རྣམ་འགྲེལ་ཚད་གྲུབ་ལེའུའི་དྲིས་ལན་བློ་གསར་འཇུག་ངོགས།

ཚད་མའི་དྲིས་ལན།,ཚད་མ།,ཚད་གྲུབ་ལེའུ།,གསང་འཁོར།,དཔལ་ལྡན་འབྲུག་པའི་གདན་ས།,


ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ།།


༡༽ ཚད་གྲུབ་ལེའུ་དེ་མཁས་པ་འགས་ལེའུ་དང་པོར་འཇོག་ཀྱང་འདིར་ལེའུ་གཉིས་པར་བཞག་དགོས་པའི་རྒྱུ་མཚན་ཅི་ཡིན་བྲིས།


ཞུ་ལན།  ཚད་མ་གྲུབ་པའི་ལེའུ་དེ་མཁས་པ་འགའ་ཡིས་ལེའུ་དང་པོར་འཆད་ཀྱང་འདིར་ལེའུ་གཉིས་པར་བཞག་པ་ནི། སློབ་དཔོན་གྱིས་བརྩམས་པའི་ཚེ་མདོའི་རིམ་པ་ལྟར་བརྩམས་ཀྱང་གླེགས་བམ་དུ་གནས་པའི་ཚེ་དགོས་པའི་དབང་གིས་རང་དོན་ལེའུ་དང་པོར་བཞག་པ་ཡིན་ཏེ། དོན་དང་དོན་མ་ཡིན་པར་རྣམ་པར་འབྱེད་པའི་སྔོན་དུ་རང་དོན་རྗེས་དཔག་དང་པོར་འཆད་པས་འདིར་ཚད་གྲུབ་ལེའུ་གཉིས་པར་བཞག་པ་ཡིན་ཏེ། དོན་དང་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར་དང་། དེ་ལ་ཡང་ལོག་པར་རྟོག་པས་དེ་རྣམ་པར་བཞག་པའི་ཕྱིར་ནའོ།།  །།


༢༽ལེའུ་གཉིས་པ་འདིས་བརྗོད་དོན་ཅི་ཞིག་སྟོན་པ་དང་། ཚད་མ་བསླུ་མེད་ཅན་ཤེས་པ།  །ཞེས་པའི་སྐབས་ནས་བསྟན་པའི་མི་བསླུ་བའི་དོན་བྲིས ? 


ཞུ་ལན། ལེའུ་གཉིས་པ་འདིས་བརྗོད་དོན་ཅི་ཞིག་སྟོན་ཞེ་ན། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཞེས་ཚད་མ་མདོའི་མཆོད་པར་བརྗོད་པའི་དོན་བཞིན་སྟོན་པ་ཚད་མའི་སྐྱེས་བུར་བསྟན་པ་དང་། དེའི་སྒྲུབ་བྱེད་རྒྱས་པར་བཤད་པ་ནི་ལེའུ་གཉིས་པའི་བརྗོད་བྱ་གཙོ་བོ་ཡིན་ལ། སྐབས་འདིར་མི་བསླུ་བའི་དོན་ནི། ལས་གང་ལ་མི་སླུ་ན་འཇུག་ལྡོག་བྱ་བའི་ཡུལ་དོན་རང་མཚན་ལ་མི་སླུ་བ། བྱེད་པ་པོ་གང་གིས་མི་སླུ་ན་ཚད་མ་གཉིས་ཀྱིས་དོན་ཇི་ལྟར་གནས་པ་ལྟར་འཇལ་བའི་བློ་དེ་མི་སླུ་བ། བྱ་བ་ཇི་ལྟར་མི་སླུ་ན་དེས་ཇི་ལྟར་ཡོད་པར་བཅད་ན་ཡོད་པར་མི་སླུ་བ་དང་། མེད་པར་བཅད་ན་མེད་པར་མི་སླུ་བ་དང་།  དེ་བཞིན་དུ་ཡིན་པའམ་མིན་པར་བཅད་པ་ལྟར་དོན་ལ་དེ་ལྟར་གནས་པ་ནི་མི་བསླུ་བའི་དོན་ཡིན་ནོ། །མདོར་བྱ་བྱེད་ལས་གསུམ་ལ་མི་སླུ་བ་ཞིག་དགོས་པ་ཡིན་ནོ།།. །།



 ༣༽མི་བསླུ་བའི་དོན་དེ་དོན་རང་མཚན་ལ་མི་བསླུ་བ་ཡིན་ན་ཕྱི་དོན་ཁས་མི་ལེན་པའི་རྣལ་འབྱོར་སྤྱོད་པའི་ལུགས་ལ་ཚད་མ་མི་སྲིད་པ་དང་།  མི་བསླུ་བའི་ཤེས་པས་བཅད་ཤེས་ལ་ཁྱབ་ཆེས་པའི་རྩོད་སྤོང་བྲིས?

 

ཞུ་ལན། དོན་རང་མཚན་ལ་མི་སླུ་བ་ཡིན་ན་ཕྱི་དོན་ཁས་མི་ལེན་པའི་རྣལ་འབྱོར་སྤྱོད་པའི་ལུགས་ལ་ཚད་མ་ཇི་ལྟར་སྲིད་སྙམ་ན། ཕྱི་རོལ་གྱི་དོན་མ་གྲུབ་ཀྱང་བག་ཆགས་བརྟན་བྱུང་གི་ཤེས་པ་དོན་ལྟར་སྣང་བ་ལ་ཇི་ལྟར་བཅད་པ་ལྟར་མི་སླུ་བ་འདི་ཡོད་པས་ཚུ་རོལ་མཐོང་བའི་ཡུལ་དུ་དོན་བྱེད་པའི་སྣང་བ་བསླུ་མེད་བསྙོན་མེད་དུ་གྲུབ་པ་དེ་ཙམ་ཞིག་གིས་ཐ་སྙད་ཀྱི་དོན་བྱས་པས་ཚད་མའི་རྣམ་གཞག་འཐད་པ་ཡིན་ནོ། །མི་བསླུ་བའི་ཤེས་པ་ཞེས་པ་དེ་བཅད་ཤེས་ལ་ཁྱབ་ཆེ་བའི་སྐྱོན་མེད་དེ། བཅད་ཤེས་སམ་ཀུན་རྫོབ་ཀྱི་ཤེས་པ་དེ་ནི་ཚད་མ་སྔ་མས་བཅད་ཟིན་པའི་གཟུང་བའི་བྱེད་པ་མ་ཉམས་པའི་དོན་དེ་སླར་ཡང་འཛིན་པ་ཙམ་ཡིན་པའི་ཕྱིར་དང་། མི་སླུ་བའི་བྱ་བ་ཚད་མ་སྔ་མས་བྱས་ཟིན་པའི་ཕྱིར་ཞེས་སྤོང་དགོས་པ་ཡིན་ནོ། ། །།



༤༽ ཀུན་ཏུ་ཐ་སྙད་པའི་ཚད་མ་དེ་སྐྱེས་བུ་ཡུལ་ལ་འཇུག་པ་དང་འདྲ་བར་གསུངས་ན་དེ་གཉིས་འདྲ་ཚུལ་བློས་གང་ལྕོགས་བྲིས? 


