༡) མངོན་རྟོགས་རྒྱན་གྱི་བཤད་བྱ་རྩ་བའི་མདོའི་མཚན་ཉིད་དང་མཚན་གཞི་ཞོག? ལན) མཚན་ཉིད་ནི། དངོས་པོ་བརྒྱད་དང་དོན་བདུན་ཅུ་བརྗོད་བྱ་གཙོ་བོར་བསྟན་པའ...
༡) མངོན་རྟོགས་རྒྱན་གྱི་བཤད་བྱ་རྩ་བའི་མདོའི་མཚན་ཉིད་དང་མཚན་གཞི་ཞོག?
ལན) མཚན་ཉིད་ནི། དངོས་པོ་བརྒྱད་དང་དོན་བདུན་ཅུ་བརྗོད་བྱ་གཙོ་བོར་བསྟན་པའི་རྒྱལ་བའི་གསུང་རབ། མཚན་གཞི་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། ཡང་ན་ ཁྲི་བརྒྱད་སྟོང་ལ་སོགས་པའོ།།
༢) མངོན་རྟོགས་རྒྱན་གྱི་བཤད་བྱ་རྩ་བའི་མདོའི་དོན་ཀུན་བསྡུས་པ་ཡིན་མིན་གསལ་པོར་ཞོག?
ལན) མངོན་རྟོགས་རྒྱན་གྱིས་བཤད་བྱ་རྩ་བའི་མདོའི་དོན་ཀུན་མི་བསྡུས་ཏེ། དེ་ལྟར་ཡིན་པ་ཡང་བྱམས་ཞལ་ལས། གླེང་གཞིའི་ལེའུར་ཡུམ་ཇི་ལྟར་བྱུང་ཚུལ་བསྟན་པ་དང་། རྟག་ཏུ་ངུ་དང་ཆོས་འཕགས་ཀྱི་ལེའུར་གདུལ་བྱ་མ་འོངས་པ་དག་ལ་དེ་ལྟར་བསླབ་པའི་ཆེད་དུ་སྔོན་བྱུང་བ་རྩམ་བསྟན་པ་དང་། ཡོངས་སུ་གཏད་པ་ནི་གཞུང་ཉེ་བར་བསྡུ་བའི་ཚུལ་ཏེ། དེ་དག་གདུལ་བྱ་རང་རང་གིས་རྟོགས་པར་ནུས་ལ། ནུས་བཞིན་དུ་བསྟན་པ་ནི་དགོས་པ་དང་མི་ལྡན་པས་འབད་པའི་གནས་མ་ཡིན་ནོ་ཞེས་མ་བསྡུས་པ་བསྟན་ལ། དེ་ལས་གཞན་ཐམས་ཅད་ནི་འདིར་བསྡུ་བར་མཛད་དོ།། །།
༣) ཤེར་ཕྱིན་ཤིང་རྟའི་སྲོལ་འབྱེད་ཀྱི་ཚད་བཞག་ནས་དེ་གང་ཟག་གང་དང་གང་ལ་ངོས་བཟུང་ཡོད?
ལན) ཤེར་ཕྱིན་ཤིང་རྟའི་སྲོལ་འབྱེད་ཀྱི་ཚད་ནི། རྒྱལ་བའི་བཀའ་བར་པ་ཤེར་ཕྱིན་གྱི་སྲོལ་ཐོག་མ་དགོངས་པ་རང་སྟོབས་ཀྱིས་འགྲེལ་བར་འབྱེད་པ་ལའོ།། གཉིས་པ་གང་ཟག་དེ་ཡང་རང་ལུགས་ལ་རྣམ་པ་གཉིས་སུ་དབྱེ་བ་བཞེད་དེ། དེ་ཡང་སྡོམ་གསུམ་རྒྱ་ཆེར་འགྲེལ་ལས། བཅོམ་ལྡན་འདས་བྱམས་པ་ལ་འཕགས་པ་ཐོགས་མེད་ཀྱིས་ནོན་པ་རྒྱ་ཆེན་སྤྱོད་པའི་ཕྱོགས་ལས་འོངས་པའི་ཤིང་རྟ་སྲོལ་བྱེད་དང་། འཕགས་པ་འཇམ་པའི་དབྱངས་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་ནོན་པ་ཟབ་མོ་ལྟ་བའི་ཕྱོགས་ལས་འོངས་པའི་ཤིང་རྟ་སྲོལ་བྱེད་གཉིས་སུ་ངོས་བཟུང་བར་ལགས་སོ།། །།
༤)བསྟན་བཅོས་འཆད་པ་འཇུག་པའི་ཡན་ལག་ལ་མཚན་དོན་དང་བམ་པོའི་གྲངས་འགྱུར་ཕྱག་རྣམས་བཀོད་པའི་དགོས་པ་མ་འདྲེས་པར་བྲིས?
ལན) དང་པོ་མཚན་དོན་བཀོད་པའི་དགོས་པ་ནི། ཐ་སྙད་རྟོགས་པའི་ཡན་ལག་ཏུ་མཚན་གྱི་དོན་དང་། གཉིས་པ་བམ་པོའི་གྲངས་ནི། གཞུང་ཚད་རྟོགས་པའི་ཡན་ལག་ཏུ་བམ་པོའི་གྲངས་དང་། གསུམ་པ་འགྱུར་ཕྱག་ནི། གུས་པས་འཇུག་པའི་ཡན་ལག་ཏུ་ཕྱག་བྱ་བར་ཡིན་ནོ།། །།
༥) ཤེར་ཕྱིན་འགྲེལ་བྱེད་སྔ་མ་བཞི་པོའི་ངོས་འཛིན་རྣམ་བཤད་དང་བཅས་བྲིས་ནས། འཕགས་པ་རྣམ་གྲོལ་སྡེས་དབུ་མར་གནས་པའི་བློས་རྣམ་ཕྱེ།། ཞེས་པའི་དབུ་མ་ཡང་ངོས་ཟུངས?
ལན) དང་པོ་ཤེར་ཕྱིན་འགྲེལ་བྱེད་སྔ་མ་བཞི་ནི། ཐོགས་མེད་སྐུ་མཆེད་གཉིས་དང་འཕགས་པ་གྲོལ་སྡེ་དང་བཙུན་པ་རྣམ་གྲོལ་སྡེ་རྣམས་ཡིན་ཏེ། རྒྱན་གྱི་རྗེས་སུ་འབྲངས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཉིད་ལས་མདོ་དང་བསྟན་བཅོས་དངོས་སུ་གསན་ནས་བསྟན་བཅོས་ཆེན་པོའི་རྣམ་བཤད་དེ་ཉིད་རྣམ་ངེས་ཞེས་བྱ་བ་མཛད་པ་དང་། དབྱིག་གཉེན་གྱིས་སེམས་ཙམ་གྱི་ལྟ་བ་ལ་མོས་པ་གཙོ་བོར་བྱེད་པས་ཕྱི་རོལ་གྱི་ཤེས་བྱ་ཐམས་ཅད་ནང་གི་སེམས་ཡིན་པར་སྨྲ་བ་ལ་བརྟན་ནས་འགྲེལ་པ་ཉིས་ཁྲི་གཞུང་འགྲེལ་མཛད་པ་དང་། འཕགས་པས་སློབ་དཔོན་དབྱིག་གཉེན་དེས་བྱས་པའི་བསྟན་བཅོས་དེ་ནི་དབུ་མའི་ལུགས་ལྟར་བྱས་པ་མིན་པར་མཐོང་ནས་མཐའ་བྲལ་དབུ་མར་གནས་པའི་བློས་རྣམ་པར་ཕྱེ་བའི་འགྲེལ་པ་ཉི་ཁྲི་སྣང་བ་མཛད་པ་དང་། དེའི་འོག་ཏུ་བཙུན་པ་རྣམ་གྲོལ་སྡེ་ཞེས་པ་དད་པའི་ས་ལ་གནས་པ་དེས་མངོན་རྟོགས་རྒྱན་གྱི་ཚིག་དོན་མཐའ་དག་མ་རྙེད་ཀྱང་གཙོ་བོ་རང་གི་ཤེས་རབ་འཕེལ་བ་དང་རྗེས་སུ་མཐུན་པའི་རྣམ་བཤད་ཉིས་ཁྲི་རྣམ་འགྲེལ་ཞེས་པ་མཛད་དོ།། གཉིས་པ་འཕགས་པ་རྣམ་གྲོལ་སྡེས་དབུ་མར་གནས་པའི་བློས་རྣམ་ཕྱེ། ཞེས་པའི་དབུ་མ་ནི། སྒྱུ་མ་ལྟ་བུར་སྨྲ་བའི་དབུ་མ་ཡིན་ནོ།། དེ་ལྟར་ཡིན་པ་ཡང་ཀུན་མཁྱེན་ཆེན་པོས་སྡོམ་གསུམ་སྙིང་པོ་ལས། གཞན་དག་གིས་རྒྱ་ཆེན་སྤྱོད་པའི་སྲོལ་བྱེད་ སེམས་ཙམ་དུ་འདོད་པ་དགག་ནས་རང་ལུགས་ལ་དོན་དབུ་མ་པ། དེའི་ནང་ནས་དབུ་མ་སྒྱུ་མ་ལྟ་བུ་ཞེས་བྱ་སྟེ། འཕགས་སེང་གཉིས་ཀྱང་དེའོ།། ཞེས་པའི་འཕགས་པ་ནི་རྣམ་གྲོལ་སྡེ་ཡིན་པས་དེ་ཕྱིར་སྒྱུ་མ་ལྟ་བུར་སྨྲ་བའི་དབུ་མ་ཡིན་པ་མཚོན་ནོ།། །།
༦) ཤེར་ཕྱིན་འགྲེལ་བྱེད་ཀྱི་ནང་ནས་སློབ་དཔོན་ཧ་རི་བྷ་དྲའི་ལུགས་མཆོག་ཏུ་གྱུར་ཚུལ་བྲིས?
ལན) སློབ་དཔོན་གྱི་ལུགས་མཆོག་ཏུ་གྱུར་ཚུལ་ནི། ཤེར་འབྱུང་གི་ཊཱི་ཀཱ་མཛད་པའི་འཕགས་པ་དང་སློབ་དཔོན་དག་གིས་ནི་ཤེས་བྱ་ནང་གི་ཚུལ་ཙམ་ལ་བརྟེན་པའི་ཕྱིར་ན་རྨོངས་པ་རྣམ་པ་ཐམས་ཅད་དུ་ལྡོག་པ་མ་ཡིན་ནོ་ཞེས་མཆེད་གཉིས་ཀྱི་འགྲེལ་པས་ལྟ་བ་སེམས་ཙམ་སྐབས་བརྒྱད་དུ་ཕྱེ་ཡང་། རྒྱན་གྱི་གཞུང་མཐའ་དག་དང་ལུང་མ་སྦྱོར་བས་སོ་ཞེས་དགོངས་ལ། འཕགས་པ་རྣམ་གྲོལ་སྡེས་དོན་ཤིན་ཏུ་བཟང་པོར་བསྟན་ཡང་། ངག་འདིའི་དོན་འདི་དང་འདི་ཞེས་མ་སྦྱར་བས་ཚིག་ལ་རྨོངས་པ་བཟློག་པ་དང་། བཙུན་པ་རྣམ་གྲོལ་སྡེས་གྲུབ་པའི་མཐའ་རབ་འབྱམས་ལ་མ་འདྲིས་པས་རང་གི་དད་པ་ཙམ་གྱིས་བརྩམས་པ་ཡིན་པས། ཚིག་དོན་གཉིས་ཀ་བཟང་བ་མ་ཡིན་ལ། དེ་ལྟར་འཕགས་པའི་འགྲེལ་པས་སྣང་བར་བྱས་ཤིང་གཞན་འགྲེལ་པ་གསུམ་གྱིས་མ་རྙེད་པ་འདི། སློབ་དཔོན་ཧ་རི་བྷ་དྲས་མཁས་པ་སྔ་མ་བཞིའི་བཤད་པ་གཟིགས་ཤིང་། དགེ་བའི་བཤེས་གཉེན་རྣམ་སྣང་མཛད་ལོ་བཅུ་བདུན་དུ་མཉེས་པར་བྱས་པའི་མཐར་བཅོམ་ལྡན་བྱམས་པ་ལས་མདོ་དང་རྒྱན་སྦྱར་ཏེ་ཐོས། ཐོས་པ་ལྟར་རྣམ་པར་ཕྱེ་བ་ཚིག་དོན་ཐམས་ཅད་ཀྱིས་དགའ་བ་བསྐྱེད་པས་མདོ་དང་དེའི་རྒྱན་གྱིའང་རྒྱན་དུ་གྱུར་པ་ཡིན་པས་མཆོག་ཏུ་གྱུར་པ་ཡིན་ནོ།། །།
༧) གཞུང་འཆད་ཐབས་ཀྱི་མན་ངག་ལྔ་པོ་མངོན་རྟོགས་རྒྱན་འདིར་ཚང་ཚུལ་གསལ་བར་ཁོད?
ལན) གཞུང་འཆད་ཐབས་ཀྱི་མན་ངག་ལྔ་པོ་མངོན་རྟོགས་རྒྱན་འདིར་ཚང་ཚུལ་ནི། དེ་ཡང་བྱམས་ཞལ་ལས། བསྟན་བཅོས་ལ་གཞུག་པའི་ཆེད་དུ་དོན་འགྱུར་གྱི་ཐེ་ཚོམ་སྐྱེད་བྱེད་དགོས་དོན་དང་། རྟོགས་པ་འཆད་སླ་བར་བྱ་བའི་ཕྱིར་བསྡུས་དོན་ལུས་རྣམ་གཞག་དང་། གཏན་ལ་དབབ་པའི་ཕྱིར་མཚམས་སྦྱར་བརྒལ་ལན་བསྙད་ཀྱི་ཚིག་དོན་ཡན་ལག་བསྟན་པའི་སྒོ་ནས་རྒྱན་འདིར་ཚང་བར་བསྟན་ནོ།། །།
༨) རྗེ་བཙུན་བྱམས་པ་སངས་རྒྱས་དང་བྱང་སེམས་གང་ཡིན་གྱི་དཔྱད་པ་གཞུང་བཞིན་ཞོག?
ལན) རྗེ་བཙུན་བྱམས་པ་ནི་སངས་རྒྱས་ཡང་ཡིན་བྱང་སེམས་ཡང་ཡིན་ནོ།། དང་པོ་སངས་རྒྱས་ཡིན་ཏེ། མ་དག་པའི་ས་ལ་གནས་པས་ནི་སངས་རྒྱས་སྤྲུལ་པའི་སྐུ་དགའ་ལྡན་ནས་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་སྟོན་པར་གཤེགས་རྒྱུ་དང་། དག་ས་ལ་གནས་པས་ཁམས་གསུམ་ལས་འདས་པའི་འོག་མིན་དུ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དུ་སྣང་བ་ཡིན་ནོ།། གཉིས་པ་བྱང་སེམས་ཡང་ཡིན་ཏེ། ཉན་རང་དང་སོ་སྐྱེས་བྱངས་སེམས་རང་རྒྱུད་པར་ཉིད་དུ་བལྟའོ།། །།
༩) མཆོད་ཡུམ་གྱི་མཚན་ཉིད་དང་དབྱེ་བ་བྲིས་ནས། རང་རྒྱལ་ལ་སློབ་པ་ཡོད་པའི་རྒྱུ་མཚན་ཞོག ?
ལན) མཆོད་ཡུམ་གྱི་མཚན་ཉིད་དང་དབྱེ་བ་ནི། མཁྱེན་པ་གསུམ་གྱི་བདག་ཉིད་ཀྱི་ཤེར་ཕྱིན་ཡིན་པ་དང་། དབྱེ་བ་ནི། ཉན་རང་གི་ཡུམ། བྱང་སེམས་ཀྱི་ཡུམ། སངས་རྒྱས་ཀྱི་ཡུམ་དང་གསུམ་ཡོད་དོ།། གཉིས་པ་རང་རྒྱལ་ལ་སློབ་པ་ཡོད་པའི་རྒྱུ་མཚན་གང་ཡིན་ཞེ་ན། སྤྱིར་རང་རྒྱལ་ལ་སློབ་པ་ཡོད་མེད་ལ་ཁས་ལེན་སྣ་ཚོགས་ཤིག་ཡོད་ཀྱང་རང་ལུགས་ལ་ཀུན་མཁྱེན་ཆེན་པོས་སློབ་པ་ཡོད་པར་བཞེད་དེ། དེ་ཡང་ཉན་ཐོས་ཀྱི་ལུང་ལས་སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ་ཞེས་སྐད་ཅིག་སུམ་ཅུ་རྩ་གསུམ་དེའི་སློབ་ལམ་དུ་བཤད་པ་དང་། ལམ་ལྔ་གསུམ་བཅོ་ལྔར་འཆད་དགོས་པ་འོས་པའི་ཕྱིར་ནའོ།། ཞེས་ལུང་གིས་སྒྲུབ་བོ།། །།
༡༠) མཆོད་བརྗོད་ཀྱི་ཚིག་རྐང་གསུམ་ནས་བསྟན་པའི་ རྟེན་གྱི་གང་ཟག ཐོབ་བྱེད་ཀྱི་ཐབས། ཐོབ་བྱའི་འབྲས་བུ་རྣམས་མ་འདྲེས་པར་བྲིས?
