུ་མཛད་ནས་བཤད་པ་སྟེ། དེའི་ལམ་རིམ་རྒྱས་པ་ཐར་པ་རིན་པོ་ཆེའི་རྒྱན་ལས་བཤད་དོ།།
སྐྱེས་བུ་གསུམ་ལས་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པའམ་འཁྲུལ་པ་ཡེ་ཤེས་སུ་འཆར་བའི་དྲི་བ་དྲིས་ལན་བཞུགས་སོ།།
༡༽རྡོ་རྗེ་ཐེག་པར་བྱང་ཆུབ་ཀྱི་སེམས་ཀྱི་བསྐྱེད་ཚུལ་ཇི་ལྟར་ཡིན་ནམ?
ལན=རྡོ་རྗེ་ཐེག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་ནི། ལམ་སྒྲོན་ནས། སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ནས་ཡོངས་རྫོགས་སློབ་དཔོན་དབང་བསྐུར་བ་ནི་ཀུན་རྫོབ་སེམས་བསྐྱེད་ཚུལ་དང་། དམ་ཚིག་གསུམ་བཀོད་སོགས་ལས་ལུས་འབུམ་གྱི་སྒོ་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་།།
ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་མ་སྒྲལ་བ་རྣམས་བསྒྲལ་བ་དང་།། མ་གྲོལ་བ་རྣམས་དགྲོལ་བ་དང་།། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་།། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་སེམས་བསྐྱེད་དགོས་པ་ཡིན་ནོ།།
༢༽གཞི་དྲི་མ་མེད་པ་ཞེས་པ་གང་ལ་ཟེར་བ་ཡིན་ནམ?
ལན། ཇི་སྐད་དུ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད།།
གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ།།
ཞེས་སམ།
ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ནོ། །
ཞེས་གསུངས་པ་ལྟར་གཞི་ལ་རང་གི་སེམས་ཀྱི་ཆོས་ཉིད་དང་གཞན་གྱི་སེམས་ཀྱི་ཆོས་ཉིད་གཉིས་སུ་མ་གྲུབ་དེ་ལ་གཞི་དྲི་མ་མེད་པ་ཞེས་བྱའོ། གཞུང་ལས། རང་གི་སེམས་ཀྱི་ཆོས་ཉིད་དང་།།
གཞན་གྱི་སེམས་ཀྱི་ཆོས་ཉིད་ལ།། གཉིས་སུ་ཡོད་པ་མ་ཡིན་ན།། བདག་གཞན་འཛིན་པ་ཇི་ལྟར་འཐད།། ཞེས་གསུངས་སོ།།
༣༽ཞེན་པ་དང་ཆོས་ཉིད་ལྷན་ཅིག་སྐྱེ་བ་ཡིན་པའི་ཚུལ་དཔེ་དང་བཅས་བྲིས?
ལན=དེ་ལྟ་བུའི་ཞེན་པ་དང་ཆོས་ཉིད་ཀྱང་ལྷན་ཅིག་ཏུ་སྐྱེས་པ་ཡིན་ལ། ལྷན་ཅིག་སྐྱེའོ་བྱས་ཀྱང་རྭ་ཕན་ཚུན་བཞིན་དུས་མཉམ་པར་རོང་ངེ་འབྱུང་བ་མ་ཡིན། འོ་ན་ཇི་ལྟར་ཞེ་ན། ཐག་ནག་སྦྲུལ་དུ་མཐོང་བའི་ཚེ། ཐག་མཐོང་དང་སྦྲུལ་མཐོང་ལྷན་ཅིག་སྐྱེས་པ་ཡིན་པས་དུས་དེར་བརྟགས་ན་ཐག་པ་རང་མཐོང་། སྦྲུལ་མ་མཐོང་ངོ་ཞེས་གསུངས་སོ།།
༤༽ལྟ་བ་ཕྱག་རྒྱ་ཆེན་པོ་དང་སྒོམ་པ་འོད་གསལ་དྲི་མེད་ཅེས་པ་གང་ཡིན་ནམ?
ལན=གཞིའི་མཐའ་དབུས་ཐམས་ཅད་དང་བྲལ་བ་དེ་ཁ་ལ་ཕྱག་རྒྱ་ཆེན་པོ་ཞེས་བཏགས་པ་ཡིན་ནོ། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཁའི་རང་བཞིན་ཤེས་པ་སྟོང་ཉིད་ཡིན་ལ། དེ་ཁོ་ན་དབུ་མའི་ལམ་དྲི་མ་མེད་པ་ཡིན་ནོ་ཞེས་གསུངས་སོ།
གཞུང་ལས། སྟོང་དང་རྟེན་འབྱུང་དོན་གཅིག་པ།།
དབུ་མའི་ལམ་དུ་གསུངས་པས་ན།། ཞེས་གསུངས་སོ།།
༥༽བསྟན་བཅོས་འདི་གནས་གང་དུ་མཛད་པ་པོ་སུས་མཛད་གནང་འདུག་གམ?
ལན=བསྟན་བཅོས་འདི་གནས་གང་དུ་མཛད་ན་ཙ་རི་ཏྲའི་གནས་སྒོ། བྱར་ཡུལ་སའི་ཐིག་ལེ་ལྷས་བསྟན་གྱི་རི་བོ་གསང་བསྔགས་ཆོས་ཀྱི་གླིང་ཞེས་བྱ་བའི་གཙུག་ལག་ཁང་དུ། མཛད་པ་པོ་སུས་མཛད་ན་དགེ་སློང་པདྨ་དཀར་པོས་མཛད་འདུག་གོ།།
སྨོན་པ།
སྐྱེས་སྦྱངས་བློ་གྲོས་དམན་པས་བདག །ཤེས་བྱའི་གནས་ལ་རྨོངས་གྱུར་ནའང་། །
རྒྱུ་འབྲས་དོན་ལ་ཡིད་ཆེས་ཀྱིས། །རྒྱུན་དུ་ཆོས་ལ་འབད་པ་ཡིན། །
དགེ་ལ་བརྩོན་པའི་ས་བོན་དེས། །བྱང་ཆུབ་སེམས་ཀྱི་མྱུ་གུ་རྒྱས། །
མཐའ་ཡས་འགྲོ་བའི་འཚོ་རྐྱེན་དུ། །འབྲས་བུ་སངས་རྒྱས་ཉིད་གྱུར་ཅིག །
ཅེས་པ་འདི་ཡང་བསྟན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འཇུག་དུས་ངན་སྙིགས་མ་ལྔ་བདོའི་སློབ་གཉེར་བའི་ཁུལ་དུ་འཛིན་པ་དགེ་སློང་ཕ་ཇོ་རྣམ་རྒྱལ་མིང་པས་བྲིས་པ་དགེའོ།། །།
བཀྲ་ཤིས་བདེ་ལེགས་དཔལ་ལ་སྤྱོད་པར་ཞུ།།
བསམ་འཆར།