ཞུ་ལན། དེ་གཉིས་འདྲ་ཚུལ་ནི། སྐྱེས་བུའི་འཇུག་ཡུལ་གྱི་དོན་རང་མཚན་འདི་དོན་བྱེད་ནུས་པ་ཡིན་པས་ན་ཐ་སྙད་དཔྱོད་པས་འདི་ལ་བརྟག་ཅིང་འཇུག་ལྡོག་བྱེད་ཀྱི། དོན་བྱེད་མི་ནུས་པ་ལ་འཇུག་ལྡོག་གི་ཡུལ་དུ་བརྟག་པ་ལ་དགོས་ནུས་མེད་ལ། བློ་འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་ཞུགས་པ་དེ་ལྟར་དོན་བྱེད་ནུས་པར་གནས་པ་ནི་མི་བསླུ་བར་གྱུར་པ་གང་ཡིན་པ་དེ་ཙམ་ལ་བློ་དེས་བཅད་པ་ལྟར་དོན་ཐོབ་པའི་ཕྱིར་ཚད་མ་ཞེས་བྱ་བས་འདྲ་བ་ཡིན་ནོ། །  ། །


༥༽ཤེས་པ་ཁོ་ན་ཚད་མར་འདོད་་པརརྒོལ་བས་མི་འཐད་པའི་ཚུལ་ཇི་ལྟར་བཤད་པ་དང་། དེར་རྩོད་སྤོང་ཇི་ལྟར་གསུངས་ཚུལ་ཡང་བྲིས ? 


ཞུ་ལན། ཤེས་པ་ཁོ་ན་ཚད་མར་འཐད་པ་འདོད་པ་ལ་རྒོལ་བའི་མི་འཐད་པའི་ཚུལ་ནི།  དབང་པོ་གཟུགས་ཅན་པ་ཚད་མར་འདོད་པ་བྱེ་སྨྲ་སོགས་ན་རེ། ཤེས་པ་ཁོ་ན་ཚད་མར་བཞག་པ་མི་འཐད་དེ། དབང་པོ་ལ་ཡང་མི་སླུ་བ་ཡོད་ལ། དེ་བཞིན་དུ་སྲང་གིས་རེག་བྱ་ལྕི་ཡང་ལ་མི་སླུ་བ་སོགས། ཡུལ་ཡོད་པ་དང་མེད་པར་རང་གི་ངོས་ནས་ཀྱང་མི་སླུ་བ་ཡོད་པས་མི་སླུ་བ་གཞན་དང་གཞན་དུ་མ་ཡོད་བཞིན་དུ་ཤེས་པ་ཁོ་ན་ལ་མི་སླུ་བའི་ཚད་མའོ་ཞེས་ཇི་ལྟར་འཇོག་ཞེས་རྩོད་པ་དང། དེར་རང་ལན་གྱི་རྩོད་པ་སྤོང་ཚུལ་ནི། བློ་ནི་ཚད་མ་ཉིད་འཇོག་པར་འཐད་དེ། བླང་དང་དོར་བྱའི་དངོས་པོའི་དོན་ལ་འཇུག་པ་ལ་བློ་དེ་གཙོ་བོ་ཡིན་པའི་ཕྱིར་དེ་ཁོ་ན་ཚད་མ་ཡིན་ཏེ། དབང་པོ་ལ་སོགས་པ་དོན་མ་ནོར་བར་འཇལ་བའི་རྒྱུ་ཇི་སྙེད་ཡོད་དུ་ཟིན་ཀྱང་དེ་ལས་སྐྱེས་པའི་བློ་མེད་པར་དེ་དག་གིས་འཇུག་ལྡོག་བྱེད་པར་ཡོངས་སུ་གཅོད་པ་ཅུང་ཟད་ཀྱང་མི་ནུས་ཞེས་གསུངས་སོ། །. ། །



༦༽ཕྱོགས་སྔས་ཚད་མ་གསུམ་པར་འདོད་པའི་སྒྲ་བྱུང་ཚད་མ་དེ་བརྟགས་ནས་འགོག་ཚུལ་དང་མངོན་རྗེས་གཉིས་སུ་ངེས་ཚུལ་ཡང་བྲིས ? 

 

ཞུ་ལན། རྣམ་པར་བརྟགས་ནས་འགོག་ཚུལ་ཡང།  སྤྱིར་སྒྲ་བྱུང་ཚད་མ་ཞེས་པ་འདི་ཅི་ཞིག་སྒྲ་ལས་བྱུང་བའི་ཉན་ཤེས་ལ་ཟེར་རམ། དེའི་རྗེས་སུ་སྒྲ་སྤྱི་འཛིན་པའི་རྟོག་པ་ལ་ཟེར་རམ། སྒྲ་རང་ཉིད་ལས་བརྗོད་བྱ་རྟོགས་པ་ལ་ཟེར། དང་པོ་ལྟར་ན། མངོན་སུམ་ཚད་མ་ཡིན་ལ། གཉིས་པ་ལྟར་ན། རྗེས་དཔག་ཏུ་འགྱུར་བ་ཡང་རུང་སྟེ། སྒྲ་ལས་བྱུང་བ་ཉན་ཤེས་ཀྱི་བློ་ཡང་རྗོད་པ་པོས་ཇི་ལྟར་གཞལ་བ་མངོན་པར་འདོད་པ་ཡི་དོན་སྟོན་པ་ལ་རྟགས་སུ་གྱུར་པའི་སྒྲ་དེ་འཛིན་པའི་བློ་ཡིན་པའི་ཕྱིར་དང་། གསུམ་པ་ལྟར་ན།  སྒྲ་ཙམ་དོན་ལ་ཚད་མར་གྱུར་པའི་རྒྱུ་མཚན་གང་ཡང་མེད་ཅིང་། ཕྱི་རོལ་དོན་གྱི་དེ་ཁོ་ན་ཉིད་རྟོགས་པའི་རྒྱུན་ཅན་མིན་ཏེ། སྒྲ་དང་དོན་ལ་མེད་ན་མི་འབྱུང་གི་འབྲེལ་བ་གང་ཡང་མེད་པའི་ཕྱིར་ཞེས་འགོག་པ་ཡིན་ནོ། །ཚད་མ་མངོན་རྗེས་གཉིས་སུ་གྲངས་ངེས་ཚུལ་ནི། ཇི་སྐད་དུ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་པ་ལྟར། གཞལ་བྱ་ལ་རང་མཚན་དང་སྤྱི་མཚན་གཉིས་སུ་གྲངས་ངེས་པས་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་ཡིན་ནོ། །  ། །


༧༽ཅི་ཚད་མ་འདི་རང་གི་ངོ་བོའི་ཡུལ་ལ་མི་སླུ་བར་གྲུབ་པ་ཞིག་ཡིན་ནམ། རྐྱེན་གཞན་གྱིས་བསྒྲུབ་དགོས་པ་ཞིག་ཡིན། དང་པོ་ལྟར་ན། ཚད་མའི་བསྟན་བཅོས་དོན་མེད་པ་དང་།  གཉིས་པ་ལྟར་ན་སྒྲུབ་བྱེད་ཐུག་མེད་དུ་འགྱུར་བའི་རྩོད་སྤོང་གྱིས? 