ལན) ༡-གང་ཟག་ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་རང་སངས་རྒྱས་རང་དོན་དུ་ཞི་བ་འཚོལ་བ་རྣམས། ཐབས་གཞི་ཀུན་སྐྱེ་བ་མེད་པ་ཡོངས་སུ་ཤེས་པ་ཉིད་ཀྱིས་སོ།། འབྲས་བུ་ཕུང་པོ་དང་བཅས་པ་དང་། ཕུང་པོ་མེད་པའི་ཉེར་ཞིར་ཁྲིད་པར་མཛད་པ་དང་། ༢-གང་ཟག་འགྲོ་བ་རྣམས་ལ་འཁོར་བ་ཇི་སྲིད་པར་ཕན་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས། ཐབས་ལམ་ཐམས་ཅད་སྐྱེ་བ་མེད་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སོ།། འབྲས་བུ་འཇིག་རྟེན་པ་ཐམས་ཅད་ཀྱི་དོན་མངོན་པར་མཐོ་བ་དང་ཉན་རང་བྱང་སེམས་ཀྱི་ལམ་ལ་སྐལ་བ་བཞིན་དུ་འཁྲིད་ནས་སངས་རྒྱས་སུ་སྒྲུབ་པར་མཛད་པ་དང་། ༣-གང་ཟག་ཡང་དག་པར་བསྡམས་པའི་སྐུ་ཅན་རྣལ་འབྱོར་ཅན་གྱི་དབང་ཕྱུག་གི་གཙོ་བོ་ཐུབ་པ་རྣམས། ཐབས་རྣམ་པ་ཐམས་ཅད་སྐྱེ་བ་མེད་པ་ཐུགས་སུ་ཆུད་པ་གང་དང་ཡང་དང་ལྡན་པས་སོ།། འབྲས་བུ་སྤྱོད་པའི་གཉེན་པོར་རྣམ་པར་ཀུན་དང་ལྡན་པར་སྣ་ཚོགས་པ་ལས་བརྩམས་ནས་ཐམས་ཅད་མངོན་དུ་མཛད་པའི་ཚུལ་འདི་ཡིས་ལེགས་པར་གསུངས་པ་རྣམ་པ་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ།། །།
༡༡)མཆོད་བརྗོད་ཀྱིས་མངོན་རྟོགས་བརྒྱད་ཀྱི་སྒོ་ནས་མིན་པར་མཁྱེན་གསུམ་ཙམ་གྱི་སྒོ་ནས་དངོས་སུ་བསྟོད་པའི་རྒྱུ་མཚན་ཞོག?
ལན) མཆོད་བརྗོད་ཀྱིས་མངོན་རྟོགས་བརྒྱད་ཀྱི་སྒོ་ནས་མིན་པར་མཁྱེན་གསུམ་ཙམ་གྱི་སྒོ་ནས་དངོས་སུ་བསྟོད་པའི་རྒྱུ་མཚན་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ལ། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང་།དེས་ཀྱང་འཆད་འགྱུར་བའི་དོན་བདུན་ཅུ་པོ་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ།། ཞེས་པའི་རྒྱུ་མཚན་དང་གཞན་ཡང་མདོ་དང་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བརྒྱད་པོ་ཐམས་ཅད་ལ་འཕགས་བཞིའི་བཞེད་དོན་སྒྲུབ་པའི་ནུས་པ་ཡོད་པ་དང་། ཐམས་ཅད་ཀྱང་ཡུམ་ཤེར་ཕྱིན་དུ་གྲུབ་པའི་རྒྱུ་མཚན་གྱི་ཡིན་ནོ།། །།
༡༢) མཆོད་བརྗོད་ཀྱི་སྐབས་ནས་བསྟན་པའི་མཁྱེན་གསུམ་དང་ལུས་ཀྱི་མཁྱེན་གསུམ་ལ་གོ་རིམ་མི་མཐུན་པའི་སྐྱོན་སྤོང་ཞོག?
ལན) དང་པོ་མཆོད་བརྗོད་ཀྱི་སྐབས་ནས་བསྟན་པའི་མཁྱེན་གསུམ་དང་ལུས་ཀྱི་མཁྱེན་གསུམ་ལ་གོ་རིམ་མི་མཐུན་པ་འདི་ལ་སྐྱོན་མེད་དེ། མཆོད་བརྗོད་ཀྱི་སྐབས་ནས་བསྟན་པའི་གོ་རིམ་འདི་ལྟར་དུ་འཇོག་པ་ནི། གཞི་ཤེས་ཀྱིས་ཉན་རང་དུ་བྱང་ཆུབ་པར་བྱས་པ་དེ་ཡང་མཐར་འདིར་བསྟན་གྱི་ལམ་ཤེས་ལ་སྦྱངས་ནས་རྣམ་མཁྱེན་དུ་འགྲོ་དགོས་སོ་ཞེས་སྟོན་པ་ཡིན་ལ། གཉིས་པ་ལུས་ཀྱི་མཁྱེན་གསུམ་ལ་གོ་རིམ་ནི། དང་པོར་སེམས་བསྐྱེད་པ་སྒྱུ་མ་ཙམ་གྱི་བདག་ཉིད་དུ་བྱང་ཆུབ་སེམས་དཔའ་རང་གི་ལམ་ཐམས་ཅད་བསྡུས་པ་དེ་བསྟན་ལ། དེ་ཉན་ཐོས་ལ་སོགས་པའི་ལམ་ཡོངས་སུ་ཤེས་པ་མེད་པར་མེད་པས་དང༌། དེ་ཡང་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་མ་ཡིན་པས་མཁྱེན་གསུམ་གྱི་གོ་རིམ་དེ་ལྟར་བཤད་པ་ཡིན་པས་སོ།། །།
༡༣) གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་ཤེར་ཕྱིན་ལ་དང་བ་སྐྱེ་བའི་ཚུལ་གཉིས་མ་འདྲེས་པར་བྲེས?
ལན) གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་ཤེར་ཕྱིན་ལ་དང་བ་སྐྱེ་བའི་ཚུལ་ནི། བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཕུལ་དུ་བྱུང་བའི་འབྱུང་གནས་ལ་དོན་གྱིས་འཇུག་པའི་ཆེད་དུ་དང་བ་སྐྱེད་པ་ཡིན། དེ་ཡང་དད་པ་དང་ཤེས་རབ་གཉིས་ཀྱིས་ཡིན་ཏེ། སྔ་མས་དབང་པོ་རྟུལ་པོ་ནི་མོད་ལ་དང་། ཕྱི་མས་དབང་པོ་རྣོ་པོ་ནི་བརྟགས་ནས་དེའི་རྗེས་ཐོགས་ལ་དང་བ་དང་། དང་བ་ལས་གུས་པ་དང་། གུས་པ་ལས་འཇུག་པ་དང་། ཞུགས་པ་ལས་ལེགས་པའི་མཆོག་ཐོབ་པར་འགྱུར་བའི་ཕྱིར་རོ།། །།
༡༤) ཆོས་འཁོར་གྱི་མཚན་ཉིད་ ངོ་བོ། དབྱེ་བ། ཆོས་ཕུང་གི་ཚད་རྣམས་མདོ་ཙམ་ཞིག་མ་འདྲེས་པར་བྲིས?
ལན) ཆོས་འཁོར་གྱི་མཚན་ཉིད་ནི། ལུང་རྟོགས་གང་རུང་གིས་བསྡུས་པའི་སྟོན་པའི་དམ་ཆོས་གང་ཞིག་གདུལ་བྱའི་རྒྱུད་ལ་འཕོ་ནས་དེའི་མི་མཐུན་ཕྱོགས་འཇོམས་ནུས་པའོ།། ངོ་བོ་ནི། བྱེ་བྲག་སྨྲ་བས། མཐོང་ལམ་དུ་འདོད་པ་ཡིན་ཀྱང་སློབ་དཔོན་གྱིས་འཕགས་པའི་ལམ་ཐམས་ཅད་ཆོས་འཁོར་ཡིན་པར་བཤད་དོ།། དབྱེ་བ་ནི། ཀུན་མཁྱེན་ཆེན་པོས་བྱམས་ཞལ་ལས། དེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་ཐམས་ཅད་ཀྱང་ལུང་རྟོགས་ཀྱི་ཆོས་གཉིས་སུ་འདུས་ཏེ།། ཞེས་གསུངས་པ་ལྟར་ལུང་ཀྱི་ཆོས་དང་རྟོགས་པའི་ཆོས་འཁོར་གཉིས་ཡོད་པ་ཡིན་ལ། ཆོས་ཕུང་གི་ཚད་ལ། ཤློ་ཀ་སྟོང་དང་དྲུག་སྟོང་དང་ཕུང་སོགས་གཏམ་རེ་སྟོན་པ་དང་། གླང་པོ་ཆེ་རབ་བརྟན་གྱི་ཁུར་ཚད་ཀྱི་སྣག་ཚས་ཆོས་ཀྱི་ཕུང་པོ་གཅིག་བྲི་བར་ནུས་པ་ཞིག་ལ་བཞག་གོ་ཟེར་ལ། དེ་ལྟར་འབྱུང་མོད་ཀྱང་རང་ལུགས་ལ་དོན་དུ་སྤྱོད་པའི་གཉེན་པོ་རེ་རྫོགས་པར་སྟོན་པ་ཞིག་ལ་བྱའོ།ཞེས་ཀུན་མཁྱེན་ཆེན་པོས་བྱམས་ཞལ་ལས་གསུངས་སོ།། །།
༡༥) མཁྱེན་གསུམ་གྱིས་ ཉན་རང་དང་། བྱང་སེམས་དང་། སངྱས་འཕགས་པའི་མངོན་རྟོགས་བསྡུས་ཚུལ་བྲིས?
ལན) མཁྱེན་གསུམ་གྱིས་ཉན་རང་དང་། བྱང་སེམས་དང་། སངྱས་འཕགས་པའི་མངོན་རྟོགས་བསྡུས་ཚུལ་དེ་ཡང་ཉན་ཐོས་དང་རང་རྒྱལ་འཕགས་པའི་མངོན་རྟོགས་རྣམས་མཁྱེན་གསུམ་ལས་གཞི་ཤེས་ཀྱིས་བསྡུས་པ་དང་། བྱང་སེམས་འཕགས་པའི་མངོན་རྟོགས་རྣམས་མཁྱེན་གསུམ་ལས་ལམ་ཤེས་ཀྱིས་བསྡུས་པ་དང་། སངས་རྒྱས་འཕགས་པའི་མངོན་རྟོགས་རྣམས་མཁྱེན་གསུམ་ལས་རྣམ་མཁྱེན་གྱིས་བསྡུས་པ་ཡིན་ནོ།། །།
༡༦) ཤེར་ཕྱིན་ལ་སྒྲའི་བརྗོད་རིགས་ཀྱི་དབྱེ་བ་ངོས་འཛིན་དང་བཅས་པ་ཞོག?
ལན) ཤེར་ཕྱིན་ལ་སྒྲའི་བརྗོད་རིགས་དབྱེ་བ་ནི། འབྲས་བུ་ཤེས་ཕྱིན། ལམ་ཤེས་ཕྱིན། གཞུང་ཤེས་ཕྱིན་གསུམ་སྟེ། འབྲས་བུ་ཤེས་ཕྱིན་ནི། སངས་རྒྱས་ཏེ། དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སོ།། དེ་ག་སྒྱུ་མ་ལྟ་བུ་སྟེ། སྡུད་འགྲེལ་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཙོ་བོ་ནི་བཅོམ་ལྡན་འདས་ཏེ་སྒྱུ་མ་ལྟ་བུའི་རང་བཞིན། ཞེས་སོ།། ལམ་ཤེས་ཕྱིན་ནི། དེ་ཐོབ་པ་དང་རྗེས་སུ་མཐུན་པས་བྱང་སེམས་ཀྱི་འཕགས་ལམ་རྣམས་སོ།། གཞུང་ཤེས་ཕྱིན་ནི། སྟོང་ཕྲག་བརྒྱ་པ་ལ་སོགས་པའོ།། དང་པོ་ནི་དངོས་དང་། ཕྱི་མ་གཉིས་ནི་བསྒྲུབ་བྱ་དེའི་དོན་དུ་སྦྱོར་བ་གཉིས་ཀྱིས་བཏགས་པའོ།། །།
༡༧) བརྗོད་བྱ་ལུས་ཀྱི་དངོས་པོ་བརྒྱད་རེ་རེ་བཞིན་གྱི་མཚན་ཉིད་བྲིས?
ལན) དང་པོ་རྣམ་མཁྱེན་གྱི་མཚན་ཉིད་ནི། སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་མ་ལུས་པ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས་གང་ཞིག་དང་པོའི་ལྡོག་པ་ནས་བསྟན་པའོ།། གཉིས་པ་ལམ་ཤེས་ཀྱི་མཚན་ཉིད་ནི། ལམ་གསུམ་རང་བཞིན་མེད་པ་རྟོགས་ཤིང་རྫོགས་སྨིན་སྦྱངས་ནས་བདག་མཐའ་མངོན་དུ་བྱེད་པའི་སློབ་ལམ་མོ།། གསུམ་པ་གཞི་ཤེས་ཀྱི་མཚན་ཉིད་ནི། གཞི་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པར་རྟོགས་པའི་ཉེ་ཚེ་བའི་མཁྱེན་པའོ།། བཞི་པ་རྣམ་རྫོགས་སྦྱོར་བའི་མཚན་ཉིད་ནི། མཁྱེན་གསུམ་བསྡུས་ཏེ་སྒོམ་པ་སེམས་དཔའི་རྣལ་འབྱོར་རོ།། ལྔ་པ་རྩེ་མོ་སྦྱོར་བའི་མཚན་ཉིད་ནི། རྣམ་རྫོགས་སྦྱོར་བ་ལ་བརྟེན་ནས་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པ་ལ་དབང་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་རོ།། བདུན་པ་སྐད་ཅིག་མའི་མཚན་ཉིད་ནི། མཁྱེན་གསུམ་རིམ་གྱིས་སྒོམ་པ་མཐར་ཐུག་པའི་སེམས་དཔའི་རྣལ་འབྱོར་རོ།། བརྒྱད་པ་ཆོས་སྐུའི་མཚན་ཉིད་ནི། སྦྱོར་བ་བསྒོམ་པའི་འབྲས་བུ་མཐར་ཐུག་ཟག་མེད་ཀྱི་ཡན་ལག་དུ་མ་དང་ལྡན་པའོ།། །།
༡༨)མཆོད་བརྗོད་ཀྱི་སྐབས་ནས་བསྟན་པའི་མཁྱེན་གསུམ་དང་ལུས་ཀྱི་སྐབས་བསྟན་པའི་མཁྱེན་གསུམ་ལ་མི་འདྲ་བའི་ཁྱད་པར་ཅི་འདུག?
ལན) འདི་གཉིས་ལ་མི་འདྲ་བའི་ཁྱད་པར་ཡོད་དེ། དེ་ཡང་ཤེར་ཕྱིན་ལུང་སྒོ་ལས། སྤྱིའི་མཁྱེན་པ་གསུམ་དང༌། དངོས་པོ་བརྒྱད་ཀྱི་དང་པོ་གསུམ་ཁྱད་པར་ཆེ་སྟེ། དངོས་པོ་བརྒྱད་ཀྱི་རྣམ་མཁྱེན། ལམ་ཤེས་རང་གི་ཤེས་བྱའི་ལམ་དང་བྱང་སེམས་ཀྱི་མཐོང་སྒོམ། འདིར་ཁྱད་པར་གྱིས་གཞི་ཤེས་ཀུན་སྤྱིར་བཤད་པའི་ལམ་ཤེས་པ་ཉིད་ཡིན་ལ། ལམ་ཤེས་ཀྱི་དངོས་པོར་བསྟན་པའི་ཉན་རང་རང་རྒྱུད་པའི་ལམ་དེ། འདིར་ཁྱད་པར་ཅན་མ་ཡིན་པའི་གཞི་ཤེས་བཤད་པ་དེ་ཐམས་ཅད་གཞི་ཤེས་རང་ཡིན། ། ཞེས་གསུངས་སོ །།
༡༩) ཐེག་ཆེན་སེམས་བསྐྱེད་གང་ལ་སྐྱེ་བའི་རྟེན། བསྐྱེད་བྱ་སེམས་སྐྱེད་ཀྱི་ངོ་བོ། སྐྱེད་བའི་ཚུལ། ཆོ་གས་བཟུང་བའི་རིམ་པ་རྣམས་མ་འདྲས་པར་མདོ་ཙམ་ཞིག་བྲིས?
ལན) སེམས་སྐྱེད་སྐྱེ་བའི་རྟེན་ལ། ལུས་རྟེན་དང། སེམས་རྟེན་གཉིས་ལས། དང་པོ་ལུས་རྟེན་ནི། ལམ་ཤེས་རུང་བའི་འདོད་པའི་མི་དང་ལྷའོ།། གཉིས་པ་སེམས་རྟེན་ནི། སྐྱབས་སུ་མཁས་ལེན་ཞིང་ཉེར་ལེན་གྱི་རྒྱུ་སྙིང་རྗེ་སོགས་དང་ལྷན་ཅིག་བྱེད་རྐྱེན་དགེ་བའི་བཤེས་གཉེན་གྱིས་ཟིན་པའོ། བསྐྱེད་བྱ་སེམས་བསྐྱེད་ཀྱི་ངོ་ནི། སྟོང་སྙིད་སྙིང་རྗེ་སྙིང་པོ་ཅན་དུ་སེམས་སྐྱེད་པའོ།། སྐྱེད་བའི་ཚུལ་ནི། རྒྱུ་བཞི་དང་རྐྱེན་བཞི་སྟོབ་དྲུག་སོགས་ལས་སྐྱེ་བར་བཤད་དོ།། ཆོ་གས་བཟུང་བའི་རིམ་པ་ནི། ཕྱོགས་བཅུའི་སངྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དགོངས་སུ་གསོལ་ཞེས་སྔོན་དུ་བཏང་ནས། ཇི་སྟར་སྔོན་གྱི་བདེ་གཤེགས་ཀྱིས་ཞེས་པ་ནས། བྱང་ཆུབ་སེམས་ནི་སྐྱེད་པར་གྱི་ཞེས་པའི་བར་སྨོན་སེམས་ལེན་པའི་ཆོ་ག་དང། ཇི་སྟར་སྔོན་གྱི་བདེ་གཤེགས་ཀྱིས་ཞེས་པ་ནས། རིམ་པ་བཞིན་དུ་བསླབ་པར་བགྱི་ཞེས་པའི་བར་འཇུགས་སེམས་ལེན་པའི་ཆོ་གའོ།།
༢༠) སེམས་བསྐྱེད་རྣམ་པར་དག་བྱེད་ཀྱི་གདམས་ངག་གི་ངོ་བོ་དང་གདམས་ངག་དང་རྗེས་བསྟན་གྱི་ཁྱད་པར་ཡང་བྲིས?