ཞུ་ལན། ཚད་མ་ཞེས་པ་འདི་རང་གི་ངོ་བོ་ཡུལ་ལ་མི་སླུ་བར་གྲུབ་པ་ཞིག་ཡིན་ནོ། །འོ་ན་ཚད་མའི་བསྟན་བཅོས་དོན་མེད་དུ་འགྱུར་རོ་ཞེ་ན་མི་འགྱུར་ཏེ། གཞུང་ལས། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་པ་ལྟར། ཚད་མའི་རྣམ་བཞག་བསྟན་པའི་བསྟན་བཅོས་ནི་སྔར་རང་གི་ངོ་བོས་ཚད་མ་མིན་པའི་བློ་ཞིག་སླར་ཚད་མར་བསྒྲུབ་པའི་ཆེད་དུ་མ་ཡིན་ཡང་ཚད་མའི་བློ་ལ་ཚད་མ་ཡིན་པར་མི་ཤེས་པ་དང་ཚད་མིན་གྱི་བློ་ལ་ཚད་མར་སྒྲོ་འདོགས་པའི་རྨོངས་པ་ཟློག་པར་བྱེད་པ་ཡིན་པས་ཚད་མའི་བསྟན་བཅོས་དོན་ཡོད་པ་ཡིན་ནོ། ། ། །


༨༽ སྤྱིར་རང་ངེས་དང་གཞན་ངེས་ཀྱི་ཚད་མའི་རྣམ་གཞག་གང་ཤེས་དང་རྗེས་དཔག་ལ་རང་ངེས་ཚད་མས་ཁྱབ་དོན་ཅི་ཡིན་བྲིས?  


རང་ལས་ངེས་ཀྱི་ཚད་མ་དང་། གཞན་ལས་ངེས་ཀྱི་ཚད་མ་གཉིས་ལས། དང་པོ། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་ཡུལ་སྟེང་དུ་གནས་པ་མེད་པར་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱི་འདྲེན་ནུས་པའི་གསར་དུ་མི་སླུ་བའི་རིག་པ་རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད། གཉིས་པ། དེ་འདྲེན་མི་ནུས་པར་ཕྱིས་འབྱུང་ཐ་སྙད་པའི་ཚད་མ་གཞན་ལ་བརྟེན་དགོས་པའི་གསར་དུ་མི་སླུ་བའི་རིག་པ་གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད། དང་པོ་ལ་དབྱེ་ན། དོན་གོམས་པ་ཅན་གྱི་དབང་མངོན། དོན་བྱེད་སྣང་ཅན་གྱི་དབང་མངོན། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ། རྗེས་དཔག་ཚད་མ་དང་ལྔ། གཉིས་པ་གཞན་ལས་ངེས་ཀྱི་ཚད་མ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཚད་མ་རིགས་གཏེར་ལས། དང་པོ་པ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་དང་གཞན་ལས་ངེས། །ཞེས་གསུངས་པ་ལྟར། མངོན་སུམ་དང་པོ་བ། ཡིད་མ་གཏད་པ། འཁྲུལ་རྒྱུ་ཅན་དང་གསུམ་ཡོད་དེ།  རྗེས་དཔག་ཡིན་ན་རང་ངེས་ཚད་མ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་ཚད་མ་གསུམ་སྔོན་དུ་འགྲོ་བའི་རྟགས་ཡང་དག་ལས་བརྟེན་ནས་སྐྱེས་པ་ཡིན་པས་ཁྱབ་པའི་ཕྱིར་རོ།།. །།


༩༽མི་བསླུ་མ་ཤེས་དོན་གསལ་གཉིས་པོ་ཚད་མའི་དོན་ལྡོག་དུ་དགོངས་ལུགས་མི་འདྲ་བ་དུ་ཡོད་དང། བྱེ་བྲག་འགྲེལ་པ་འདིའི་འགོངས་ལུགས་ངོས་ཟུངས?


ཞུ་ལན། དེ་ལ་དགོངས་ལུགས་མི་འདྲ་བ་གསུམ་ཡོད་དེ། མཚན་ཉིད་གཉིས་པོ་འདི་ཐ་སྙད་དང་དོན་དམ་དཔྱོད་པའི་ཚད་མའི་མཚན་ཉིད་སོ་སོ་ལ་སྦྱོར་བ་དང་། གཉིས་ཀ་ཚོགས་ནས་ཚད་མའི་མཚན་ཉིད་ཆ་ཚང་བར་འདོད་པ་དང༌། དོན་གཅིག་ཏུ་འདོད་པའི་ཕྱོགས་གསུམ་མོ། འགྲེལ་པ་འདིའི་ལུགས་སུ་ཕྱི་མ་དོན་གཅིག་ཏུ་འདོད་པ་ལ་འཇོག་པའོ། །


༡༠༽བཅོམ་ལྡན་འདས་ཚད་མ་ཡིན་ན།  མི་འདོད་བློ་ནི་ཚད་མ་ཉིད། །འཇུག་ལ་དེ་གཙོ་ཡིན་ཕྱིར་རོ། །ཞེས་པའི་གཞུང་དོན་དང་མི་མཐུན་ཞིང་མིན་ན་དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་ལེའུ་གཉིས་པའི་སྒྲུབ་བྱ་ལ་ཚད་བསལ་ཞུགས་དོགས་སེལ་དགོས ? 


ཞུ་ལན། གཞུང་དོན་འདི་དང་མི་མཐུན་པ་མེད་དེ། སྟོན་པ་བཅོམ་ལྡན་འདས་ནི་ཤིན་ཏུ་ཡང་ཚད་མ་ཡིན་པའི་ཕྱིར་ཏེ། སྒོམ་པ་མཐར་ཕྱིན་པའི་སྟོབས་ལས་གྲུབ་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པས་དེ་ལ་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པ་ཡིན་པའི་ཕྱིར་རོ། །. ། །



༡༡༽དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་ཚད་མའི་མཚན་ཉིད་དང་ལྡན་པས་བཅོམ་ལྡན་འདས་ཚད་མར་གསུངས་ན་དེ་ལ་ཚད་མའི་མཚན་ཉིད་ལྡན་ཚུལ་ཁ་གསལ་ཞུ ? 


ཞུ་ལན། བཅོམ་ལྡན་འདས་ཚད་མའི་མཚན་ཉིད་ལྡན་ཚུལ་ནི། འདི་ལྟར་འཇིག་རྟེན་ན་ཚད་མ་ནི་ཇི་ལྟར་བཅད་པ་ལྟར་དོན་ཐོབ་པ་ལ་མི་སླུ་བའི་བློ་ལ་ཡོངས་སུ་གྲགས་པའི་དབང་དུ་བྱས་ནས་བཅོམ་ལྡན་འདས་ནི་ཚད་མ་དེ་དང་འདྲ་བ་སྟེ་སྐྱེ་རྒུ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་དོན་ཐོབ་པ་ལ་འདིས་མི་སླུ་བ་ཡིན་པས་ཚད་མའི་མཚན་ཉིད་དང་ལྡན་པ་ཡིན་ནོ། ། ། །


༡༢༽མདོར་ཚད་མར་གྱུར་པ་ཞེས་དང་འདིར་ཚད་མ་དང་འདྲ་བས་བཏགས་ཞེས་པ་གཉིས་མི་མཐུན་པས་ཞིབ་ཏུ་དཔྱད་ནས་བྲིས? 


ཞུ་ལན། འདིར་ཚད་མ་དང་འདྲ་བར་ཅིའི་ཕྱིར་བཏགས་སྙམ་ན། འཇིག་རྟེན་ན་གྲགས་པའི་མངོན་རྗེས་ཀྱི་ཚད་མ་ལ་ལྟོས་ནས་དེ་ལྟར་བཏགས་པ་སྟེ། སྐབས་ཀྱི་བཤད་བྱའི་ཚད་མ་ནི་མངོན་རྗེས་ཀྱི་ཚད་མ་ཡིན་ལ་བཅོམ་ལྡན་འདས་ནི་ཆོས་ཀུན་ལ་མངོན་སུམ་ཚད་མར་གྱུར་པ་ཡིན་དུ་ཟིན་ཀྱང་དེ་ཁོ་ན་འཇིག་རྟེན་པའི་མངོན་སུམ་གྱི་དོན་དང་མི་འདྲ་བས་དེ་ལྟར་བཏགས་པ་ཡིན་ནོ།



༡༣༽ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང་། །ཤེས་བྱ་མི་རྟག་པ་ཉིད་ཀྱི། །དེ་ནི་མི་བརྟན་ཉིད་ཕྱིར་རོ། །ཞེས་པའི་གནོད་བྱེད་དེ་ཁས་ལེན་ཇི་འདྲ་ལ་འཕེན་པ་ཡིན ?

 

ཞུ་ལན། གནོད་བྱེད་དེ་སྔར་ཚད་མ་མིན་པ་ཞིག་སྒྲུབ་བྱེད་ལ་ལྟོས་ནས་གསར་དུ་ཚད་མར་གྱུར་པས་ཤེས་བྱ་མཐའ་ཡས་པ་ཤེས་པ་མི་སྲིད་ལ། ཡོན་ཏན་བརྒྱད་དང་ལྡན་པའི་དབང་ཕྱུག་རྟག་པ་དེ་ནི་ཚད་མ་ཡིན་ལ་འགྲོ་བ་མཐའ་དག་གི་བྱེད་པོའང་ཡིན་ནོ་ཞེས་པའི་ཁས་ལེན་ལ་འཕེན་པ་ཡིན་ནོ། ། ། །



༡༤༽ རང་ལུགས་སུ་ཤེས་བྱ་མི་རྟག་པ་ཉིད་ཀྱིས་ཚད་མ་མི་རྟག་པའི་རྣམ་དབྱེ་འཐད་ན་རྟག་པ་རྟོགས་པའི་ཚད་མ་མེད་ཅེས་ཁས་བླངས་དགོས་སམ་འོན་ཏེ་དགོངས་དོན་གཞན་འཚོལ་དགོས་པ་ཡིན?

 

ཞུ་ལན། དེ་ལྟར་ཡིན་ན་རྟག་པ་རྟོགས་པའི་ཚད་མ་མེད་ཅེས་ཁས་བླངས་དགོས་པ་སྣང་སྟེ། གཞུང་ལས། དེ་ཡང་ཡུལ་དེ་དམིགས་རྐྱེན་ཡིན་ལ་དེ་ལས་སྐྱེས་པའི་བློ་ཚད་མ་ཡིན་པའི་ཕྱིར་སྐད་ཅིག་མར་འཐད་ཀྱི་ཡུལ་གྱིས་ཁྱད་པར་བྱར་མེད་ན་ནི་ཡུལ་གང་ཡང་ཤེས་པར་མི་འགྱུར་རོ། །ཡུལ་གང་ཡང་མ་ཤེས་ན་དོན་རང་མཚན་ལ་མི་སླུ་བའི་ཚད་མར་ཇི་ལྟར་འགྱུར། དེས་ན་རྟག་པའི་བློ་ལ་ཡུལ་རིམ་བཞིན་འཇལ་བའི་དོན་བྱེད་ནུས་པས་སྟོང་པར་ཤེས་པར་བྱའོ། ། ཞེས་གསུངས་པའི་ཕྱིར་རོ། །. ། །



༡༥༽ཚད་ཅན་དབང་ཕྱུག་བྱེད་པ་པོ་དེ་རྟག་མི་རྟག་བརྟག་ལ་དགག་ཚུལ་ཇི་ལྟར་ཡིན་རྩ་གཞུང་དང་སྦྱར་ནས་བྲིས? 


ཞུ་ལན། རྩ་བ། རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟག་ལས་སྐྱེ་བ་མི་འཐད་ཕྱིར། །ལྟོས་པ་མི་རུང་བ་ཡི་ཕྱིར།  །རྣམ་འགས་ཕན་གདགས་བྱ་མིན་ཕྱིར།  །མི་རྟག་ན་ཡང་ཚད་མེད་ཉིད། ། ཅེས་པ་ལྟར། ཚད་མ་དང་ལྡན་པ་དབང་ཕྱུག་ནི་བྱེད་པ་པོ་མ་ཡིན་ཏེ།  འདིར་སྣང་བའི་ཆོས་རིམ་བཞིན་སྐྱེ་བ་ཅན་འདི་དག་ནི་རྒྱུ་དབང་ཕྱུག་རྟག་པ་ལས་སྐྱེ་བ་མི་འཐད་དེ། རྟག་པ་ལ་རིམ་གྱིས་དོན་བྱེད་པའི་ཁྱད་པར་མི་སྲིད་པའི་ཕྱིར་རོ། །རྟག་པ་དེ་ཡང་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་ནས་འབྲས་བུ་རིམ་བཞིན་སྐྱེད་དོ་ཞེ་ན། རྟག་པ་ལ་རྐྱེན་གྱིས་ཁྱད་པར་བྱར་མེད་དེ་རྐྱེན་ལ་ལྟོས་པ་ནི་རྣམ་པ་ཀུན་ཏུ་མི་རུང་བའི་ཕྱིར་དང་།  རྐྱེན་གྱི་རྣམ་པ་འགས་ཀྱང་ཕན་གདགས་བྱ་མིན་པའི་ཕྱིར་ཏེ།  རང་གི་ངོ་བོ་རྐྱེན་གཞན་ལ་ལྟོས་པ་དང། རྐྱེན་གྱིས་དེ་ལ་ཕན་གདགས་ན་མི་རྟག་པར་འགྱུར་རོ།  །གལ་ཏེ་དབང་ཕྱུག་མི་རྟག་པ་ཡིན་ནོ་ཞེ་ན།  དེ་རང་བྱུང་གི་ཚད་མ་ཉིད་དུ་མེད་པ་ཡིན་ཏེ་ཚད་མར་སྒྲུབ་བྱེད་མེད་པས་སོ། །དེ་བཞིན་དུ་དེ་གཅིག་བྱེད་པ་པོ་ཡིན་པ་ལའང་སྒྲུབ་བྱེད་ཀྱི་ཚད་མ་གང་ཡང་མེད་པ་ཉིད་དོ། །. ། །



༡༦༽རྒོལ་བས་སྡོད་འཇུག་དང་དབྱིབས་ཀྱི་ཁྱད་པར་ལས་སེམས་ཅན་གྱི་གནས་ལུས་དབང་ཕྱུག་གིས་བྱས་པར་སྒྲུབ་ན། གྲུབ་པ་སྒྲུབ་པ་དང་། དཔེ་མ་གྲུབ་པ། ཐེ་ཚོམ་ཟ་ཚུལ་བཅས་ངོས་ཟུངས? 