ལན) སེམས་བསྐྱེད་རྣམ་པར་དག་བྱེད་གདམས་ངག་གི་ངོ་བོ་ནི། ཐེག་ཆེན་དུ་སེམས་བསྐྱེད་པ་དོན་དུ་གཉེར་བའི་དོན་ཐོབ་པའི་བྱ་བ་ཉེ་བར་སྟོན་པ་དང་། ཞེས་དང་། ཡང་ན། ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱའི་ཐབས་མ་ནོར་བར་སྟོན་པའི་ཐེག་ཆེན་གྱི་ངག་དེ། ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད་དམ་ངོ་བོ་ཡིན་ནོ།། གདམས་ངག་དང་རྗེས་བསྟན་གྱི་ཁྱད་པར་ཡང་ནི། ཐོབ་ཟིན་པའི་ཡོན་ཏན་ཡོངས་སུ་བསྲུང་ཞིང་མི་ཉམས་པར་བྱེད་པའི་ཤེས་རབ་ཀྱི་ལས་ཅན་ལ་གདམས་ངག་ཅེས་དང་། མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པའི་སྙིང་རྗེའི་ལས་ཅན་ལ་རྗེས་སུ་བསྟན་པ་ཞེས་གསུངས་པ་ཡིན་ནོ།། །།
༢༡) མཐོང་ལམ་སྐད་ཅིག་འདོད་ཚུལ་འདྲ་མིན་ཡོད་ཀྱང་། རང་ལུགས་ཀྱི་བཞེད་པ་རྒྱབ་ཁུངས་དང་བཅས་ཞོག?
ལན) སྤྱིར་མཐོང་ལམ་སྐད་ཅིག་མ་འདོད་ཚུལ་ནི། གཉེན་པོ་སྐྱེ་བ་དང་དེ་དག་དགག་པ་ནི་སྣང་བ་བྱུང་བ་དང་མུན་པ་དགག་པ་དུས་མཉམ་བཞིན་ནོ།། དེ་ལྟ་བས་ན་མཐོང་ལམ་སྐད་ཅིག་བཅུ་དྲུག་ནི་ཀུན་མཁྱེན་ཆེན་པོས་བསྟན་པ་གནས་པའི་རྒྱས་པ་རྣམ་པར་གཞག་པ་སྤྲོས་པ་དང་བཅས་པ་ཡིན་ལ། དོན་ལ་དེ་བཞིན་ཉིད་ཤེས་པ་དང་མཚུངས་པར་ལྡན་པ་གཅིག་ཁོ་ན་སྟེ་ཞེས། མཐོང་ལམ་སྐད་ཅིག་གཅིག་ཏུ་བཞེད་པ་ཡིན་ལ། དེའི་རྒྱབ་ཁུངས་ཡང་། བརྒྱད་སྟོང་འགྲེལ་ཆེན་ཡིན་ཏེ། འགྲེལ་ཆེན་ལས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤོང་སྟེ། བདེན་པ་རྣམས་ཀྱི་མངོན་པ་རྟོགས་པ་ནི་གཅིག་པའི་ཕྱིར་རོ།། དེ་བས་ན་ས་དང་པོའི་སྐད་ཅིག་དང་པོ་ནི་མཐོང་བའི་ལམ་ཡིན་ནོ།། དེ་ལས་གཞན་པ་སྒོམ་ལམ་ཡིན་པར་བཤད་པའི་ཕྱིར་རོ།། །།
༢༢) སྤྱན་ལྔ་དང་མངོན་ཤེས་དྲུག་གི་ཁྱད་པར་ངོས་བཟུང་ནས་དེ་རྣམས་ཀྱི་བྱེད་ལས་ཀྱང་བྲིས?
ལན) དེ་གཉིས་ཀྱི་ཁྱད་པར་ནི། སྤྱན་ལྔ་ནི་མདོ་ལས། མིག་ལྔ་སྦྱང་བར་འདོད་པ་དང་ཐོབ་པར་འདོད་པས་ཕར་ཕྱིན་དྲུག་ལ་བརྩོན་པར་བྱའོ་ཞེས་པ་ལས་འབྱུང་བ་དང་། སྤྱིར་བསམ་གཏན་དང་ཁྱད་པར་འདིར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་དེའོ།། དེ་ཡང་ཚོགས་ཀྱི་ས་ནས་གོང་ནས་གོང་དུ་སྤྱན་སོ་སོར་ཐོབ་བོ།། གཉིས་པ་མངོན་ཤེས་དྲུག་ནི། བདག་རྐྱེན་བསམ་གཏན་བཞི་པ་ཤིན་ཏུ་དག་པ་ལ་བརྟེན་ནས་ཡུལ་མངོན་སུམ་དུ་གྱུར་པའི་ཏིང་ངེ་འཛིན་མི་དམིགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པ་ལ་བཞག་དགོས་པ་ཡིན་ནོ།།
གཉིས་པ་བྱེད་ལས་ནི། ཤའི་སྤྱན་ནི། དམན་པ་དཔག་ཚད་བརྒྱ་མཐོང་བ་ནས། རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར་ཡུལ་གྱི་དངོས་པོའི་ཚད་སོ་སོར་ངེས་པ་ཡིན་ནོ།། ལྷའི་སྤྱན་ནི། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་ཡུལ་ཅན་ཡིན་ནོ།། ཤེས་རབ་སྤྱན་ནི། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་ཡུལ་དུ་བྱས་ཏེ་གཟིགས་པའི་ཡུལ་ཅན་ནོ།། ཆོས་ཀྱི་སྤྱན་ནི། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་པོའི་རྣོ་རྟུལ་རྟོགས་ཡུལ་དུ་བྱེད་པའོ།། སངས་རྒྱས་སྤྱན་ནི། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་རྟོགས་པའི་ཡུལ་གཟིགས་པའི་ཡུལ་ཅན་ནོ།། གཉིས་པའི་བྱེད་ལས་ནི། མཐོང་བའི་ལས་འཇིག་རྟེན་སྒྱུ་མར་མཐོང་བ། སྟོན་པའི་ལས་དབང་བཅུ་དང་ལྡན་པས་འཇིག་ཆགས་དང་། སྒྱུ་འཕྲུལ་སྣ་ཚོགས་སྟོན་པའོ། །འོད་ཟེར་གྱི་ལས་ངན་འགྲོ་ལ་རེག་པས་བདེ་འགྲོར་འཕེན་པ་དང༌། རྣམ་པར་རོལ་པའི་ལས། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་རྣམ་པ་མང་པོས་རྣམ་པར་རྩེ་བ་ཀུན་ཏུ་སྟོན་ནོ། །སྤྲུལ་པའི་ལས་ནི། བཟོའི་ལས་ཀྱི་གནས་དང་སྐྱེ་བ་དང༌། དགའ་ལྡན་ན་བཞུགས་པ་མཆོག་གི་སྤྲུལ་པའི་སྐུའོ། །ཞིང་ཡོངས་སུ་དག་པའི་ལས་ནི། ཡེ་ཤེས་ལ་དབང་བས་སྣོད་ཀྱི་འཇིག་རྟེན་ཇི་ལྟར་འདོད་པ་བཞིན་དག་པར་སྟོན་པ་དང་།བཅུད་ཀྱི་སེམས་ཅན་སངས་རྒྱས་ཀྱི་སྒྲ་མི་གྲགས་པར་སྐྱེས་པ་ལ་མཚན་བསྒྲགས་པས་སངས་རྒྱས་དང་མི་འབྲལ་བར་སྐྱེ་བར་བྱེད་པའོ།། །།
༢༣) བྱང་ཆུབ་སེམས་པའི་སྦྱོར་ལམ་བཞི་པོ་ཉན་རང་ལས་ཁྱད་འཕགས་ཚུལ་བྲིས་ནས་གཞུང་འདིར་དེའི་ཁྱད་ཆོས་བཞི་དང་ལྔ་གང་ལ་འཇོག་པའི་རྒྱུ་མཚན་དང་བཅས་ཞོག?
ལན) བྱང་སེམས་ཀྱི་སྦྱོར་ལམ་བཞི་པོ་ཉན་རང་གཉིས་ཀྱི་སྦྱོར་ལམ་ལས་ཁྱད་པར་འཕགས་ཚུལ་ནི། རྩ་བར།
དམིགས་པ་དང་ནི་རྣམ་པ་དང་།། རྒྱུ་དང་ཡོངས་སུ་འཛིན་པ་ཡིས།།
ཞེས་པ་ནས་ བཅས་པ་དག་ལས་ཁྱད་པར་འཕགས།། ཞེས་པའི་བར་བསྟན་པ་ལྟར།
དེ་དག་ཀྱང་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱིས་དངོས་པོ་ལ་དམིགས་དང་། མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་དང་། ཐེག་པ་གསུམ་རྟོགས་པའི་རྒྱུ་ཉིད་དང་། དགེ་བའི་བཤེས་གཉེན་དང་ཐབས་ལ་མཁས་པའི་མཚན་ཉིད་ཀྱིས་ཡོངས་སུ་འཛིན་པ་དང་བཅས་པས་བྱང་ཆུབ་སེམས་དཔའ་སྐྱོབ་པ་སངས་རྒྱས་སུ་ཆས་པ་ཡི་དྲོད་སོགས་བཞིའི་བདག་ཉིད་ཀྱིས་བྱང་ཆུབ་སེམས་པའི་སྦྱོར་ལམ་ཁྱད་དུ་འཕགས་ཤིང་། གཞན་ཡང་གཟུང་བའི་རྣམ་པར་རྟོག་པ་གཉིས་ལ་སོགས་པ་ལྡན་པ་ལ་བརྟེན་པ་དེ་དག་བཅུ་གཉིས་ཏེ། འདིས་ཀྱང་ཉན་ཐོས་བསེ་རུ་ལྟ་བུ་དང་བཅས་པ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ།། གཉིས་པ་གཞུང་འདིར་ཁྱད་ཆོས་ལྔས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དམིགས་པ་དང༌། རྣམ་པ་དང་། རྒྱུ་ཉིད་དང༌། ཡོངས་སུ་འཛིན་པ་དང་། རྣམ་པར་རྟོག་པ་བཞི་པོ་རྣམས་དང་མཚུངས་པར་ལྡན་པ་ལ་སོགས་པ་ལྔས་ཁྱད་པར་དུ་འཕགས་པ་ཀུན་མཁྱེན་ཆེན་པོས་བཞེད་དོ།། །།
༢༤)ཆོས་ཀྱི་དབྱིངས་དབྱེ་བ་མེད་པའི་ཕྱིར་སྒྲུབ་པའི་རིགས་ལ་བཅུ་གསུམ་དུ་དབྱེ་ བར་མི་འཐད་ཅེས་པའི་ལན་དཔེ་དང་བཅས་ཏེ་བྲིས?
ལན) རྩ་བར།
བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །
ཞེས་གསུངས་པ་ལྟར། ཇི་ལྟར་ཉན་ཐོས་དག་གིས་རིགས་ནི་ངོ་བོ་གཅིག་ཡིན་ཡང་རྐྱེན་གྱིས་བྱས་པའི་རྟོག་པ་ཐ་དད་པ་ཙམ་གྱིས་རིགས་ཐ་དད་དུ་འཇོག་པ་ལྟར། ཁོ་བོས་ཀྱང་རིགས་ཀྱི་རང་བཞིན་ཆོས་དབྱིངས་གཅིག་པུ་ཁོ་ན་རྟོགས་པའི་རིམ་པ་ལས་རིགས་ཁྱད་པར་བཅུ་གསུམ་དུ་འདོད་དོ་ཞེས་དང་། དཔེར་ན་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་བུམ་པ་ལ་སོགས་པ། བརྟེན་པ་སྦྲང་རྩི་དང་ལི་ཁ་ར་ལ་སོགས་པས་བཀང་བའི་ཚེ། འདི་ནི་སྦྲང་རྩིའི། འདི་ནི་ལི་ཁ་རའི་སྣོད་དོ་ཞེས་ཐ་དད་པར་འདོད་པར་འདོད་པ་དེ་བཞིན་དུ། བརྟེན་པའི་ཆོས་ཐེག་པ་གསུམ་གྱི་རྟོགས་པའི་བྱེ་བྲག་གིས་རྟེན་དེ་ཡི་དབྱེ་བ་ཡོངས་སུ་བརྗོད་པ་ཡིན་ནོ།། །།
༢༥) འདིར་བསྟན་པའི་དགེ་འདུན་ཉི་ཤུ་པོ་ཐམས་བྱང་སེམས་འཕགས་པ་ཡིནཡང་ཉན་རང་དུ་བསྟན་པའི་རྒྱུ་མཚན་གང་ཡིན?
ལན་) འདིར་བསྟན་པའི་དགེ་འདུན་ཉི་ཤུ་པོ་ཐམས་བྱང་སེམས་འཕགས་པ་ཡིནཡང་ཉན་རང་དུ་བསྟན་པའི་རྒྱུ་མཚན་ནི། ཕྱིར་མི་ལྡོག་པ་དང་། དེ་དང་ཚུལ་འདྲ་བ་ཙམ་གྱིས་ཡོན་ཏན་མངོན་དུ་བྱས་པས་གཞན་དག་ཀྱང་དེ་ལ་འཇོག་པར་ནུས་ཀྱི་གཞན་དུ་ནི་མ་ཡིན་ནོ།། ཞེས་གསུངས་པ་དང་གཞན་ཡང་། འདི་ན་སེམས་ཅན་དམན་ལ་མོས་རིགས་ནས། །བྱང་ཆུབ་སེམས་དཔའ་དེ་དག་ཉན་ཐོས་འགྱུར། །རང་རྒྱལ་དགྲ་བཅོམ་པར་ཡང་རབ་ཏུ་སྟོན། ། ཞེས་གསུངས་པས་སོ།། །།
༢༦) དེ་ཁོ་ན་ཉིད་དང་། མངོན་པར་རྟོགས་པ་དང་། མདུན་ན་ཞུགས་པའི་དཀོན་མཆོག་གསུམ་པའི་ངོས་འཛིན་མ་འདྲེས་པར་ཁོད?
ལན) སྐྱེ་བ་དང་འགག་པ་མེད་པས་རབ་ཏུ་ཕྱེ་བའི་ཐུབ་པ། རྣམ་པར་སྦྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་། ཐེག་པ་གསུམ་པའི་ཚོགས་ཀྱང་ཆོས་ཀྱི་སྐུ་རྣམ་པར་དག་པ་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར་ན་སངས་རྒྱས་ཁོ་ནའོ།། དེ་དག་ནི་དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ་ཡིན་ལ། དེ་དག་གི་རྗེས་ཐོབ་ཀྱིས་བསྡུས་པ་སྐུ་དང་ཡེ་ཤེས་སྦྱོར་ལམ་པ་དག་ནི་མངོན་པར་རྟོགས་པའི་དཀོན་མཆོག་གསུམ་དང་། རི་མོར་བྲིས་པ་ལ་སོགས་པའི་བརྙན་པོ་དང་། པོ་ཏི་། ཚོགས་ལམ་པ་དག་ནི་མདུན་ན་བཞུགས་པའི་དཀོན་མཆོག་གསུམ་ཡིན་ནོ།། །།
༢༧) གཟུང་རྟོགས་གཉིས་དང་འཛིན་རྟོགས་གཉིས་མ་འདྲེས་པར་ངོས་བཟུང་ནས་དེ་རྣམས་ཅིའི་ཕྱིར་མི་མཐུན་ཕྱོགས་སུ་གྱུར་པ་ཡིན?
ལན) གཞུང་ལས།
འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །
དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །
ཞེས་པ་ལྟར། འཇུག་པ་དང་ནི་ལྡོག་པ་མི་དམིགས་པ་དང་། དམིགས་པའི་ངོ་བོ་ཉིད་ཀྱི་ཕྱོགས་དག་ལ་གོ་རིམ་བཞིན་། བྱང་སེམས་དང་ཉན་ཐོས་ལ་སོགས་པའི་ཆོས་ལེན་པ་དང་འདོར་བའི་རྣམ་པ་གཟུང་བའི་རྣམ་པར་རྟོག་པ་གཉིས་ཡིན་ནོ།། གཉིས་པ་མི་མཐུན་ཕྱོགས་སུ་གྱུར་ཚུལ་ནི། ཉོན་མོངས་པ་དང་འདྲ་བར་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་ཏེ། དེ་དག་ཡུལ་གྱི་དབྱེ་བས་རྣམ་པ་དགུ་ཡི་དག་ཉིད་།དངོས་པོ་དང་མ་འབྲེལ་བར་འཇུག་པ་ཉིད་ཀྱིས་ན་ཕྱི་ཅི་ལོག་ཏུ་སྣང་བས་ཇི་ལྟ་བ་བཞིན་གྱི་ཡུལ་མིན་པའི་མདག་ཉིད་དག་ཅེས་སོ།།
གཉིས་པའི་རྩ་བར།
སོ་སོར་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །
རྣམ་རྟོག་འཛིན་པ་དག་ཏུ་འདོད། །
ཅེས་པ་ལྟར། སོ་སོ་སྐྱེ་བོ་དང་འཕགས་པའི་གང་ཟག་དག་གི་གོ་རིམ་བཞིན་དུ་དབྱེ་བས་སེམས་ཅན་རྫས་དང་བཏགས་ཡོད་དུ་རྣམ་པར་འཛིན་པའི་རྟོག་པ་གཉིས་ཡིན་ལ། དེ་མི་མཐུན་ཕྱོགས་སུ་གྱུར་ཚུལ་ནི། འཛིན་པ་དག་ཏུ་འདོད་པ་དེ་དག་གི་གེགས་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་ནོ། སོ་སོར་དགུ་ཡི་བདག་ཉིད་དུ་དབྱེའོ།། །།
༢༨) དབུ་མ་རང་ལུགས་ཀྱི་བྱང་ཆུབ་ཆེན་པོ་དང་དངོས་པོར་སྨྲ་བའི་ལུགས་ཀྱི་བྱང་ཆུབ་ལ་མི་འདྲ་བའི་ཁྱད་པར་ཇི་ལྟར་ཡོད?