ཞུ་ལན། གྲུབ་པ་སྒྲུབ་ཚུལ་ནི། སྟེའུ་ལ་སོགས་པའི་སྡོད་ཅིང་འཇུག་པ་སོགས་དཔེར་བཀོད་པ་དེ་དག་སྐྱེས་བུའི་བྱེད་པ་ལ་རག་ལས་པ་ནི་འདོད་པ་ཡིན་ལ། དངོས་སུ་སྐྱེས་བུས་མ་བྱས་པ་རི་གླིང་ལ་སོགས་པ་ཀུན་ཀྱང་རྒྱུ་སྐྱེས་བུ་རྣམས་ཀྱི་སེམས་པ་སྔོན་དུ་སོང་བའི་རྒྱུ་ལས་གྲུབ་པ་ཙམ་དུ་སྒྲུབ་པར་བྱེད་ན་འདོད་པ་ཡིན་ཏེ། དེ་ཡང། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །དེ་ནི་སེམས་པ་དང་དེས་བྱས། །ཞེས་སྒྲུབ་པ་དང་། དཔེ་མ་གྲུབ་ཚུལ་ནི། གལ་ཏེ་ཁྱོད་ཀྱི་འདོད་པ་ལྟར་དངོས་པོ་དེ་ཀུན་བྱེད་པོ་སྐྱེས་བུ་རྟག་པ་གཅིག་གིས་བྱས་པ་ནི་དཔེ་མ་གྲུབ་པ་ཡིན་ཏེ། གང་བྱས་པ་ཐམས་ཅད་མི་རྟག་པའི་རྒྱུས་བྱེད་པ་ལས་རྟག་པས་རིམ་དང་ཅིག་ཅར་དུ་བྱེད་པ་གཉིས་ཀ་མ་མཐོང་བས་སོ། །ཐེ་ཚོམ་ཟ་ཚུལ་ནི། སྡོད་ཅིང་འཇུག་པ་ལ་སོགས་པ་ཡོད་པ་ཙམ་གྱིས་སྐྱེས་བུས་བྱས་པ་ཡིན་ན་ཁྱོད་རང་གིས་སྐྱེས་བུས་མ་བྱས་པར་འདོད་པ་དབང་ཕྱུག་སོགས་ལའང་སྐྱེས་བུས་བྱས་པར་དོགས་པ་སྐྱེ་སྟེ། དེ་ཡང་རེས་འགའ་སྡོད་ཅིང་རེས་འགའ་འཇུག་པའི་ཕྱིར་རོ། །


༡༧༽དབྱིབས་ཙམ་རྟགས་སུ་བཟུང་ན་མ་ངེས་པར་འགྱུར་ཚུལ་དང་ཅི་སྟེ་ངེས་ན་ཧ་ཅང་ཐལ་བ་དཔེ་དང་བཅས་གསུངས་པ་བྲིས?  


ཞུ་ལན། དབྱིབས་ཙམ་རྟགས་སུ་བཟུང་ན་མ་ངེས་པར་འགྱུར་ཚུལ་ནི།  དབྱིབས་ཡིན་ནོ་ཅོག་ཆོས་ཅན། སྐྱེས་བུས་བྱས་པ་ཡིན་པར་ཐལ། བུམ་པ་སོགས་སྐྱེས་བུས་བྱས་པའི་དབྱིབས་དང་སྒྲ་འཇུག་པ་ཙམ་མཚུངས་པའི་ཕྱིར། ཞེས་ཕ་རོལ་པོས་བཀོད་པའི་ལན་དུ། སྒྲ་མཚུངས་པ་དེ་ཙམ་གྱིས་སྐྱེས་བུས་བྱས་པ་རྗེས་སུ་དཔོག་རིགས་པ་མ་ཡིན་ཏེ། སྐྱེས་བུས་བྱས་པ་དང་དབྱིབས་ཙམ་ལ་མེད་ན་མི་འབྱུང་གི་འབྲེལ་བ་མེད་པའི་ཕྱིར། སྐྱེས་བུས་ཆེད་དུ་མ་བྱས་ཀྱང་དབྱིབས་ཡོད་པ་ལ་འགལ་བ་མེད་པའི་ཕྱིར། དཔེར་ན་སྐྱ་བོའི་རྫས་ཙམ་ལས་མེ་དཔོག་པ་བཞིན་དུ། རྟགས་དེ་མ་ངེས་པ་ཡིན་ནོ། །གལ་ཏེ་ངེས་ན་ཧ་ཅང་ཐལ་བའི་དཔེ་ནི།  འབྲེལ་བའི་དབང་གིས་བསྒྲུབ་བྱ་སྒྲུབ་པ་དེ་ལྟར་མིན་ན། གྲོག་མཁར་ཡང་རྫ་མཁན་དེས་བྱས་པར་གྲུབ་པར་འགྱུར་བར་ཐལ། དེ་དང་རྫ་མཁན་གྱིས་བྱེད་པའི་རྫའི་བུམ་པ་ལ་སོགས་པ་འཇིམ་པའི་རྣམ་འགྱུར་འགའ་ཞིག་མཚུངས་པའི་ཕྱིར་རོ། །ཞེས་སོ། ། 


༡༨༽ གཞན་གྱིས་འབྲས་མཚུངས་ལྟག་ཆོད་དུ་ཐལ་བ་འཕན་ཚུལ་དང་། རང་ལན་ཀྱིས་མི་འདྲ་ཚུལ་ཇི་ལྟར་གསུངས་འདུག? 


ལན་ནི། གཞན་གྱིས་འབྲས་མཚུངས་ལྟག་ཆོད་དུ་ཐལ་བ་འཕེན་ཚུལ་ནི། དེ་ལྟར་སྐྱེས་བུས་བྱས་པ་དང་མ་བྱས་པའི་དབྱིབས་སོ་སོར་ཕྱེ་ནས་དབྱིབས་རྟགས་སུ་བཀོད་པའི་སུན་འབྱིན་འདི། འབྲས་བུ་མཚུངས་པའི་ལྟག་ཆོད་ཅེས་སུན་འབྱིན་ལྟར་སྣང་བ་ཡིན་པར་སློབ་དཔོན་ཕྱོགས་གླང་གིས་བཤད་པ་དེ་དང་མཚུངས་པར་འགྱུར་རོ། །ཞེས་རྒོལ་བ་ལ། དེར་རང་ལུགས་ཀྱིས་འབྲས་མཚུངས་ལྟག་ཆོད་དང་མི་འདྲ་ཚུལ་ནི། བསྒྲུབ་བྱ་སྒྲུབ་ནུས་པའི་སྤྱི་རྟགས་སུ་བཀོད་པ་ལ། ཁྱད་པར་ལ་བརྟགས་ནས་སུན་འབྱིན་ན། སུན་འབྱིན་པ་པོ་རང་གིས་སྒྲུབ་བྱེད་གང་བཀོད་པ་ལ་ཡང་ཉེས་པ་དེ་འཇུག་ན་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་གྱི། སྒྲུབ་བྱེད་ལྟར་སྣང་བཀོད་པ་ལ་སུན་འབྱིན་བརྗོད་པ་ལྟག་ཆོད་དུ་འགྱུར་བ་མ་ཡིན་ནོ། །



༡༩༽དབྱིབས་ཀྱི་སྒྲ་ཙམ་མཚུངས་པས་དོན་མཚུངས་པར་སྒྲུབ་མི་ནུས་ལ་གལ་ཏེ་ནུས་ན་ཧ་ཅང་ཐལ་བའི་རིགས་པ་ཇི་ལྟར་འཕེན་ཡོད? 


ཞུ་ལན། ཆོས་སོ་སོའི་རང་རང་གི་རིགས་ཀྱི་ཁྱད་པར་མི་འདྲ་བ་ལ་རྗོད་བྱེད་དུ་གྲུབ་པའི་སྒྲའི་སྤྱི་སྟེ་ཐུན་མོང་གི་མིང་ནི་ཡུལ་བརྗོད་བྱ་གང་ལ་ཡོད་པ་ཙམ་མཐོང་བ་ལས་རིགས་གཞན་དང་གཞན་དུ་སྒྲུབ་པར་བྱེད་པ་ནི་མི་རིགས་ཏེ། དཔེར་ན། ངག་དང་ཕྱོགས་ལ་སོགས་པ་ལ་གོའུ་ཞེས་པ་ཉིད་ཡིན་པའི་ཕྱིར་ན་རྭ་ཅན་ཡིན་ཞེས་པ་བཞིན་ནོ། །དེ་དག་ལ་སྤྱི་མིང་དུ་གོ་སྒྲ་འཇུག་ཀྱང་མིང་དེ་ཞུགས་པ་ཙམ་གྱིས་དེ་ཡི་མིང་ཅན་གཞན་དུ་གྲུབ་པར་མི་འགྱུར་རོ། །གལ་ཏེ་ནུས་ན་ཧ་ཅང་ཐལ་བའི་རིགས་པ་ནི། སྐྱེས་བུ་ཐམས་ཅད་ཀྱི་འདོད་དོན་ཐམས་ཅད་འབད་མེད་དུ་གྲུབ་པར་ཐལ། དེའི་སྒྲ་ཡོད་པས་དོན་གྲུབ་པའི་ཕྱིར། ཁྱབ་སྟེ། རྗོད་བྱེད་ཀྱི་སྒྲ་རྣམས་གང་ནའང་མེད་པ་མ་ཡིན་པའི་ཕྱིར། དེར་ཐལ། བརྗོད་པར་འདོད་པའི་གཞན་དབང་ཙམ་ཡིན་པའི་ཕྱིར་རོ། །དཔེར་ན་སྐྱེས་བུ་ལ་ཉི་མ་ཞེས་པའི་མིང་ཡོད་ན་དེས་སྣང་བར་ཡང་བྱེད་པ་ཐལ་ལོ། །ཞེས་གསུངས་སོ། །



༢༠༽རིགས་པ་འདིས་སེར་སྐྱ་པ་དང་གཅེར་བུ་པའི་འདོད་པ་གང་ཞིག་ཚུལ་ཇི་ལྟར་དོན་གྱིས་བསལ་བར་བྱས་པ་ཡིན་གོ་བདེ་བར་བྲིས ? 


ལན་ནི།   དབང་ཕྱུག་སྒྲུབ་པའི་རྟགས་སུན་འབྱིན་པའི་རིགས་པ་འདིས་ནི་ཆོས་ཅན། ཁྱོད་ལ་བརྟེན་ནས་སེར་སྐྱ་པ་དང༌། གཅེར་བུ་པ་ལ་སོགས་ཀྱི་སྒྲུབ་བྱེད་ལྟར་སྣང་གཞན་ཡང་དཔྱད་པ་བྱས་ནས་འགོག་ནུས་པ་ཡིན་ཏེ། སེར་སྐྱ་པས་བློ་བདེ་ཆོས་ཅན། སེམས་མེད་དང་ནང་ཤེས་རིག་གི་སྐྱེས་བུའི་ཆོས་མ་ཡིན་པར་བེམ་པོ་ཡིན་ཏེ། མི་རྟག་པ་དང་་སྐྱེ་བ་ཅན་ཡིན་པའི་ཕྱིར། ཞེས་པ་དང་། ཡང་གཅེར་བུ་པས། ལྗོན་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་ཤུས་ན་འཆི་བའི་ཕྱིར། ཞེས་པ་རྣམས་བརྟགས་ནས་འགོག་ནུས་པའི་ཕྱིར་རོ།། 


༢༡༽གལ་ཏེ་དབང་ཕྱུག་རྟག་པ་ཀུན་གྱི་བྱེད་པོར་འདོད་ན་རྒྱུ་དང་རྒྱུ་མིན་མཚུངས་པའི་ཐལ་བ་ཇི་ལྟར་འཕེན་དགོས་པ་ཡིན?  


ལན་ནི།  རྟག་པ་འགྱུར་མེད་ཀྱི་དབང་ཕྱུག་དེས་ཐམས་ཅད་བྱེད་པར་འདོད་ན་དེ་ལ་བུམ་པ་ལྟ་བུ་བྱེད་པ་དང་མི་བྱེད་པའི་གནས་སྐབས་ཡོད་དམ་མེད་། མེད་ན་བུམ་པ་མི་བྱེད་པའི་ཡུལ་དང་དུས་མེད་པས་ཐམས་ཅད་ཐམས་ཅད་ན་རྟག་ཏུ་ཡོད་པར་ཐལ་ལ། མི་བྱེད་པའི་གནས་སྐབས་ཡོད་ན་ནི་བུམ་པ་མི་བྱེད་པ་དེའི་ཚེ་དེའི་རྒྱུ་མིན་པར་ཡང་འགྱུར་ལ། དེ་ལྟར་ན་བུམ་པའི་རྒྱུ་མིན་པའི་གནས་སྐབས་དེ་ལས་ནམ་ཡང་འགྱུར་མི་ཤེས་པས་ན་ཐམས་ཅད་དུའང་བུམ་པའི་རྒྱུ་མ་ཡིན་པར་འགྱུར་བ་དེའི་ཚུལ་གྱིས་དངོས་པོ་གང་གི་ཡང་རྒྱུ་མིན་པར་འགྱུར་རོ། །དེའི་ཕྱིར་དངོས་པོ་དེ་ཡོད་པ་ན་དེའི་རྒྱུ་དབང་ཕྱུག་ཡིན་པ་དེ་ལྟ་ན། དངོས་པོ་དེ་ཉིད་མ་བྱུང་གོང་དང་ཞིག་པའི་འོག་ཏུ་དངོས་པོ་དེ་མེད་པ་གང་གི་ཚེ་ན་དེའི་རྒྱུ་མིན་པའང་ཡིན་དགོས་ཤིང་། དེ་ལྟ་ན་རྒྱུ་ཡིན་པ་དང་མིན་པ་གཉིས་ཀ་ནི་འགལ་བ་ཡིན་ལ་རྒྱུ་དང་རྒྱུ་མིན་གྱི་གནས་སྐབས་ལ་ཁྱད་མེད་པའི་རྟག་པ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་རྒྱུ་མིན་པར་ཡང་འགྱུར་བཞིན་དུ། རྒྱུ་མཚན་གང་གིས་དབང་ཕྱུག་དེ་ནི་ཐམས་ཅད་ཀྱི་རྒྱུར་འདོད་ལ་རྒྱུ་མ་ཡིན་པར་མི་འདོད་པ་ཅི་ཡིན་ཏེ་དེ་གཉིས་རྣམ་པ་ཀུན་ཏུ་མཚུངས་སོ་ཞེས་འཕེན་དགོས་པ་ཡིན་ནོ། །



༢༢༽ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། །ནན་གཏན་བྱེད་པ་ཡོད་མ་ཡིན། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །ཅེས་པའི་ཕྱོགས་སྔ་སུ། འདོད་པ་རགས་ཙམ་བཀོད་ནས་དེར་དགག་པ་མཛད་ཚུལ་ཡང་བྲིས ? 