ལན) དབུ་མ་རང་ལུགས་ཀྱི་བྱང་ཆུབ་ཆེན་པོ་ནི། གཞུང་ལས།
དྲི་མ་ཟད་དང་མི་སྐྱེ་བའི། །ཡེེས་བྱང་ཆུབ་ཅེས་བརྗོད་དེ། །
ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམ་བཞིན་དུ་ཤེས་པར་བྱ། །
ཞེས་གསུངས་པ་ལྟར། བྱམས་ཞལ་དུ། སྒྲིབ་གཉིས་ཀྱི་དྲི་མ་ཟད་པ་དང་། མི་སྐྱེ་བའི་མངོན་སུམ་དུ་ཤེས་པའི་ཡེ་ཤེས་སམ་ཆོས་སྐུ་དེ་བྱང་ཆུབ་ཆེན་པོ་ཞེས་བརྗོད་དེ། གདོད་མ་ནས་དྲི་མ་མ་གྲུབ་པས་ཟད་པ་མེད་ཅིང་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར་དེ་དག་ཕྱིན་ཅི་མ་ལོག་པར་གོ་རིམ་བཞིན་དུ་ཤེས་པར་བྱ་བས་སོ།། དངོས་པོར་སྨྲ་བས་ནི། ཀུན་འབྱུང་གི་དངོས་པོ་སྔར་ཡོད་པ་འཇིག་པར་འདོད་པ་ནི་ཟད་ཤེས། སྡུག་བསྔལ་གྱི་རྒྱུ་ཟད་པས་ཕྱིས་མི་སྐྱེ་བའི་བསམ་པས་མི་སྐྱེ་བ་ཤེས་པ་གཉིས་བྱང་ཆུབ་ཡིན་པར་འདོད་དོ།། །།
༢༩)དམིགས་ཡུལ་བདེན་བཞིའི་མཚན་ཉིད་ངོས་བཟུང་ནས་དེ་རྣམས་ཀྱི་གོ་རིམ་དེ་ལྟར་འཇོག་པའི་རྒྱུ་མཚན་ཡང་བྲིས?
ལན) དམིགས་ཡུལ་བདེན་བཞིའི་མཚན་ཉིད་ནི། ཀུན་མཁྱེན་ཆེན་པོས་བྱམས་ཞལ་ལས། འཁོར་བའི་འབྲས་བུས་བསྡུས་པའི་ཟག་བཅས། སྡུག་བདེན་གྱི་དང། འཁོར་བའི་རྒྱུས་བསྡུས་པའི་ཟག་བཅས། ཀུན་འབྱུང་གི་བདེན་པའི་དང་། རྣམ་བྱང་གི་འབྲས་བུས་བསྡུས་པའི་ཟག་མེད་ཀྱི་ཆོས་འགོག་བདེན་གྱི་དང། རྣམ་བྱང་གི་རྒྱུས་བསྡུས་པའི་ཟག་མེད་ཀྱི་ཆོས་ལམ་བདེན་གྱི་མཚན་ཉིན་ཡིན་ནོ།། དེ་རྣམས་ཀྱི་གོ་རིམ་དེ་ལྟར་འཇོག་པའི་རྒྱུ་མཚན་ནི། བདེན་པ་མངོན་པར་རྟོགས་པའི་གོ་རིམ་དང་མཐུན་པར་བསྟན་པ་ཡིན་སྟེ། རིམ་པ་བཞིན་ཐར་པ་འདོད་པའི་གང་ཟག་གི་ ཤེས་བྱ་སྡུག་བསྔལ། སྤང་བྱང་ཀུན་འབྱུང་། ཐོབ་བྱ་འགོག་པ། བསྟེན་བྱ་ལམ་བདེན་དང་བཞིར་ངེས་ཏེ། རྒྱུད་བླར། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །དུ་ཁ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་སོ། །ཡང་ན་བདེན་པ་བཞིར་བྱས་པ་ལ་འཁོར་འདས་གཉིས་སུ་ངེས། འཁོར་བའང་རྒྱུ་འབྲས་གཉིས་སུ་ངེས་པས་ཀུན་འབྱུང་དང་སྡུག་བསྔལ་གཉིས་སོ། ། མྱང་འདས་ཀྱང་རྒྱུ་འབྲས་གཉིས་སུ་ངེས་པས་ལམ་དང་འགོག་པ་གཉིས་སུ་ངེས་པས་སོ། ། ། །
༣༠) ཉོན་མོངས་པའི་ཀུན་འབྱུང་གི་མཚན་ཉིད་དང་དེ་དབྱེ་ན་དུ་ཡོད་པའི་མཚན་གཞི་དང་། མཐོག་སྤང་ལ་ཐེག་པ་ཆེ་ཆུང་གི་ཁྱད་པར་མི་འདྲ་བ་ཇི་ལྟར་ཡོད ?
ལན) མཚན་ཉིད་ནི། གང་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་བྱེ་པ་དེའོ།། དེ་ལ་དབྱེ་ན་གཉིས་ཏེ། མཐོང་སྤང་དང་སྒོམ་སྤང་གཉིས་སོ། གཉིས་པ་མཐོང་སྤང་མི་འདྲ་བ་ནི། ཉན་ཐོས་ལྟར་ན་འདོད་ཁམས་ན་སྡུག་བསྔལ་མཐོང་སྤང་བཅུ།ཀུན་འབྱུང་དང་དགོག་པ་ལ་ལྟ་བ་དང་པོ་གཉིས་དང་ཐ་མ་བོར་བས་བདུན་བདུན། ལམ་ལ་ལྟ་བ་དང་པོ་གཉིས་བོར་བས་བརྒྱད་དེ་སོ་གཉིས་སོ། དེ་ཡང་མཛོད་ལས། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་ཉིད་མ་གཏོགས་སོ། ། ཞེས་སོ། ཁམས་གོང་གཉིས་ན་ཁོང་ཁྲོ་བོར་བས་དེ་དག་དགུ་དང་དྲུག་དྲུག་བདུན་དུ་གྱུར་བས་ཉེར་བརྒྱད་པ་གཉིས་བསྡོམས་པས་གྱ་བརྒྱད་དོ།།
གཉིས་པ་ཐེག་ཆེན་ལྟར་ན། འདོད་ཁམས་ན་བདེན་པ་བཞི་ལ་བཅུ་བཅུ་སྟེ་བཞི་བཅུ། ཁམས་གོང་གཉིས་ན་ཁོང་ཁྲོ་མེད་དེ་རྒྱུད་ཞི་གནས་དང་ལྡན་པའི་ཕྱིར་དང་། བདེན་བཞི་ལ་ཁོང་ཁྲོ་མ་གཏོགས་དགུ་རེ་སྟེ་སོ་དྲུག་གཉིས་བསྡོམས་པས་མཐོང་སྤངས་བརྒྱ་རྩ་བཅུ་གཉིས་སུ་འདོད་པའི་ཕྱིར་རོ།། དེ་ལྟར་ཡིན་པ་ཡང་ཀུན་བཏུས་ལས། འདོད་པ་ན་བདེན་བཞི་ལ་བཅུ། །གོང་གཉིས་ཁོ་ཁྲོ་མ་གཏོགས་སོ། ། ཞེས་གསུངས་སོ།།
༣༡) བདེན་པ་བཞིའི་དངོས་སུ་ལོག་བཞུགས། ལོག་པ་ལ་ལོག་བཞུགས། དབང་གི་ལོག་བཞུགས་རྣམས་མ་འདྲེས་པར་བྲིས།
ལན) དང་པོ་བདེན་པ་བཞིའི་དངོས་སུ་ལོག་ཞུགས་ནི། བདེན་པ་བཞི་ལ་འཇིག་ལྟས་གང་ཟག་དང་། ཆོས་ཀྱི་བདག་དང་བདག་གིར་བལྟས། མཐར་འཛིན་གྱི་རྟག་པའམ་ཆད་པར་བཟུང་། ལོག་ལྟས་དེ་དག་གི་རྣམ་པ་མི་སྲིད་པར་སྐུར་པ་བཏབ། མ་རིག་པས་ཡུལ་དང་ལྟ་བ་ཐམས་ཅད་ལ་རྨོངས། ཐེ་ཚོམ་གྱི་གཉེན་པོ་ལ་སོམ་ཉི་ཟོས། ལྔས་སྡུག་ཀུན་ལ་དངོས་སུ་ལོག་པར་ཞུགས་ལ། འགོག་ལམ་ལ་དེའི་སྟེང་དུ་བདག་མེད་ལ་སྐྲག་སྟེ་མནར་སེམས་པའི་ཁོང་ཁྲོ་དང་དྲུག་གིས་དངོས་སུ་ལོག་པར་ཞུགས་སོ།། དེས་འགོག་ལམ་དང་ས་གོང་མ་ལ་ཉན་ཐོས་ཀྱི་དངོས་སུ་དམིགས་མི་ནུས་ཀྱང་བློས་དེ་དག་ཏུ་བཏགས་པ་ལ་དངོས་སུ་དམིགས་པས་དངོས་སུ་ལོག་ཞུགས་སུ་བཏགས་སོ།།
གཉིས་པ་ལོག་པ་ལ་ལོག་ཞུགས་ནི། ལྟ་བ་མཆོག་འཛིན་གྱིས་ལྟ་བ་དང་པོ་གསུམ་ལ་བཟང་པོར་བལྟས། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པས་ལྟ་ངན་དང་འབྲེལ་བའི་སྤྱོད་ངན་ལ་དག་གྲོལ་ངེས་འབྱིན་གྱི་ལམ་དུ་བལྟས། འདོད་ཆགས་ང་རྒྱལ་གཉིས་ཡུལ་ལ་དམིགས་པ་སྒོམ་སྤང་ཡིན་ཀྱང་ལྟ་ངན་གསུམ་པོ་ལ་ཞེན་པའི་འདོད་ཆགས་དང་གསུམ་པོས་སེམས་ཁེངས་པའི་ང་རྒྱལ་རྣམས་བདེན་བཞི་ལ་དམིགས་ནས་ལྟ་བ་དང་པོ་གསུམ་དུ་འཁྲུལ་ལ། དེ་ལ་དམིགས་ནས་འཁྲུལ་པའི་ཕྱིར་ལོག་པ་ལ་ལོག་ཞུགས་སོ།
གསུམ་པ་དབང་གི་ལོག་ཞུགས་ནི། ཁོང་ཁྲོས་བདེན་པ་རྣམས་ལ་བདག་ལྟའི་དབང་གིས་དེ་དང་མི་མཐུན་པའི་ལྟ་བའམ་གྲུབ་མཐའ་ལ་མནར་སེམས་པ་སྟེ་དབང་གི་ལོག་ཞུགས་སོ།།
༣༢) ལམ་ཤེས་ཀྱི་ངོ་བོ་དང་དེའི་ཡན་ལག་ལྔ་གོ་དོན་བཅས་ངོས་ཟུངས?
ལན) དེ་ཡང་གཞུང་ལས།
ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང་། །
ཡུལ་ངེས་པ་དང་ཁྱབ་པ་དང་། །རང་བཞིན་དང་ནི་དེ་ཡི་ལས། །
ཞེས་གསུངས་པ་ལྟར། ལམ་ཤེས་ཀྱི་ངོ་བོ་ནི། ལམ་ཐམས་ཅད་སྐྱེ་བ་མེད་པར་ཤེས་པའི་ངོ་བོ་ཉིད་དོ།། ཡང་ན་ལམ་ཙམ་མངོན་སུམ་དུ་རང་བཞིན་མེད་པར་རྟོགས་པའི་ཕར་ཕྱིན་ནོ།། གཉིས་པ་ཡན་ལག་ལྔའི་གོ་དོན་ནི། ༡-འདོད་གཟུགས་ཀྱི་ལྷ་ལྷགས་པ་རྣམས་ལམ་ཤེས་སྐྱེ་རུང་དུ་བསྒྲུབ་པར་བྱའི་ཕྱིར།དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་རྣམས་ཀྱིས། ལྷ་དེ་དག་གི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་དྲི་མ་ཅན་ལྟ་བུར་མོག་མོག་པོར་མཛད་པ་དེ་ནི་ང་རྒྱལ་བཅོས་པའི་རྟེན་ཁོ་ན་ལ་ལམ་ཤེས་ཀྱི་རྟོགས་པ་སྐྱེ་བ་དང་། ༢-བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་ཡུལ་ངེས་པ། ༣-ཐེག་པ་ཐམས་ཅད་ཀྱང་ལམ་ཤེས་བསྒོམ་པར་བྱ་བ་ཡིན་པས་ཁྱབ་པ། ༤-ཉོན་མོངས་པ་སྣམས་དབང་དུ་བྱས་ནས་དུས་ཡུན་རིང་པོར་སྒྲུབ་པར་བྱེད་པ་ལམ་ཤེས་ཀྱི་རང་བཞིན། ༥-འཁོར་བ་ཇི་སྲིད་པས་སེམས་ཅན་གྱི་དོན་བྱ་བ་ལ་འཇུག་པ་ནི་དེ་ཡི་བྱེད་ལས་སོ།། །།
༣༣) གང་ཟག་ཇི་ལྟ་བུ་ཞིག་དེ་བཞིན་གཤེགས་པས་སངས་རྒྱས་སུ་ལུང་བསྟན་པ་ཡིན?
ལན) དེ་ཡང་བྱམས་ཞལ་ལས། སངས་རྒྱས་ཀྱི་ས་ལ་བསམ་པ་ངེས་པ་དང་། ཉོན་མོངས་པ་ཐམས་ཅད་སྤངས་པ། ཆོས་ཀྱི་དབྱིངས་ཤིན་ཏུ་རྟོགས་པ། ཆོས་ཟང་མོ་ལ་བཟོད་པ་ཐོབ་པའི་གང་ཟག་རྣམས་དེ་བཞིན་གཤེགས་པས་སངས་རྒྱས་སུ་ལུང་སྟོན་ཏེ། དེའི་ཚེ་ན་ས་བརྒྱད་པ་ལ་གནས་པ་རྣམ་པར་མི་རྟོག་པ་ལྷུར་གྱིས་གྲུབ་པའི་བྱང་སེམས་ཆེན་པོ་འགྱུར་བ་ཡིན་ནོ།། །།
༣༤) ཐེག་དམན་དགྲ་བཅོམ་ཐེག་ཆེན་གྱི་ལམ་དུ་འཇུག་པའི་ས་མཚམས་གང་ནས་ཡིན?
ལན) ས་མཚམས་ནི། ཚོགས་ལམ་ཆུང་ངུ་ནས་ཡིན་ཏེ་ཐེག་དམན་དགྲ་བཅོམ་བྱང་ཆུབ་སེམས་དཔའི་ལམ་དུ་འཇུག་པ་ནི་ཚོགས་ལམ་ཆུང་ངུ་ནས་ཡིན་པ་འཐད་ལ། ཞེས་ཀུན་མཁྱེན་ཆེན་པོས་ཡུམ་གསུམ་གནོད་འཇོམས་ལས་གསུངས་ལྟར་བཞེད་དེ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་ལྟོས་ནས་དེ་མ་ཐོབ་བར་དུ་ཐེག་ཆེན་སོ་སྐྱེ། འཕགས་མ་འཕགས་ནི་འཇིག་རྟེན་ལ་ལྟོས་ནས་ཡིན་པས་འཕགས་པར་ཐེག་ལ། དེ་རྩམ་གྱིས་ཕུང་པོ་གསུམ་པར་མི་འགྱུར་ཏེ། ཞེས་གསུངས་སོ།། དེ་ཡང་དམ་ཆོས་པདྨ་དཀར་པོར་ཉན་ཐོས་ཆེན་པོ་རྣམས་བྱང་ཆུབ་ཏུ་ལུང་བསྟན་པས་ཀྱང་ཤེས་སོ།། །།
༣༥) བྱང་སེམས་དབང་ཐོབ་པ་རྣམས་སྲིད་པ་བཟུང་བའི་ལུས་ངོས་བཟུང་ནས་ དེའི་འཆི་འཕོ་དང་སྐྱེ་བ་གཉིས་ཇི་ལྟ་བུ་ཞིག་ལ་འཇོག་པ་ཡིན?