ལན་ནི།  དེའི་སྐབས་ཀྱི་ཕྱོགས་སྔ་ནི་མུ་སྟེགས་རྒྱང་འཕེན་པ་དང་སྤྱོད་པ་པ་རྣམས་ཡིན་ལགས། དེ་དག་འདོད་པ་ཡང། སྟོན་པ་དོན་ཀུན་ལ་ཚད་མ་ཡིན་ན། ལྐོག་གྱུར་གྱི་དོན་སྲིན་བུའི་གྲངས་དང་ཤིང་གི་ལོ་མ་སོགས་མཐའ་དག་ཤེས་པ་གྱུར་དགོས་ལ། དེ་དེ་ལྟར་ཤེས་བྱེད་ཀྱི་རྟགས་ཀྱང་མི་སྲིད་ལ། ལྐོག་གྱུར་དེ་ཤེས་པའི་ཚད་མའི་སྒྲུབ་བྱེད་ཀྱི་ཐབས་ཀྱང་ཡོད་པ་མ་ཡིན་ནོ་ཞེས་འདོད་དོ།  །དེ་ལ་དགག་པ་མཛད་ཚུལ་ནི། བླང་བྱ་དང་དོར་བྱའི་ཆོས་ཐམས་ཅད་ཐབས་དང་བཅས་པ་རིག་པར་མཛད་པ་གང་ཡིན་པ་དེ་ཚད་མར་གྱུར་པ་ཉིད་དུ་འདོད་ཀྱི། ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་རིག་པར་མཛད་པ་ཁོ་ན་སྐབས་འདིར་དོན་དུ་གཉེར་བྱ་མ་ཡིན་ཏེ། གྲོལ་བ་དོན་གཉེར་དེའི་བསྒྲུབ་བྱར་གྱུར་པའི་བདེན་བཞི་མཁྱེན་པའི་ཡེ་ཤེས་གང་ལ་ཡོད་མེད་དཔྱད་པར་བྱ་བ་ཡིན་གྱི། ཚད་མར་གྱུར་པ་འདིས་སྲིན་བུའི་གྲངས་ལ་སོགས་པ་མཁྱེན་པ་སངས་རྒྱས་པ་ངེད་ལ་འགར་ཡང་ཉེར་མཁོ་མེད་པའི་ཕྱིར་རོ། །ཞེས་དགག་པ་མཛད་དོ། །



༢༣༽མདོ་ཡི་མཆོད་བརྗོད་ཀྱིས་བསྟན་པ་ལྟར་སྒྲུབ་བྱ་གང་ཞིག དེའི་སྒྲུབ་བྱེད་བཞི་པོ་རྣམས་གོ་རིམ་བཞིན་ངོས་ཟུངས?

 

ལན་ནི།  མདོའི་མཆོད་བརྗོད་ཀྱི་སྒྲུབ་བྱ་ནི་སྟོན་པ་བཅོམ་ལྡན་འདས་སྐྱེས་བུ་ཚད་མ་གྱུར་པ་དེ་ཡིན་ལ། དེའི་སྒྲུབ་བྱེད་བཞི་པོའི་གོ་རིམ་ནི། འགྲོ་བ་ལ་གཏན་དུ་ཕན་པར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐབས་ལ་ཡུན་རིང་གོམས་པ་སྦྱོར་བ་ཕུན་ཚོགས་སྟོན་པ། རང་དོན་ཕུན་ཚོགས་བདེ་གཤེགས། གཞན་དོན་ཕུན་ཚོགས་སྐྱོབ་པ་སྟེ་བཞིའོ། །


༢༤༽བསམ་སོགས་ལུགས་འབྱུང་དུ་བཤད་སྐབས་སྒྲུབ་བྱེད་བཞི་པོ་རྒྱུ་དང་འབྲས་བུ་ཕུན་ཚོགས་གཉིས་སུ་བསྡུ་ཚུལ་འབྲི་དགོས། 


ལན་ནི།  སྒྲུབ་བྱེད་བཞི་ལས། དང་པོ་བསམ་པ་ཕུན་ཚོགས་དང་སྦྱོར་བ་ཕུན་ཚོགས་གཉིས་ནི་རྒྱུ་ཕུན་ཚོགས་དང་། རང་དོན་བདེ་གཤེགས་ཕུན་ཚོགས་དང་གཞན་དོན་སྐྱོབ་པ་ཕུན་ཚོགས་གཉིས་ནི་འབྲས་བུ་ཕུན་ཚོགས་གཉིས་སུ་བསྡུ་བ་ཡིན་ནོ།།


༢༥༽སྒྲུབ་བྱེད་བསམ་པ་ཕུན་ཚོགས་ཀྱི་ངོ་བོ་དང་། དེ་བསྟན་པའི་རྩ་གཞུང་འདྲེན་ནས་འགྲེལ་བཤད་གནང་དགོས ? 


ལན་ནི། སྒྲུབ་བྱེད་བསམ་པ་ཕུན་ཚོགས་ཀྱི་ངོ་བོ་ནི། ཐུགས་རྗེ་ཆེན་པོའམ་སྙིང་རྗེ་ཆེན་པོ་ཡིན་ལ།  དེ་བསྟན་པའི་རྩ་གཞུང་ནི། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་གསུངས་ལྟར། དེའང་ཐུགས་རྗེ་ཆེན་པོ་དེ་ཚད་མའི་སྐྱེས་བུ་དེ་སྒྲུབ་པར་བྱེད་པ་ལ། དང་པོར་སྔོན་དུ་སོང་དགོས་ཏེ། དང་པོར་འགྲོ་བ་མཐའ་དག་སྡུག་བསྔལ་ལས་གྲོལ་བར་འདོད་པའི་སྙིང་རྗེ་བསྐྱེད་ནས། དེའི་རྗེས་སུ་སྡུག་བསྔལ་ཞི་བའི་ཐབས་ལ་གོམས་པར་བྱས་པ་ལས་སྟོན་པར་འགྱུར་དགོས་པའི་ཕྱིར་རོ་ཞེས་བསྟན་ནོ།།


༢༦༽རྒོལ་བ་སུས་བསམ་པ་ཕུན་ཚོགས་གོམས་མི་སྲིད་པ་ཇི་ལྟར་གླེང་འདུག་གླེང་བ་ལྟར་གྱི་རྩོད་པ་སྤོང་ཚུལ་སྙིང་བསྡུས་ཤིག་བྲིས ?