ལན) བྱང་སེམས་དབང་ཐོབ་པ་རྣམས་ཀྱི་སྲིད་པ་བཟུང་བའི་ལུས་ནི། ཡིད་ལས་བྱུང་བའི་ལུས་ཞེས་བྱ་སྟེ། རྣམ་པར་དབྱེ་ན་དགྲ་བཅོམ་གཉིས་དང་དབང་ཐོབ་པའི་བྱང་སེམས་སོ། ཡིད་ལས་བྱུང་བའི་སྤྲུལ་པ་ལྟ་བུར་བལྟ་ཡི། སྤྲུལ་པ་ཉིད་ནི་མ་ཡིན་ནོ།། གཉིས་པ་དེའི་འཆི་འཕོ་བ་དང་སྐྱེ་བ་འཇོག་ཚུལ་ཡང། དབང་ཐོབ་པ་རྣམས་ནི་སེམས་ཅན་གྱི་དོན་དུ་འགྱུར་བ་ཡོད་ན་སྐྱེ་གནས་དང་འགྲོ་བ་དེ་དག་ཏུ་སྣང་བར་འགྱུར་ལ། སེམས་ཅན་གྱི་དོན་དུ་འགྱུར་བ་མེད་ན་ནི་བདག་ཉིད་མི་སྣང་བར་འགྱུར་ཏེ་འཆི་འཕོ་བ་དང་སྐྱེ་བ་ཡང་དེ་ཉིད་ཡིན་ལ། ལུས་དེ་ཉིད་ཟག་པ་མེད་པའི་དགེ་བའི་རྩ་བའི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་འདུས་བྱས་ཡིན་ཏེ་འཁོར་བ་ཞེས་ཀྱང་བྱའོ།། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པའི་ཕྱིར་འདུས་མ་བྱས་ཞེས་བྱ་སྟེ། དེ་ཉིད་ལ་མྱ་ངན་ལས་འདས་པ་ཞེས་ཀྱང་བྱའོ།། །།
༣༦) བྱང་ཆུབ་སེམས་དཔས་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤོང་བ་མ་ཡིན་པའི་ཉོན་མོངས་དེ་གང་ཡིན་དེ་ཉོན་མོངས་པར་བཏགས་པའི་རྒྱུ་མཚན་བཅས་བྲིས?
ལན) དང་པོ་ནི། དེ་ཡང་འགྲེལ་པ་དོན་གསལ་ལས། ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤོང་བ་མ་ཡིན་པ་ཞེས་པའི་འདིའི་ཉོན་མོངས་པ་ཞེས་བྱ་བ་ཡང་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱ་སྟེ། མཚུངས་ལྡན་གྱི་ཉོན་མོངས་ལ་ངོས་འཛིན་བྱེད་དོ།། གཉིས་པ་བཏགས་པའི་རྒྱུ་མཚན་ནི། དེ་ཡང་འགྲེལ་པར། དེས་བསམ་བཞིན་དུ་ཁམས་གསུམ་དུ་འགྲོ་བས་དེ་སྐད་དུ་བཏགས་ཀྱི་སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ་ཞེས་གསུངས་ལ། མཚུངས་ལྡན་དང་བཅས་པ་ཞེས་པ་ཡང་། བསོད་ནམས་ཀྱི་ཚོགས་ཡོངས་སུ་བཙལ་བས་མི་ངོམས་པ་དང་། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་ཕྲད་པར་སྨོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ནི་སྤྲོ་བ་དང་།་ཆོས་ལ་ཀུན་ཏུ་དགའ་བའི་བསམ་པ་མི་འདོར་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་རྣམས་ཡོངས་སུ་མི་གཏོང་བའོ།། ཞེས་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བཤདཔ་བཞིན་ནོ།། །།
༣༧) ས་དགུ་འདས་ནས་ཡེ་ཤེས་ནི། །ཞེས༌པའི༌སྐབས༌ཀྱི༌ས༌དགུ༌དང༌། སྒྲུབ༌པ༌བཞི༌དང༌། དེའི་ས་མཚམས་འཇོག་ཚུལ་མི་འདྲ་བ་ཅི་ཡོད?
ལན) དེ་སྐབས་ཀྱི་ས་དགུ་ཞེས་པ་ཡང་དམན་ས་བརྒྱད་དང་། བྱང་ས་རྣམས་གཅིག་ཏུ་བསྡུས་པ་ལ་བྱའོ།། དམན་ས་བརྒྱད་ནི། རིགས་ཀྱི་ས།བརྒྱད་པའི་ས། མཐོང་བའི་ས། བསླབས་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་བསྲུང་བའི་ས། ཉན་ས། རང་ས་བཅས་བརྒྱད་ཡིན་ནོ།། གཉིས་པ་སྒྲུབ་པ་བཞི་ནི། གོ་ཆའི་སྒྲུབ་པ། འཇུག་སྒྲུབ། ཚོགས་སྒྲུབ། ངེས་འབྱུང་སྒྲུབ་པའོ།། དེའི་ས་མཚམས་ནི་ཐོགས་མེད་དང་སློབ་དཔོན་གཉིས་ཀས། གོ་ཆ་དང་འཇུག་པའི་བསྒྲུབ་པ་དག་ནི་གོ་རིམ་བཞིན་དུ་བརྒྱུད་པ་དང་། དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་སས་བསྡུས་པ་ཡིན་ནོ།། ཚོགས་ཀྱི་བསྒྲུབ་པ་བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་ནི་མངོན་སུམ་དུ་སྦྱོར་བའི་རང་བཞིན་ཆོས་མཆོག་ཆེན་པོས་བསྡུས་པ་ཡིན་ནོ།། ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་པའི་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཡིན་ལ། ས་གཉིས་པ་ལ་སོགས་པའི་རང་བཞིན་བསྒོམ་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཞིང་། གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་ཚོགས་ཀྱི་སྒྲུབ་པ་ནི་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ།ངེས་པར་འབྱུང་བའི་སྒྲུབ་པ་ནི་བསྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ།། །།
༣༨) བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་བསྒོམ་ཚུལ་ཇི་ལྟར་ཡིན?
ལན) དེ་ཡང་གཞུང་ལས།
ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི། །
རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །
ཞེས་པ་ལྟར། སྦྱོར་བ་སེམས་བསྐྱེད་ཀྱིས་ཀུན་ནས་བསླངས། དངོས་གཞི་འཕགས་པའི་བདེན་པ་གཞི་དག་གི་རྣམ་པ་ཉི་ཤུ་ཙ་དྲུག་པོ་ངོ་བོ་ཉིད་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས། མཇུག་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བ་དང་བཅས་པ་ནི་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་འདིར་ཡྟོན་ཡར་ལྡན་དུ་ཤེས་པར་བྱའི་ཚུལ་དུ་བསྒོམ་པ་ཡིན་ནོ།། །།
༣༩) བསེ་རུ་ལྟ་བུའི་ཡེ་ཤེས་ཟབ་པ་ཉིད་དུ་བརྗོད་པའི་སྒྲུབ་བྱེད་བྲིས?
ལན) གཞུང་ལས།
རང་འབྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །
བསེ་རུ་ལྟ་བུའི་ཡེེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །
ཅེས་པ་ལྟར་རང་སངས་རྒྱས་རྣམས་ནི་སྔོན་ཐོས་པ་ལ་སོགས་པ་མངོན་པར་འདུ་བྱས་རང་བྱུང་གི་བྱང་ཆུབ་བདག་ཉིད་ཀྱིས་རྟོགས་པའི་ཕྱིར་གཞན་སངས་རྒྱས་ལ་སོགས་ཀྱིས་བསྟན་ཡང་མི་དགོས་པ། དེ་ནི་ཤེས་པ་ཟབ་པ་ཡིན་ལ། བསེ་རུ་ལྟ་བུའི་ཡེ་ཤེས་ནི་མ་བརྗོད་པ་ཟབ་པ་ཉིད་དུ་ཡང་མངོན་པར་བརྗོད་དོ།། །།
༤༠) སེ་རུ་ལྟ་བུའི་རང་སངས་རྒྱས་ཀྱི་རྣལ་མའི་ལམ་ངོས་ཟུངས?
ལན) བསེ་རུ་ལྟ་བུའི་རང་སངས་རྒྱས་ཀྱི་རྣལ་མའི་ལམ་ནི། རྩ་བར་ལས།།
གཟུང་དོན་རྟོགས་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །
རྟེན་གྱི་བསེ་རུ་ལྟ་བའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །
ཞེས་གསུངས་པ་ལྟར། ཇི་སྐད་བཤད་པའི་བདེན་པ་སྒོམ་པ་ཁོ་ན་དང་།དངོས་པོ་ཇི་ལྟ་བ་བཞིན་དུ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་སོགས་བསྒོམས་པས་གཟུང་དོན་གྱི་རྟོག་པ་སྤངས་ཤིང་། སེམས་ཅན་སྒྱུ་མ་ལྟ་བུར་འཛིན་པས་འཛིན་པ་མི་སྤོང་བའི་གང་ཟག་རྟེན་འབྲེལ་གྱི་དབང་དུ་མཛད་པ་དེ་ནི་རང་རྒྱལ་གྱི་རྣལ་མའི་ལམ་ཡིན་ནོ།། །།
༤༡) རང་སངས་རྒྱས་ལ་དབྱེ་བ་དུ་ཡོད་དེ་དག་གི་ངོས་འཛིན་མ་འདྲེས་པར་ཞུ?
ལན) དེ་ཡང་བྱམས་ཞལ་ལས། བསེ་རུ་ལྟ་བུ་དང་། ཚོགས་དང་། སྤྱོད་པའོ།། དེ་དག་ནི་། དབང་པོ་རྣོ་བ་སྐྱོ་ཤས་ཆེ་ལ་སྙིང་རྗེ་ཤས་ཆུང་བ་བསེ་རུ་ལྟ་བུ་གཅིག་པུར་གནས་པ་ལ་དགའ་བ་དང་། དབང་པོ་འབྲིང་ཟླ་བཅས་ལ་དགའ་བ་དང་། དབང་རྟུལ་ཟླ་བཅས་ལ་དགའ་བ་རིམ་བཞིན་ནོ།། དང་པོ་བསེ་རུ་ལྟ་བུའི་རང་རྒྱལ་ནི། བསྐལ་བརྒྱའི་བར་དུ་ངེས་འབྱུང་གི་ཚུལ་ཁྲིམས་བསྲུང་། ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་བྱས་པས་མཐར་པ་ཆ་མཐུན་རྫོགས། བྱང་ཆུབ་ཐོབ་པ་ན་འདུལ་བྱ་ལ་ལུས་ཀྱི་སྙིང་བརྩེ་བར་བྱེད་ཀྱི་ངག་གི་སྙིང་བརྩེ་བ་བྱེད་པར་མ་གྱུར་ཅིག་ཅེས་བྱ་བའི་སྨོན་ལམ་གྱི་ཚོགས་གསོག་པ་དང་། གཉིས་པ་ཚོཊ་ཀྱི་རང་རྒྱལ་ནི། བསྐལ་པ་བརྒྱའི་སུམ་གཉིས་ཙམ་དུ་ཚོགས་བསགས་པས་བཟོད་པ་འབྲིང་མན་ཆད་སྐྱེས་ནས་མཁས་པར་བྱེད་ཅིང་སྨོན་ལམ་འདེབས་པ་དང་། གསུམ་པ་སྤྱོད་པའི་རང་རྒྱལ་ནི། བསྐལ་པ་བརྒྱའི་སུམ་ཆ་ཙམ་དུ་བསགས་ནས་མཐོང་ལམ་གྱི་བར་ཐོབ་ནས་མཁས་པ་དང་སྨོན་ལམ་སྦྱངས་ཏེ་ལམ་ལྷག་མ་སྐྱེད་དགོས་སོ།། ཞེས་སོ།།
༤༢) མཐོང་ལམ་གྱི་ངོ་བོ་དང་དབྱེ་བ་ཀུན་མཁྱེན་ཆེན་པོས་གསུངས་པ་ལྟར་བྲིས?
ལན) མཐོང་ལམ་གྱི་ངོ་བོ་ནི། འཇིག་རྟེན་ཆོས་ཀྱི་མཆོག་ཐ་མའི་རྗེས་ཐོགས་ཀྱི་མི་དམིགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་པ་དང་ལྡན་པར་བཅས་པའོ། །དབྱེ་བ་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ཤེས་པ་དང་། སྡུག་བསྔལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང་། དེའི་ཆོས་ཤེས་དང་། དེའི་རྗེས་སུ་ཤེས་པའི་བཟོད་པ་དང་། དེའི་རྗེས་སུ་ཤེས་པ་དང་། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། དེའི་ཆོས་ཤེས། དེའི་རྗེས་སུ་ཤེས་པའི་བཟོད་པ་དང་། དེའི་རྗེས་སུ་ཤེས་པ། ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ་ཤེས་པ་སྟེ་སེམས་ཀྱི་སྐད་ཅིག་བཅུ་དྲུག་གིས་མཐོང་བའི་ལམ་ཡིན་ནོ།།
༤༣) མཐོང་ལམ་གྱི་མཇུག་ཐོགས་སུ་བྱེད་པ་བརྗོད་པའི་རྒྱུ་མཚན་དང་ བྱེད་པ་དྲུག་ངོས་ཟུངས?
ལན) དེ་ཡང་རྩ་བར།
ཀུན་ནས་ཞི་དང་ཐམས་ཅད་ལ། །འདུད་དང་ཉོན་མོངས་ལས་རྒྱལ་དང་། །
གནོད་པས་བརྫི་བ་མེད་ཉིད་དང་། །བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །
ཅེས་གསུངས་པ་ལྟར། དང་པོ་མཐོང་ལམ་གྱི་མཇུག་ཐོགས་སུ་བྱེད་པ་བརྗོད་པའི་རྒྱུ་མཚན་ནི་ མཐོང་བའི་ལམ་གྱི་མཇུག་ཐོགས་སུ་བསྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་པས་བརྗོད་པར་བྱ་བ་ཉུང་བ་དང༌། གདུལ་བྱ་འབྲས་བུ་ལ་གཞོལ་བ་ཉིད་ཀྱིས་འཇུག་པའི་ཕྱིར་དང་པོར་བསྟན་ནོ།། གཉིས་པ་བྱེད་པ་དྲུག་ནི། དང་པོ་ ༡རྣམ་པ་ཀུན་ནས་སེམས་ལ་རང་དབང་དུ་བྱེད་པས་ཞི་བའི་བྱེད་པ་དང༌། ༢དེར་རློམ་པ་བཀག་པས་ཐམས་ཅད་ལ་འདུད་པའི་བྱེད་པ་དང༌། ༣འདོད་ཆགས་ལ་སོགས་པ་ཟིལ་གྱིས་གནོན་པས་ཉོན་མོངས་པ་ལས་རྒྱལ་བའི་བྱེད་པ་དང་། ༤ཕ་རོལ་གྱིས་བྱས་པའི་གནོད་པས་བརྫི་བ་མེད་པ་ཉིད་ཀྱི་བྱེད་པ་དང་། ༥ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའི་བྱེད་པ་དང་ནི། ༦རྟེན་གྱི་ཡུལ་དེ་མཆོད་པར་བྱ་བ་ཉིད་དུ་བྱེད་པ་སྟེ་རྣམ་པ་དྲུག་གོ།
༤༤) མོས་པ་སྒོམ་ལམ་གྱི་ངོས་འཛིན་དང་དབྱེ་བ་བཅས་བྲིས?
ལན) དེ་ཡང་རྩ་བར།
མོས་པ་རང་གི་དོན་དང་ནི། །རང་གཞན་དོན་གཞན་དོན་དང་། །
ཞེས་པ་ནས་ རྣམ་པ་ཉི་ཤུ་བདུན་དུ་འདོད།།
ཅེས་པའི་བར་བསྟན་པ་ལྟར། མོས་པའི་ངོས་འཛིན་ནི། མོས་པ་ཟག་པ་མེད་པའི་སྒོམ་ལམ་གྱི་ཉེར་བསྡོགས་ཏེ། ཟག་མེད་རྣམས་སྒོམ་པ་ལ་འཇུག་པའི་ཚེ་དེ་དག་གི་ཡོན་ཏན་ཚད་མའི་སྟོབས་ཀྱིས་ངེས་པར་འཛིན་པའི་སེམས་བྱུང་མཚུངས་ལྡན་དང་བཅས་པ་དང་། གཉིས་པ་དབྱེ་བ་ནི། རང་གི་དོན་གྱི་མོས་པ་སྒོམ་ལམ་དང་། རང་གཞན་གཉིས་ཀའི་དོན་གྱི་མོས་པ་སྒོམ་ལམ་དང་། གཞན་དོན་གྱི་མོས་པ་སྒོམ་ལམ་དང་རྣམ་པ་གསུམ་དུ་ཤེས་པར་བྱ་ལ། གསུམ་པོ་དེ་ཡང་ཆུང་འབྲིང་ཆེན་པོའི་སྒོ་ནས་སོ་སོར་རྣམ་པ་གསུམ་དུ་ཕྱེ་བས་དགུར་འདོད་དོ།། སླར་ཆུང་ངུའི་ཆུང་ངུ་སོགས་དབྱེ་བས་ཉི་ཤུ་རྩ་བདུན་དུ་འདོད་དོ།། ཞེས་སོ།།
༤༥) བྱང་སེམས་གཞི་ཤེས་དང་ལྡོག་པ་ཉན་རང་གི་གཞི་ཤེས་མ་འདྲེས་པར་ངོས་ཟུངས?
ལན) དང་པོ་བྱང་སེམས་ཀྱི་གཞི་ཤེས་ནི། གཞུང་ལས།
ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །
དུས་རྣམས་མཉམ་པར་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །
ཅེས་གསུངས་པ་ལྟར་བྱང་སེམས་ཀྱི་གཞི་ཤེས་ནི། དེ་ནི་ཤེས་རབ་ཀྱིས་ཚུ་རོལ་གྱི་མཐའ་ལ་འཁོར་བར་མིན་ཅིང༌། སྙིང་རྗེས་ཕ་རོལ་གྱི་མཐའ་མྱང་འདས་ལ་མིན་པ་དང་། དེ་དག་གི་བར་ན་ཡང་མི་གནས་པ་སྲིད་ཞི་ལ་མི་གནས་པས་ཏེ། སྙིང་རྗེ་ནི་ཀུན་རྫོབ་འཛིན་ལ། ཤེས་རབ་ཀྱིས་དོན་དམ་པ་གཟུང་སྟེ་བདེན་པ་གཉིས་ཟུང་འཇུག་ཏུ་ཁྱེར་བས་དུས་གསུམ་པའི་ཆོས་རྣམས་སྐྱེ་བ་མེད་པའི་རྣམ་པར་མཉམ་ཉིད་དུ་ཤེས་པའི་ཕྱིར་རོ།། ལྡོག་པ་ཉན་རང་གི་གཞི་ཤེས་ནི། སྙིང་བརྩེ་དང་ཤེས་རབ་དང་བྲལ་བས་འཁོར་བའམ་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་ཏེ། དངོས་པོ་དང་དངོས་མེད་པར་དམིགས་པ་ཉིད་ཀྱིས་སོ།། ཞེས་གསུངས་པ་ལྟར་ལགས་སོ།།
༤༦) ཀུན་མཁྱེན་ཆེན་པོའི་བཞེད་པ་ལ་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་གཞི་ཤེས་འདི་གཞི་ཤེས་མཚན་ཉིད་པ་ཡིན་མིན་རྒྱུ་མཚན་དང་བཅས་ཞོག?
ལན) ཀུན་མཁྱེན་ཆེན་པོའི་བཞེད་པ་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་གཞི་ཤེས་ནི་གཞི་ཤེས་མཚན་ཉིད་པ་ཡིན་པར་མི་བཞེད་དེ། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་། ལུང་སྒོ་ལས། གཞི་ཤེས་ཀྱི་མཚན་ཉིད་བསྟན་སྐབས། གཞི་རྩམ་དངོས་སུམ་དུ་སྤྱིའི་ཚུལ་གྱི་སྒོ་ནས་རྟོགས་པའི་མཁན་པ་ཞེས་བཞེད་ལ། དེ་དག་གི་དབྱེ་བ་ཡང་། ཉན་ཐོས་འཕགས་པའི་གཞི་ཤེས་དང་། རང་རྒྱལ་འཕགས་པའི་གཞི་ཤེས་གཉིས་མ་གཏོགས་གསུངས་མེད་ལ། དེ་ཕྱིར་སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ནི་བྱང་སེམས་འཕགས་པའི་མངོན་རྟོགས་ཡིན་པས་གཞི་ཤེས་མཚན་ཉིད་པ་མིན་ནོ།། གཞི་ཤེས་ཡིན་ན་ཉན་རང་འཕགས་པའི་མངོན་རྟོགས་ཡིན་པའི་ཁྱབ་བོ།
༤༧) རྒྱུ་མཚན་ཅིའི་ཕྱིར་བྱང་སེམས་དག་རྒྱལ་བའི་ཡུམ་ལ་ཉེ་བ་དང་ཉན་རང་དག་རི་བ་ཡིན?
ལན) བྱང་ཆུབ་སེམས་དཔའ་དག་རྒྱལ་བའི་ཡུམ་ལ་ཉེ་བ་ཡིན་པའི་རྒྱུ་མཚན་ནི། རྩ་བར།
དེ་ནི་ཐབས་ལ་མཁས་པཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །
ཅེ་པ་ལྟར། བྱང་ཆུབ་སེམས་པ་དེ་ནི་དགེ་བའི་བཤེས་གཉེན་ལ་སོགས་པ་མགུ་བར་བྱས་པའི་མན་ངག་ཕྱིན་ཅིག་ལོག་པ་ཅན་བདེན་གཉིས་ལ་བརྟེན་པའི་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེ་བའི་ཐབས་མཁས་པ་ཡིས་ཡུམ་འདི་ལ་ཡང་དག་པར་ཉེ་བ་ཉིད་དུ་བཤད་དེ་དངོས་པོ་ལ་མངོན་ཞེན་འཁྲུལ་པའི་མཚན་མ་བསལ་བ་རྣམས་ཀྱི་གཟུགས་ལ་སོགས་པའི་ཆོས་རྣམས་མཉམ་པ་ཉིད་ཡོངས་སུ་ཤེས་པའི་རྒྱུ་མཚན་ཡིན་པས་སོ།། གཉིས་པ་ཉན་རང་དག་རྒྱལ་བའི་ལམ་ལ་རིང་བའི་རྒྱུ་མཚན་ནི། རྩ་བར།
དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །
ཞེས་གསུངས་པ་ལྟར། དགེ་བའི་བཤེས་གཉེན་ལ་སོགས་པ་དང་བྲལ་བས་དཔེར་ན་། སྒྱུ་མ་མཁན་གྱིས་སྤྲུལ་པའི་དངོས་པོ་སྣང་བ་ལ་དེའི་རང་གི་ངོ་བོ་མི་ཤེས་པར་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་མི་སྣང་བ་བཞིན་དུའོ།། ཐབས་མཁས་པ་མ་ཡིན་པས་ན་མཉམས་པ་ཉིད་དུ་ཡོངས་སུ་མི་ཤེས་པས་རྒྱལ་བའི་ཡུམ་ལ་རིང་བ་སྟེ་ཉན་རང་དེ་ནི་དངོས་པོ་ལ་མངོན་པར་ཞེན་ནས་འཁྲུལ་པའི་མཚན་མར་དམིགས་པ་དེའི་སྒོ་ནས་སོ།། །།
༤༨) གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ཞེས་པ་ཇི་ལྟ་བུ་ཞིག་ཡིན།
ལན) འཁོར་གསུམ་རྣམ་པར་དག་པས་སྦྱིན་པ་ལ་སོགས་པ་ལ་ངར་འཛིན་མེད་པར་རྟོགས་པས་རང་དང་གཞན་དག་དེ་ལ་སྦྱོར་བའམ་འཛུད་པར་བྱེད་པ་དེ་ནི་ཆགས་པའི་ཚོགས་ཀྱི་མཐའ་འགོག་པས་བླང་བར་བྱ་བ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་དུ་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ཞེས་བྱ་བ་ཡིན་ཏེ། དེ་ཡང་གཞུང་ལས།
སྦྱིན་ལ་སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་འཛུད་བྱེད་པས། །
དེ་ནི་ཆགས་པའི་མཐའ་འགོག་པས། །རྒྱལ་ལ་སོགས་པ་ཆགས་པ་ཕྲ། །
ཞེས་གསུངས་སོ།། རྒྱལ་བ་ལ་སོགས་པ་ཡིད་ལ་བྱེད་པ་ལ་སོགས་པ་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པས་གཉིན་པོ་ཡིན་ཀྱང་ཆགས་པ་ཕྲ་མོ་ཡིན་པས་རྣམ་པ་ཐམས་ཅད་དུ་གཉིན་པོ་མ་ཡིན་ནོ།། ཞེས་གསུངས་པ་ལྟར་རོ།། །།
༤༩ ) སྣང་བ་རྣམ་པ་བདུན་དཔེ་དང་བཅས་ངོས་ཟུངས?
ལན) སྣང་བ་རྣམ་པ་བདུན་དཔེ་དང་བཅས་རིམ་པ་བཞིན་ནི། ཡོངས་སུ་འགྱུར་བའི་སྣང་བ་རྨི་ལམ་ལྟ་བུ་དང་། རྒྱུ་རྐྱེན་མཉམ་དུ་ཚོགས་པའིསྣང་བ་སྒྱུ་མ་ལྟ་བུ་དང་། མེན་བཞིད་ན་འགལ་བ་སྣང་བ་སྨིག་རྒྱུ་ལྟ་བུ་དང། རྐྱེན་ལ་རགས་ལས་པའི་སྣང་བ་བྲག་ཅ་ལྟ་བུ་དང། མ་འཕོས་པའི་སྣང་བ་མིག་ཡོར་ལྟ་བུ་དང། རྟེན་མེད་པའི་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། བྱེད་པ་པོ་མ་ཡིན་པའི་སྣང་བ་སྤྲུལ་པ་ལྟ་བུ་བཅས་བདུན་ཡིན་ནོ།།
༥༠) རྣམ་རྫོགས་སྦྱོར་བ་བཤད་པའི་སྐབས་ཀྱི་རྣམ་པ་ཞེས་པའི་ངོས་འཛིན་དང་དེའི་དབྱེ་བ་བཅས་རང་ལུགས་ལྟར་བྲིས?
ལན) འདིའི་སྐབས་ཀྱི་རྣམ་པ་ནི། རྩ་བར།
གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །
ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །
ཅེས་གསུངས་པ་ལྟར། དང་པོ་རྣམ་པའི་ངོས་འཛིན་ནི། འཕགས་པའི་བདེན་པ་བཞི་རྟེན་གཞི། བདེན་པ་གང་ལ་རྟག་པ་ལ་སོགས་པར་འཛིན་པ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཤེས་པའི་བྱེ་བྲག་རྣམས་ལ་རྣམ་པ་ཉིད་ཅེས་བརྗོད་དོ།། གཉིས་པ་དེ་ལ་དབྱེ་ན། རང་ལུགས་ཀུན་མཁྱེན་ཆེན་པོས། ཀུན་མཁྱེན་པ་ཉིད་ནི་རྣམ་པ་གསུམ་གྱི་དབང་དུ་བྱས་པའི་ཕྱིར་བདེན་པ་གང་ལ་རྣམ་པ་དེ་ནི་རྣམ་པ་གསུམ་དུ་འདོད་དོ།། ཅེས་སོ།།
༥༡) གཞི་ཤེས་ཀྱི་རྣམ་པ་བཤད་པའི་སྐབས་ལམ་བདེན་གྱི་རྣམ་པ་བཅོ་ལྔ་ལས་གང་དང་གང་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་གཉེན་པོར་གྱུར་པ་ཡིན་?
ལན) དེ་ཡང་རྩ་བར།
ལམ་ལ་དེ་ནི་བཅོ་ལྔར་བཤད།།
ཞེས་པ་ལྟར་གཞི་ཤེས་ཀྱི་རྣམ་པ་ཤེས་པའི་སྐབས་ལམ་བདེན་གྱི་རྣམ་པ་བཅོ་ལྔར་བཤད་པའི་དང་པོ་བཞི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ལ། ལྷག་མ་ནི་ཤེས་བྱའི་སྒྲིབ་པའི་རྣམ་པ་ཡིན་ནོ།། དང་པོ་བཞི་ནི། བྱེད་པ་པོ་མེད་པ་དང་། ཤེས་པ་པོ་མེད་པ་དང་། འཕོ་བ་པོ་མེད་པ་དང་། འདུལ་བ་མེད་པ་ལམ་གྱི་མཚན་ཉིད་བཞིའི་རྣམ་གྲངས། ཕྱི་མ་འདི་ལ་སྒོམ་ལམ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། ཞེས་སོ།།
༥༢) རྣམ་ཐར་སྒོ་གསུམ་གྱི་ངེས་ཚིག་དང་ དབྱེ་བ་ དེ་གང་གི་གཉེན་པོ་ཡིན་པ་བཅས་ཁ་གསལ་བྲིས?
ལན) དང་པོ་ངེས་ཚིག་ནི། བྱམས་ཞལ་ལས། མྱ་ངན་ལས་འདའ་ཞིང་འཁོར་བ་ལས་ཐར་པའི་སྒོ་ཡིན་པས་ན་རྣམ་པར་ཐར་པའི་སྒོ་ཞེས་བྱ་ལ། གཉིས་པ་དབྱེ་བ་ནི། གསུམ་ཡོད་དེ། སྟོང་པ་ཉིད་ཀྱི་རྣམ་ཐར། མཚན་མ་མེད་པའི་རྣམ་ཐར། སྨོན་པ་མེད་པའི་རྣམ་ཐར་དང་བཅས་པ་གསུམ་ཡིན་ནོ།། གསུམ་པ་གང་གི་གཉེན་པོ་ནི། ལྟ་བ་བྱས་པའི་གཉེན་པོ་སྟོང་པ་ཉིད་ཀྱི་རྣམ་ཐར་དང་། ལྟ་བའི་རྒྱུ་མཚན་གྱི་རྣམ་པར་རྟོག་པའི་གཉེན་པོ་མཚན་མ་མེད་པའི་རྣམ་ཐར་དང་།ཁམས་གསུམ་པ་ལ་སྨོན་པའི་གཉེན་པོར་སྨོན་པ་མེད་པའི་རྣམ་ཐར་ཡིན་ནོ།། །།
༥༣) སྡུག་པའི་རྣམ་ཐར་འདི་འདུ་ཤེས་ཇི་ཙམ་གྱི་སྒོ་ནས་བསྒོམ་དགོས་པ་ཡིན་ལེགས་པར་ངོས་བཟུང་ནས་དེ་གང་གི་གཉེན་པོར་བསྒོམ་དགོས་པ་ཡིན?
ལན) སྡུག་པའི་རྣམ་ཐར་འདི་འདུ་ཤེས་ཇི་ཙམ་གྱི་སྒོ་ནས་བསྒོམ་དགོས་པ་ཡིན་ཞེ་ན། བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་དངུལ་གྱི་བུམ་པ་ལྟ་བུ་གསེར་བུམ་ལ་ལྟོས་ཏེ་མི་སྡུག་ཟངས་བུམ་ལ་ལྟོས་ཏེ་སྡུག་པ་ཕན་ཚུན་ལྟོས་པའི་འདུ་ཤེས་དང་། དེ་ནས་དངུལ་བུམ་སྡུག་མི་སྡུག་གཉིས་ཀ་དང་འབྲེལ་བའི་འདུ་ཤེས་དང་། སྡུག་མི་སྡུག་གཉིས་ཀ་དངུལ་བུམ་གཅིག་གི་ངོ་བོར་རོ་གཅིག་པའི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལ་བརྟེན་ནས་གཟུགས་ཐམས་ཅད་སྡུག་པར་རོ་གཅིག་པའི་རྣམ་པར་མོས་པའི་འདུ་ཤེས་ཀྱི་སྒོ་ནས་བསྒོམ་དགོས་པ་དང་། དེ་གང་གི་གཉེན་པོར་བསྒོམ་དགོས་པ་ཡིན་ཞེ་ན། གཟུགས་སྡུག་པ་སྤྲུལ་པ་ལ་གོ་རིམ་བཞིན་དུ་དགའ་བ་སྟེ་སྤྲུལ་འདོད་པ་དང་། མི་སྡུག་པ་སྤྲུལ་པ་ལ་མི་འདོད་པའི་རྣམ་པར་རྟོག་པ་དེ་དག་གི་གཉེན་པོར་བསྒོམ་དགོས་སོ།། །།
༥༤) གང་ཟག་ཇི་ལྟ་བུ་ཞིག་ཡུམ་ཤེར་ཕྱིན་དེ་ཉན་པ་པོ་ལ་སོགས་པ་བཞིའི་སྣོད་དུ་གྱུར་པ་ཡིན?
ལན ) རྩ་བ།
སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །
དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །
ཞེས་པ་ལྟར། སྔོན་དང་ད་ལྟར་གྱི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱས་་པ་དང་། དེ་དག་ལ་ལྷག་པར་བྱ་བ་བྱས་པ་དང་། དེ་ལ་དགེ་བའི་རྩ་བ་བསྐྲུན་པ་དང་། དགེ་བའི་བཤེས་ཀྱི་མགོན་དང་བཅས་པ་འདི་ནི་ཡུམ་ཤེར་ཕྱིན་ཉན་པའི་སྣོད་བཞི་ཡིན་ནོ།། །།
༥༥) ས་གང་ན་རྣམ་ཀུན་མངོན་རྫོགས་རྟོགས་པ་ཞེས་པའི་མིང་དོན་དང་ལྡན་པ་ཡིན། དེའི་རྒྱུ་མཚན་རྒྱབ་སྣོན་ལུང་དང་བཅས་བྲིས?
ལན) དེ་ཡང་ས་བརྒྱད་པར། རྣམ་ཀུན་མངོན་རྫོགས་རྟོགས་པ་ཞེས་པའི་མིང་དོན་དང་ལྡན་པ་ཡིན་ཞེ་ན། མཁྱེན་གསུམ་གྱི་རྣམ་པ་ཀུན་བློ་གཅིག་ལ་ཅིག་ཅར་འཆར་བས་དེའི་ཚེ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་བ་མིང་དོན་དང་ལྡན་ལ། དེའི་རྒྱུ་མཚན་ནི་དེ་ཡང་རང་དང་རྗེས་སུ་མཐུན་པའི་རྣལ་འབྱོར་བསྒོམས་པ་ལས་རྙེད་པས། སྔོན་གྱི་སྒོམ་པ་དག་ལ་ཡང་རྣམ་ཀུན་གྱི་ཐ་སྙད་འཇུག་གི་ཞེས་དགོངས་ཏེ། སློབ་དཔོན་སེང་བཟང་གིས་སྡུད་འགྲེལ་དུ། ས་བརྒྱད་པ་ནས་རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པ་བཞག་པར་མཛད་པ་དང་། ཡང་ཐོགམ་མེད་ཀྱིས་རྒྱུད་བླ་འགྲེལ་ཆེན་དུ་ཡང་། བྱང་སེམས་ས་བརྒྱད་པ་བ་མངོན་པར་རྫོགས་པར་སངས་རྒྱས་པར་བཞག་པ་དེ་ཡང་དེ་ལ་དགོངས་སོ།། ཞེས་སོགས་གསུངས་པའི་ཕྱིར་རོ།། །།
༥༦) ཐེག་ཆེན་བྱང་ཆུབ་སེམས་དཔའི་ལམ་འདི་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་གྱི་ཆོས་གང་གིས་ཁྱད་པར་དུ་བྱས་པ་ཡིན?
ལན) ཁྱད་པར་གྱི་ཆོས་གང་གིས་ཁྱད་པར་དུ་བྱས་ཞེ་ན། གཞུང་ལས།
བསམ་མི་ཁྱབ་དང་མི་མཉམ་དང། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །
སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །
ཞེས་པ་ལྟར། ཁྱད་ཞུགས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ལས་ཁྱད་པར་དུ་འཕགས་པའོ།། གང་ཁྱད་པར་དུ་གྱུར་ན་བཟོད་ཤེས་སྐད་ཅིག་མ་ནི་བཅུ་དྲུག་གིས་ཕྱེ་བ་དག་གོ། དེས་ལམ་ཤེས་པ་ལ་སོགས་སྦྱོར་བའི་ཁྱད་པར་ཅན་དུ་མཚོན་པས་ན་ཁྱད་པར་གྱི་མཚན་ཉིད་དུ་བཤད་པ་ཡིན་ནོ།། ཞེས་སོ།།
༥༧) རྣམ་ཀུན་མངོན་རྫོགས་རྟོགས་པའི་སྦྱོར་བ་སྟོན་པའི་སྐབས་འདིར་ ཐར་པ་ཆ་མཐུན་ཞེས་པ་ཇི་ལྟ་བུ་ཞིག་ལ་བཞག་པ་ཡིན?
ལན) དེ་ཡང་རྩ་བར།
མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་བསྒྲུབ་ལ་མཁས་པ་ནི། །
རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །
ཅེས་གསུངས་པ་ལྟར། མཚན་མ་མེད་པར་དམིགས་པའི་ཤེས་རབ་ཀྱིས་རྣམ་པས་རབ་ཏུ་སྦྱིན་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་རང་གི་རྒྱུད་ལ་སྐྱེ་བས་ཡང་དག་པར་བསྒྲུབ་པ་ལ་མཁས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མངོན་པར་རྟོགས་པ་འདི་ལ་ཐར་པའི་ཆ་དང་མཐུན་པར་འདོད་དོ།། ཞེས་སོ།།
༥༨)སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ངོས་བཟུང་ནས། དེ་དག་ཕྱིར་མི་ལྡོག་པའི་རྟཊ་ལ་གྲངས་ཇི་ཙམ་ཡོད་པ་ཡིན་མ་ནོར་བར་བྲིས?
ལན) དེ་ཡང་རྩ་བར།
ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་སྒོམ་པའི་ལམ་དག་ལ། །
བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་མི་ལྡོག་པ་ཡི་ཚོགས། །
ཞེས་པ་ལྟར། དང་པོ། ངེས་པར་འབྱེད་པའི་ཡན་ལག་ནས་བཟུང་སྟེ་མཐོང་བའི་ལམ་དང་སྒོམ་པའི་ལམ་དང་དེ་དག་ལ་རྟོཊ་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་གང་དག་གནས་པ་ནི་དེ་འདིར་སློབ་པ་ཕྱིར་ལྡོག་པའི་ཚོཊ་ཏེ་དགེ་འདུན་ནོ།། གཉིས་པ་དེ་དག་ཕྱིར་མི་ལྡོག་པའི་རྟཊ་ནི། ངོ་བོ་ཉིད་མེད་པས་གཟུཊ་ལ་སོཊ་པའི་ཆོས་ལས་བཟློག་པ་དང་། ཐེ་ཚོམ་ཟད་པ་དང་། སྨོན་ལམ་གྲུབ་པས་མི་དལ་བ་སྟེ་མི་ཁོམ་པ་བརྒྱད་ཟད་པ་དང་། སྙིང་རྗེས་བདག་ཉིད་དགེ་བ་ལ་གནས་ཤིང་གཞན་དག་དེ་ལ་འགོད་པ་དང་། བདག་གཞན་བརྗེ་བ་ཉིད་ཀྱིས་སེམས་ཅན་གཞན་གྱི་རྟེན་ཅན་ནམ་ཡུལ་ལ་ཡོངས་སུ་བསྔོས་པའི་སྦྱིན་སོཊ་དང་། ཆོས་ཡང་དག་པར་རྟོཊ་པས་ཟབ་མོའི་དོན་ལ་སོམ་ཉི་མེད་པ་དང་གཞན་ལ་ཕན་པ་ཉིད་དུ་ཞུཊ་པས་བྱམས་པའི་ལུས། སོཊ་པ་ངག་དང་ཡིད་ཀྱི་ལས་དང་། སྦྱོར་བ་ཕུན་སུམ་ཚོཊ་པས་བསམ་གཏན་གྱིས་སྒྲིབ་པ་ནི་རྣམ་པ་ལྔ་དང་མི་འགྲོཊ་པ་དང་།གཉེན་པོ་རྣམ་པར་བསྒོམ་པཉིད་ཀྱིས་མ་རིག་པ་ལ་སོཊ་པའི་བག་ལ་ཉལ་ཀུན་འཛོམས་པ་དང་།རྟག་ཏུ་མཉམ་པར་བཞག་པ་ཉིད་ཀྱིས་དྲན་པ་དང་ནི་ཤེས་བཞིན་དང་ལྡན་པ་དང་། གཙང་སྦྲ་ཀུན་ཏུ་སྤྱོད་པས་གོས་ལ་སོཊ་པ་གཙང་བ་དང་། དགེ་བའི་རྩ་བ་འཇིག་རྟེན་ལས་མངོན་པར་འཕཊ་པ་ཉིད་ཀྱིས་ལུསལ་སྲིན་བུ་བརྒྱད་ཁྲི་རྣམས་མི་འབྱུང་བ་དང་། དགེ་བའི་རྩ་བ་རྣམས་དག་པས་གྱ་གྱུ་མེད་པའི་སེམས་དང་། རྙེད་བཀུར་ལ་མི་ལྟ་བས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་ལེན་པ་དང་། སྦྱིན་སོཊ་ཁྱད་པར་དུ་སྒྲུབ་པས་དེ་དང་འགལ་བ་སེར་སྣ་མེད་པ་སོཊ་དང་། འཆལ་བའི་ཚུལ་ཁྲིམས་སོཊ་མེད་པ་དང་། ཆོས་ཐམས་ཅད་ཡང་དག་པར་སྡུད་ཉིད་ཀྱིས་ཆོས་ཉིད་དང་མི་འགལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་འགྲོ་བ་ཉིད་དང་། འགྲོ་བ་བདག་གིར་བྱས་པས་སེམས་ཅན་གྱི་དོན་དུ་དམྱལ་བ་འཚོལ་བར་འདོད་པ་དང་། རྟོཊ་པ་ལ་ཡིད་ཆེས་པའི་དོན་གྱིས་གཞན་གྱི་བཀྲི་བར་མི་བཏུབ་པ་དང་། སངྱས་ཉིད་ཀྱི་ཐབས་ཤེས་པ་ལམཁས་པས་ལམ་གཞན་ཏེ་ལམ་ལྟར་བཅོས་པ་ཉེ་བར་སྟོན་པའི་བདུད་ལ་བདུད་ཅེས་བྱ་བར་རྟོཊ་པ་དང་། འཁོར་གསུམ་རྣམ་པར་དག་པས་སདྱས་དགྱེས་པའི་སྤྱོད་པ་ཅན་ཏེ་རྟཊ་ནི་ཉི་ཤུའོ།། །།
༥༩) ཇི་ལྟར་ན་མི་སློབ་པར་གྱུར་པ་ཡིན། དེ་མི་སློབ་པར་བཞག་པའི་རྒྱུ་མཚན་བཅས་གསལ་པོར་ཁོད?
ལན) དེ་ཡང་རྩ་བར།
ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །
ཞེས་གསུངས་པ་ལྟར། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱིས་སྦྱོར་བ་དེ། འཁོར་བ་དང་རྣམ་བྱང་། མི་མཐུན་པ་དང་གཉེན་པོའི་ཆོས་རྣམས་རྨི་ལམ་འདྲ་བར་རྟོགས་པའི་ཕྱིར་སྲིད་པ་དང་ཞི་བར་རྣམ་པར་མི་རྟོག་པས་ན་མཉམ་པ་ཉིད་དུ་བསྒོམ་པས་མི་སློབ་པར་གྱུར་པའོ།། དེ་མི་སློབ་པར་བཞག་པའི་རྒྱུ་མཚན་ནི། སློབ་པའི་ཚོགས་ཀྱི་ཆོས་ཐོབ་པ་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་པས་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན་ནོ།། །།
༦༠) རྩེ་སྦྱོར་བརྒྱད་རེ་རེ་བཞིན་བྲིས?
ལན) དེའི་རྟགས་ཀྱི་རྩེ་སྦྱོར། དེའི་རྣམ་འཕེལ་རྩེ་སྦྱོར། བཟོད་པའི་བརྟན་པའི་རྩེ་སྦྱོར། ཆོས་མཆོག་གི་སེམས་གནས་པའི་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར། ལོག་པར་སྒྲུབ་པའི་བརྒལ་ལན་དང་བཅས་བརྒྱད་དོ།།
༦༡) གཟུང་རྟོག་གཉིས་དང་འཛིན་རྟོག་གཉིས་མ་འདྲེས་པར་བྲིས་ནས་དེ་རྣམས་ཅིའི་ཕྱིར་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཁ་གསལ་བྲིས?
ལན) གཟུང་རྟོག་གཉིས་ནི། དམིགས་པའི་ངོ་བོ་ཉིད་ཀྱི་ཕྱོགས་བྱང་ཆུབ་སེམས་དཔའི་ཆོས་ལེན་པའི་རྣམ་པ་འཇུག་པ་གཟུང་རྟོག་དང་། ཉན་ཐོས་ལ་སོགས་པའི་ཆོས་འདོར་བའི་རྣམ་པ་ལྡོག་པ་དང་། འཛིན་རྟོག་གཉིས་ནི། སོ་སོ་སྐྱེ་བོའི་གང་ཟག་དག་གི་སེམས་ཅན་རྫས་སུ་ཡོད་པར་རྣམ་པར་རྟོག་པ་དང་། འཕགས་པའི་གང་ཟག་དག་གི་སེམས་ཅན་བཏགས་པར་ཡོད་པར་འཛིན་པའི་རྣམ་རྟོག་དག་ཡིན་ནོ།། དེ་རྣམས་ཅིའི་ཕྱིར་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཞེས་ན་ཉོན་མོངས་པ་དང་འདྲ་བར་མི་མཐུན་ཕྱོགས་སུ་འགྱུར་པ་ཡིན་ཏེ། དངོས་པོ་དང་མ་འབྲེལ་བར་འཇུག་པ་ཉིད་ཀྱིས་ཕྱིན་ཅི་ལོག་ཏུ་སྣང་བས་ཇི་ལྟ་བ་བཞིན་གྱི་ཡུལ་མིན་པའི་བདག་ཉིད་བྱང་ཆུབ་འཐོབ་པར་བྱེད་པ་ལ་གེགས་ཡིན་པ་ཉིད་ཀྱིས་ཕྱིར་རོ།། །།
༦༢) འཇུག་པ་གཟུང་རྟོགས་དང་ལྡོག་པ་གཟུང་རྟོགས་ཞེས་པའི་ངོས་འཛིན་གསལ་པོར་ཁོད?
ལན) འཇུག་པ་དང་ལྡོག་པ་གཟུང་བའི་རྣམ་རྟོག་གཉིས་ཏེ། འཇུག་པ་དང་ནི་ལྡོག་པ་དམིགས་པ་དང་། དམིགས་པའི་ངོ་བོ་ཉིད་ཀྱི་ཕྱོགས་དག་ལ་གོ་རིམ་བཞིན་དུ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་ཆོས་ལེན་པ་དང་འདོར་བའི་རྣམ་པ་གཟུང་པར་རྟོག་པའོ།། །།
༦༣) བྱང་ཆུབ་ཆེན་པོའི་རྒྱུ་གསུམ་དང་འདིས་ཐོབ་བྱ་བྱང་ཆུབ་ཆེན་པོ་ཞེས་ཇི་ལྟ་བུ་ཞིག་ལ་བརྗོད་པ་ཡི?
ལན) དང་པོ་བྱང་ཆུབ་ཆེན་པོའི་རྒྱུ་གསུམ་དེ་ཡང་རྩ་བར།
བྱང་ཆུབ་ལ་གཞན་སྟོན་པ་དང་། །དེ་ཡི་རྒྱུ་ནི་ཡོངས་གཏོང་དང་། །
དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །
ཞེས་གསུངས་པ་ལྟར། བྱང་ཆུབ་ལ་གཞན་དག་མཐོང་བའི་ལམ་ལ་སོགས་པ་སྟོན་པས་རབ་ཏུ་འགོད་པ་དང་། དེ་ཡི་རྒྱུ་ཁོ་ནར་ནི་དེ་དག་ལ་ཡང་དག་པའི་ཚིག་དང་དོན་ལ་སོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཏོང་བ་དང་། དེ་ཐོབ་པར་བྱེད་པའི་བར་ཆད་མེད་པའི་རྒྱུ་ཤེར་ཕྱིན་རང་གི་བསྒོམ་པ་ལ་སོགས་པ་བསོད་ནམས་ཆེས་མང་པོའི་མཚན་ཉིད་དོ་ཞེས་རྒྱུ་གསུམ་དང་།
གཉིས་པ་འདིས་ཐོབ་བྱ་བྱང་ཆུབ་ནི། རྩ་བར།
དྲི་མ་ཟད་དང་མི་སྐྱེ་བའི། །ཡེེས་བྱང་ཆུབ་ཅེས་བརྗོད་དོ། །
ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །
ཞེས་པ་ལྟར། སྒྲིབ་གཉིས་ཀྱི་དྲི་མ་ཟད་པ་དང་། མི་སྐྱེ་བ་མངོན་སུམ་དུ་ཤེས་པའི་ཡེེས་སམ་ཆོས་སྐུ་དེ་བྱང་ཆུབ་ཆེན་པོ་ཞེས་བརྗོད་དེ། གདོད་མ་ནས་དྲི་མ་མ་གྲུབ་པས་ཟད་པ་མེད་ཅིང་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར་དེ་དག་ཕྱིན་ཅི་མ་ལོག་པར་གོ་རིམ་བཞིན་དུ་ཤེས་པར་བྱ་བས་སོ།། ཞེས་སོ།།
༦༤) དངོས་པོར་སྨྲ་བས་བྱང་ཆུབ་ཆེན་པོ་ཞེས་པ་གང་ལ་འདོད་པ་ཡིན་ནམ?
ལན) དངོས་པོར་སྨྲ་བས་བྱང་ཆུབ་ཆེན་པོ་ཞེས་པ་གང་ལ་འདོད་པ་ཡིན་ཞེ་ན། ཀུན་འབྱུང་གི་དངོས་པོ་སྔར་ཡོད་ལ་འཇིག་པ་བདེན་པ་འདོད་པའི་བསམ་པས་ཀུན་འབྱུང་ཟད་པ་ལ་ཟད་དོ་སྙམ་ནས་ཤེས་པ་ནི་ཟད་པ་ཤེས་པ་དང་། སྡུག་བསྔལ་གྱི་རྒྱུ་ཟད་པས་ཕྱིས་མི་སྐྱེ་བའི་བསམ་པས་སྡུག་བསྔལ་མི་སྐྱེ་བ་ལ་མི་སྐྱེའོ་སྙམ་ཤེས་པ་མི་སྐྱེ་བ་ཤེས་པ་གཉིས་བྱང་ཆུབ་ཡིན་པར་འདོད་དེ། མདོར་དངོས་པོར་སྨྲ་བས་བྱང་ཆུབ་ནི་ཀུན་འབྱུང་ཟད་པ་དང་སྡུག་བསྔལ་མི་སྐྱེ་བ་ཤེས་པ་གཉིས་ལ་བྱང་ཆུབ་ཆེན་པོ་ཞེས་འདོད་པར་གསུངས་སོ།། །།
༦༥) དེ་བཞིན་ཉིད་ལ་དམིགས་པའི་རྣལ་འབྱོར་སྒོམ་ཚུལ་ཇི་ལྟར་ཡིན?
ལན) དེ་བཞིན་ཉིད་ལ་དམིགས་པའི་རྣལ་འབྱོར་སྒོམ་ཚུལ་ནི། གཟུང་བ་བདེན་པ་མེད་པའི་ཕྱིར་འཛིན་པ་ཡང་བདེན་པར་མེད་དོ་སྙམ་དུ་སེམས་རྩེ་གཅིག་ཏུ་ངེས་པར་སེམས་པར་བྱེད་དེ། དེས་འཛིན་པའི་རྣམ་པའི་མཚན་ཉིད། མིང་རྣམ་པ་རིག་པ་ཙམ་དུ་མངོན་པར་ཞེན་པ་བསལ་ནས་གཉིས་སུ་མེད་པའི་ཡེ་ཤེས་འདི་འབའ་ཞིག་ཡང་དག་པར་ཡོད་པའི་ངོ་བོ་ཉིད་ཡིན་ནོ་སྙམ་རྣལ་འབྱོར་ཕྱི་མ་ལ་མཚམས་སྦྱོར་བ་བྱེད་ཅིང་། དེའི་དམིགས་པ་རྙེད་པར་འགྱུར་བའི་ཚུལ་གྱི་བསྒོམ་པ་ཡིན་ནོ།། ཞེས་སོ།།
༦༦) སྒོམ་ལམ་རྩེ་སྦྱོར་གྱི་བརྟེན་པའི་ཡོན་ཏན་ངོས་ཟུངས?
ལན) དེ་ཡང་གཞུང་ལས། ཡམས་ནད་འདི་རྣམས་ཟད་ནས་ནི། །ཞེས་པ་ནས་རྣམ་པ་ཀུན་ཏུ་རྟེན་པར་བྱེད། །ཞེས་པའི་བར་བསྟན་པ་ལྟར། བསྒོམ་པའི་ལམ་ལ་གནས་པས་རྣམ་པར་རྟོག་པ་རིགས་བཞི་པོ་འཚེ་བར་བྱེད་པ་ཉིད་ཀྱིས་ཡམས་ནད་དུ་གྱུར་པ་འདི་རྣམས་ཟད་ནས་ནི་གེགས་བྱེད་པ་མེད་པས་ཡུན་རིང་ལོན་ནས་དབུགས་ཕྱིན་པ་ཐོབ་པ་ལྟར། སྙིང་རྗེས་གཞན་གྱི་དབང་དུ་གྱུར་པས་རྣམ་པ་ཀུན་ཏུ་འགྲོ་བ་ཡི་བདེ་བ་བསྒྲུབ་པར་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱིས་བསྡུས་པ་ཀུན། རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན་དུ་བསྒོམ་པའི་ལམ་ལ་གནས་པ་འབྲས་བུ་མཆོག་གི་མཐར་ཕྱིན་པ་དཔའ་བ་ཐོབ་པ་ཡིས། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་མཛེད་པར་གྱུར་པ་ལ་ནི་མངོན་དུ་འོང་བ་རྣམ་པ་ཀུན་ཏུ་བརྟེན་པར་བྱེད་དོ།། །།
༦༧) བར་ཆད་མེད་པའི་ཏིང་ངེ་འཛིན་འདིའི་དམིགས་རྐྱེན་ བདག་རྐྱེན་ རྣམ་པ་རྣམ་མ་འདྲེས་པར་བྲིས?
ལན) དེ་ཡང་གཞུང་ལས།
འདི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད་་་་་་་། །
ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་དངོས་པོ་མེད་པར་དམིགས་པ་ནི། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ནི། དྲན་པ་ཡིན་པར་བཞེད་ལ། རྣམ་པ་ནི། རང་བཞིན་གྱིས་ཞི་བ་ཉིད་དོ།། ཞེས་སོ།།
༦༨) བྱང་སེམས་ཀྱི་སྒྲུབ་རིགས་ཀྱི་དབྱེ་བ་བཅུ་གསུམ་ཞེས་པ་གང་དང་གང་ཡིན?
ལན) རྟེན་ཆོས་སྒྲུབ་པའི་དབྱེ་བས་རིགས་བཅུ་གསུམ་དུ་ཕྱེ་ན། ངེས་འབྱེད་ཡན་ལག་བཞི་མཐོང་སྒོམ་གྱི་རྟེན་དྲུག་དང་། གཉེན་པོ་བཞི་དང་། མི་མཐུན་ཕྱོགས་སྤོང་དང་། དེ་དག་ཡོངས་སུ་གཏུགས་པ་དང་། ཤེས་རབ་སྙིང་རྗེར་བཅས་པ་དང་། སློབ་མ་མཐུན་མོང་མིན་པ་དང་། གཞན་གྱི་དོན་གྱི་གོ་རིམ་དང་། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་རྟེན་རྣམས་ལ་ཀུན་རྫོབ་ཏུ་རིགས་ཞེས་བྱའོ། ཞེས་གསུངསོ ། །རྩ་བ་ནི། རྟོགས་པ་ཡི་ནི་ཆོས་དྲུག་དང་། ཞེས་པ་ནས། འཇུག་པའི་རྟེན་ལ་རིགས་ཞེས་བྱ་ཞེས་པའི་བར་རོ། །
༦༩) མཐར་གྱིས་པའི་མངོན་རྟོགས་༡༣་རེ་རེ་བཞིན་བྲིས?
ལན) མཐར་གྱིས་པའི་མངོན་རྟོགས་བཅུ་གསུམ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་མངོན་རྟོགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དང་། སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་པའི་མངོན་པར་རྟོགས་པ་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པའི་མཐར་གྱིས་པའི་མངོན་རྟོགས་བཅུ་གསུམ་སྟེ་གཞུང་ལས།
སྦྱིན་པ་ཤེས་རབ་བར་དག་དང་། །སངས་རྒྱས་ལ་སོགས་དྲན་དང་ཆོས། །
དངོས་མེད་ངོ་བོ་ཉིད་ཀྱིས་ནི། །མཐར་གྱིས་པ་ཡི་བྱ་བར་བཞེད། །
ཅེས་གསུངས་པ་ལྟར་རོ།། །།
༧༠) ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པའི་མཐར་གྱིས་པའི་མངོན་རྟོགས་ཞེས་པ་ཇི་ལྟ་བུ་ཞིག་ལ་འདོད་པ་ཡིན། ?
ལན) ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་དྲན་པ་མེད་ཅིང་མངོན་ཞེན་དང་བཅས་པས་ཡིད་ལ་མི་བྱེད་པའི་ངོ་བོ་ཉིད་དུ་ཤེས་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པའི་མཐར་གྱིས་པའི་མངོན་རྟོགས་ཞེས་བྱ་བ་ཡིན་ནོ།། མདོར་ན། སེམས་པ་ཡིད་ལ་བྱེད་པ་མེད་པ་དང་། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མེད་པའི་མངོན་རྟོགས་གཉིས་སོ།། ཞེས་སོ།།
༧༡) སྐད་ཅིག་མངོན་རྫོགས་བྱང་ཆུབ་པའི་མངོན་རྟོགས་བཞི་མ་འདྲེས་པར་བྲིས?
ལན) ༡-རྣམ་པར་སྨིན་པ་མ་ཡིན་པའི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་མ་གཅིག་ལ་མངོན་པར་རྟོགས་པ་དང་། ༢-རྣམ་པར་སྨིན་པའི་ཟག་པ་མེད་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་དང་། ༣-མཚན་ཉིད་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་དང་། ༤-གཉིས་སུ་མེད་པའི་མཚན་ཉིད་དུ་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་བཞི་ཡིན་ནོ།།
༧༢)ཟག་མེད་ཀྱི་ཆོས་གཅིག་ལ་དམིགས་ནས་ཆོས་ཐམས་ཤེས་པའི་ཚུལ་དཔེ་དང་བཅས་ཁ་གསལ་ཁོད?
ལན) ཟག་མེད་ཀྱི་ཆོས་གཅིག་ལ་དམིགས་ནས་ཆོས་ཐམས་ཅད་ཤེས་པའི་ཚུལ་ནི། དེ་ཡང་གཞུང་ལས།
ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །
ཐམས་ཅད་ཅིག་ཅར་འགུལ་བ་ལྟར་། །སྐད་ཅིག་གཅིག་གིས་དེ་བཞེན་ནོ། །
ཞེས་གསུངས་པ་ལྟར། དཔེར་ན། ཇི་ལྟར་སྐྱེ་བུས་སྔོན་བཟོ་བོ་མཁས་པས་བྱས་པའི་ཟོ་ཆུན་གྱི་རྒྱུད་ཐམས་ཅད་རྡོག་སྟབས་གཅིག་གི་བསྐྱོད་པ་ན་ཐམས་ཅད་གཅིག་ཅར་འགུལ་བ་ལྟར། སྔོན་གྱི་སྨོན་ལམ་གྱི་འཕེན་པ་དང་། ཆོས་ཀྱི་དབྱིངས་ཀྱི་མཐུས་སྐད་ཅིག་མ་གཅིག་ཁོ་ན་ལ་ཟག་པ་མེད་པའི་ཡེ་ཤེས་སུ་དམིགས་ན་རིགས་མཐུན་པ་ཐམས་ཅད་ཤེས་པ་དེ་བཞིན་ནོ།། ཞེས་པའོ།།
༧༣ ) ཐུབ་པའི་ངོ་བོ་ཉིད་སྐུ་ཞེས་པ་ཇི་ལྟ་བུ་ཞིག་ལ་བཞག་པ་ཡིན་ལེགས་པར་ངོས་ཟུངས?
ལན) དེ་ཡང་རྩ་བར།
ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །
ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །
ཞེས་གསུངས་པ་ལྟར། ཐུབ་པའི་ངོ་བོ་ཉིད་སྐུ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་པ་ཟག་པ་མེད་པའི་ཆོས་གང་དག་མཐར་ཐུག་པ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པར་གྱུར་པ་རྣམ་པ་ཀུན་ཏུ་རྣམ་པར་དག་པ་དེ་དག་གི་གཤིས་སམ། གཉུག་མར་གནས་པ་རང་བཞིན་མེད་པའི་མཚན་ཉིད་ཅན་ནོ།། ངོ་བོ་ཉིད་ཅེས་བྱ་བ་ནི་བཅོས་མ་མ་ཡིན་པར་འཇིག་རྟེན་ན་གྲགས་པ་ཡིན་ནོ།།
༧༤) ངོ་བོ་ཉིད་སྐུའི་མཚན་ཉིད་ལྔ་དང་ཡོན་ཏན་ལྔ་མ་འདྲེས་པར་བྲིས?
ལན) དང་པོ་མཚན་ཉིད་ལྔ་ནི། སྐྱེ་འཇིག་གནས་གསུམ་བྲལ་བས་འདུས་མ་བྱས། ཡོན་ཏན་གྱི་ཆོས་རྣམས་དབྱེར་མེད་པས་ཐ་མི་དད་པ། མཐའ་གཉིས་སྤངས་པས་ཕྱིན་ཅི་མ་ལོག་པ། སྒྲིབ་པ་གསུམ་དང་བྲལ་བ། རྟོག་པས་དམིགས་པར་བྱ་བ་མ་ཡིན་པ། རྫོགས་པའི་སངས་རྒྱས་ཀྱི་མཉམ་བཞག་སོ་སོར་རང་རིག་པའི་ཡུལ་མ་ཡིན་པ་བཅས་ལྔ་ཡིན་ནོ།། གཉིས་པ་ཡོན་ཏན་ལྔ་ནི། རྒྱ་ཆེ་བ། གྲངས་མེད་པ། རྟོག་གེ་བའི་ཡུལ་མ་ཡིན་པ། མཉམ་བཞག་འབའ་ཞིག་པ། སྒྲིབ་པ་དག་པ་རྣམས་ཡིན་ནོ།།
༧༥) འབྲས་བུ་ཆོས་སྐུ་མཚོན་བྱེད་བཞི་རང་ལུགས་ལྟར་བྲིས?
ལན) དང་པོ་ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྡན་པར་འགྱུར་པ་ཟག་པ་མེད་པའི་ཆོས་གང་དག་མཐར་ཐུག་པ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པར་གྱུར་པ་རྣམ་ཀུན་ཏུ་རྣམ་པར་དག་པ་དེ་དག་གི་གཤིས་སམ། གཉུག་མར་གནས་པ་རང་བཞིན་སྐྱེ་བ་མེད་པའི་མཚན་ཉིད་ཅན་ནོ།།
གཉིས་པ་ཆོས་སྐུ་ནི། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀུན་གཞིའི་རྣམ་ཤེས་གནས་ཡོངས་སུ་གྱུར་པས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཐམས་ཅད་ཆོས་ཀྱི་སྐུའོ།།
གསུམ་པ་ལོངས་སྐུ་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲངས་ཚང་བ། གསལ་ལ་རྫོགས་པ་མཉམ་ཉིད་དང་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་འདི་ནི་བྱང་ཆུབ་སེམས་དཔའ་ས་བཅུ་ལ་བཞུགས་པ་རྣམས་དང་ལྷན་ཅིག་ཏུ་ཐེག་པ་ཆེད་པོའི་ཆོས་ཀྱི་ལོངས་སྤྱོད་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་ལོངས་སྤྱོད་པའི་ཕྱིར་ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུར་བཞེད་དོ།།
བཞི་པ་སྤྲུལ་སྐུ་ནི། ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་གང་གིས་སྲིད་པ་ཇི་སྲིད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། འགྲོ་བ་རྣམས་ལ་ཕན་པ་སྣ་ཚོགས་པ་དག་མཉམ་དུ་མཛད་པའི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་དེ་ནི་སྤྲུལ་པའི་སྐུ་ཡིན་ནོ།། །།
༧༦)སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་ཉན་ཐོས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་བྲིས?
ལན) དེ་གཉིས་ཀྱི་ཁྱད་པར་ནི། དེ་ཡང་གཞུང་རྩ་བ་ལས།
ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །
གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །
ཞེས་གསུངས་པ་ལྟར། ཉོན་ཐོས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི། བདག་མཐོང་བ་ལས་འགའ་ཞིག་གི་ཉོན་མོངས་པ་སྐྱེ་བར་འགྱུར་ན་མི་རུང་ངོ་ཞེས་བསམས་ནས་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།མིའི་ཉོན་མོངས་པ་སྐྱེ་བར་འགྱུར་བ་ཡོངས་སུ་སྤོང་བ་ཉིད་ཡིན་ནོ།། གཉིས་པ་སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི། དེ་ལས་ཁྱད་པར་དུ་འཕགས་པ་སྟེ། གྲོང་ལ་སོགས་པའི་སྐྱེ་བོ་མཐའ་དག་གི་ཉོན་མོངས་པའི་རྒྱུན་གཅིས་པས་རྒྱལ་བའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དུ་བཞག་གོ།
༧༧) གཟུགས་སྐུ་རྟག་པར་བཤད་པའི་རྒྱུ་བདུན་དང་ཆོས་སྐུ་རྟག་པར་བཤད་པའི་རྒྱུ་གསུམ་ངོས་ཟུངས།
ལན) གཟུགས་སྐུ་རྟག་པར་བཤད་པའི་རྒྱུ་ནི། རྒྱུ་མཐའ་ཡས། སེམས་ཅན། ཟད་པ་མེད་པ། བརྩེ་བ། ཆོ་འཕྲུལ་མཁྱེན་པ། ཕུན་ཚོགས། ཆོས་ཀྱི་དབང་ཕྱུག་བཅས་བདུན་གྱིས་གཟུགས་སྐུ་གཉིས་རྟག་པ་དང་། ཆོས་སྐུ་རྟག་པར་བཤད་པའི་རྒྱུ་གསུམ་ནི། འཆི་བའི་བདུད་བཅོམ་པ་དང་། ངོ་བོ་ཉིད་མེད་པ་དང་། བཅོམ་ལྡན་དགོན་པོ་བཅས་གསུམ་གྱིས་ཆོས་སྐུ་རྟག་པར་བཤད་དོ།། ཞེས་སོ།།
༧༨) ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་ངོས་བཟུངས ?
ལན) བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སོ་བདུན་དང་། ཚད་མེད་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་ནི་སྙོམས་པར་འཇུག་པ་དགུ་ཡི་བདག་ཉིད་དང་། ཟད་པར་བཅུ་ཡི་བདག་ཉིད་དང་། ཟིལ་གྱིས་གནོད་པའི་སྐྱེ་མཆེད་ནི་རབ་ཏུ་དབྱེ་བས་རྣམ་པ་བརྒྱད་དང་། ཉེན་མོངས་པ་མེད་པ་དང་། སྨོན་ནས་མཁྱེན་པ་དང་། མངོན་ཤེས་དྲུག་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། ཡོངས་སུ་དག་པ་ཞེས་བྱ་བ་བཞི་དང་། དབང་བཅུ་དང་། སྟོབས་བཅུ་དང་། མི་འཇིགས་པ་ནི་བཞང་དག་དང་། བསྲུང་བ་མེད་པ་རྣམ་གསུམ་དང་། དྲན་པ་ཉེར་བཞག་རྣམ་གསུམ་དང་། བསྙེལ་བ་མི་མངའ་བའི་ཆེས་ཉིད་དང་། སྒྲིབ་གཉིས་བག་ཆགས་ཡང་དག་པར་བཅོམ་པ་དང་། སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་ཉིད་དང་། མ་འདྲེས་པའི་ཆོས་མཅོ་བརྒྱད་བཤད་པ་གང་ཡིན་དང་། རྣམ་པ་ཐབས་ཅད་མཁྱེན་པ་ཉིད་དང་ངོ་།།
༧༩) ལོངས་སྤྱོད་རྫོགས་སྐུའི་ངེས་ཚིག་ཀུན་མཁྱེན་གྱིས་གསུངས་པ་ལྟར་བྲིས?
ལན) དེ་ཡང་གཞུང་ལས།
མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །
ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །
ཞེས་པ་ལྟར། མཚན་ནི་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲངས་ཚང་བ། གསལ་ལ་རྫོགས་པ་མཉམ་ཉིད་དང་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་བཞུགས་པ་རྣམས་དང་ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་ལོངས་སྤྱོད་པའི་ཕྱིར་ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད་དོ།།
༨༠) སྐུ་བཞིའི་མཚན་ཉིད་མ་འདྲེས་པར་བྲིས?
ལན) དང་པོ། རང་བཞིན་དང་གློ་བུར་བའི་དྲི་མ་གཉིས་དང་བྲལ་བའི་སྐུ་ངོ་བོ་ཉིད་ཀྱི་སྐུའི་མཚན་ཉིད་དོ། ། གཉིས་པ། སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་ཚོགས་ཆོས་སྐུའི་མཚན་ཉིད་དོ། ། གསུམ་པ། བསོད་ནམས་བརྒྱས་མངོན་པར་དུ་བྱས་པའི་མཚན་དཔེས་སྤྲས་པའི་ལོངས་སྐུའི་མཚན་ཉིད་དོ། ། བཞི་པ། རྒྱུ་མཐུན་པའི་གཟུགས་སྐུ་ སྤྲུལ་པའི་སྐུའི་མཚན་ཉིད་དོ། ཞེས་སོ།།
བསམ་འཆར།