 

ལན་ནི། རྒོལ་གང་གིས་ན།  མུ་སྟེགས་རྒྱང་འཕེན་པས་སོ། །དེ་དག་གིས་སྙིང་རྗེ་སྐྱེ་བ་དུ་མར་གོམས་པས་གྲུབ་པ་མེད་དེ། སྐྱེ་བ་སྔ་ཕྱི་དུ་མ་མེད་པའི་ཕྱིར། དེར་ཐལ། ཡིད་བློ་རྟོག་པ་ནི་ལུས་ལ་བརྟེན་པས། ལུས་ཞིག་པ་ན། དེ་ཡང་འཇིག་པའི་ཕྱིར། ཞེས་གླེང་བ་ལ། གླེང་བ་ལྟར་གྱི་རྩོད་སྤོང་མཛད་ཚུལ་ཡང་། ཐ་མལ་པ་སྐྱེས་མ་ཐག་གི་དབུགས་འབྱུང་རྔུབ་དང༌། དབང་པོ་དྭངས་བ་དང་། བློའི་ཁྱད་པར་གཡེར་བག་ལ་སོགས་པ་རྣམས་ཆོས་ཅན། སྐྱེ་བ་ཡོངས་སུ་ལེན་པ་ན། རང་གི་རིགས་འདྲ་སྔ་མ་ལ་བལྟོས་པ་ཡིན་ཏེ། གལ་ཏེ་རིགས་འདྲ་སྔ་མ་ལ་མ་བལྟོས་པར་ལུས་འབའ་ཞིག་ལས་སྐྱེས་ན་ཧ་ཅང་ཐལ་བའི་ཕྱིར་ཏེ། རིགས་འདྲ་སྔ་མ་སྔོན་དུ་མ་སོང་ཡང་འབྱུང་བ་ཙམ་ལས་སྐྱེ་ན་འབྱུང་བ་ཐམས་ཅད་སྲོག་ཆགས་སུ་འགྱུར་བ་ཐལ་ལོ་ཞེས་རྩོད་པ་སྤོང་ཚུལ་བསྡུས་ཙམ་ལགས་སོ།།


 ༢༧༽ ལུས་འདི་དུས་མི་མཉམ་པའི་ཡིད་བློ་ཡི་རྟེན་དུ་མི་རུང་བ་རྗེས་སུ་འགྲོ་ལྡོག་མེད་པས་ཡིན་ན་དེ་དག་མེད་ཚུལ་ཁ་གསལ་བྲིས ? 


ལན་ནི། ལུས་འདི་དུས་མི་མཉམ་པའི་ཡིད་བློའི་རྟེན་དུ་རུང་བ་ལ་རྗེས་སུ་འགྲོ་བ་མེད་ཚུལ་ནི།  ཡིད་བློ་རྟོག་པ་འདི་ཆོས་ཅན། མིག་ལ་སོགས་པའི་དབང་པོ་རྣམས་ཁྱོད་ཀྱི་རྟེན་བྱེད་པར་ཅན་མ་ཡིན་ཏེ། དེ་རྣམས་རེ་རེ་ལ་རབ་རིབ་སོགས་ཀྱི་གནོད་པ་ཡོད་ན་ཡང་ཁྱོད་ལ་གནོད་པ་མེད་པའི་ཕྱིར། རྗེས་སུ་ལྡོག་པ་ཡང་མེད་དེ་།  གཟུགས་མེད་ཁམས་སུ་ལུས་མེད་ཀྱང་སེམས་ཡོད་པ་འདོད་པའི་ཕྱིར་རོ།།


༢༨༽ བཅོམ་ལྡན་འདས་ཀྱིས་ཆོས་མངོན་པར་ལུས་དང་སེམས་ནི་ཕན་ཚུན་རྗེས་སུ་བྱེད་པ་ཅན་ནོ་ཞེས་གདུང་ཁྱིམ་བཞིན་དུ་བརྟེན་པར་གསུངས་པའི་ལུང་འགལ་སྤོང་ཐངས་བྲིས ? 


ལན་ནི། ཡིད་ལུས་ལ་བརྟེན་པར་བཤད་པའི་ལུང་འདི་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ལུང་འདི་ལུས་དེ་ཡི་རྣམ་པར་ཤེས་པས་ཡིད་ལ་ཕན་འདོགས་པ་ལ་དགོངས་ནས་གསུངས་པ་ཡིན་གྱི།རྟེན་ཁྱད་པར་ཅན་ལ་དགོངས་པ་མིན་པའི་ཕྱིར་རོ་ཞེས་སྤངས་ཏེ། རྩ་བ། དེ་ཡི་ཤེས་པས་ཕན་འདོགས་ཕྱིར།། ཡིད་ནི་ལུས་ལ་བརྟེན་པར་བཤད།།  ཅེས་གསུངས་པས་སོ།།


༢༩༽བྱེ་བྲག་ཏུ་ལུས་སྐད་ཅིག་མ་མིན་པའི་རྟག་པའི་རང་བཞིན་ལས་བློ་སྐྱེ་བ་དགག་སྟངས་ངོས་འཛིན་དགོས? 


ལན་ནི། འདི་དགག་སྟངས་ནི། ལུས་ཆོས་ཅན། ཁྱོད་ལས་ཡིད་བློ་རིམ་ཅན་དུ་མི་འབྱུང་བ་ཐལ། ཁྱོད་རིམ་ཅན་མིན་པའི་རྟག་པ་ཡིན་པའི་ཕྱིར། རྐྱེན་ལ་བལྟོས་ནས་རིམ་ཅན་དུ་བསྐྱེད་པའང་མེད་དེ། རྐྱེན་གྱིས་ཁྱད་པར་དུ་བྱས་པ་ཅན་མིན་པའི་ཕྱིར་རོ།།


༣༠༽ ཐ་མའི་སེམས་ནི་སེམས་གཞན་དང་། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །ཅེས་པའི་ལུང་དོན་བྲིས།

ལན། ལུང་འདིའི་དོན་ནི། འཆི་སེམས་སྐད་ཅིག་ཐ་མའི་སེམས་ནི་འཇིག་རྟེན་ཕ་རོལ་གྱི་སེམས་གཞན་དང་མཚམས་སྦྱོར་བ་ལ་འགལ་བ་ཅི་ཡོད་དེ། དེ་གཉིས་ལྷན་ཅིག་མི་གནས་པ་དང་ཕན་ཚུན་སྤངས་འགལ་གྱི་རྣམ་པར་གྱུར་པ་མེད་པས་ན་ཅིའི་ཕྱིར་མཚམས་མི་སྦྱོར་ཏེ་སྦྱོར་བར་འགྱུར་རོ་ཞེས་པའི་དོན་ཡིན་ནོ།།


༣༡༽ཐ་མལ་པ་འཆི་ཁའི་བློ་ཆོས་ཅན།  རང་འབྲས་རིག་པ་ཕྱི་མ་མཚམས་མི་སྦྱོར་ཏེ།  འཆི་སེམས་ཡིན་པའི་ཕྱིར།  དགྲ་བཅོམ་པར་འདོད་པའི་འཆི་སེམས་བཞིན་ཞེས་པ་དེ་རྒོལ་བ་སུས་འཕེན། དེའི་རང་ལན་གཞུང་དུ་ཇི་ལྟར་གསུངས་འདུག ?

 

ལན་ནི། སྐབས་འདིར་རྒོལ་བ་རྒྱང་འཕེན་པས་འཕེན་པ་དང་། དེའི་རང་ལན་ནི་གཞུང་དུ། །དེ་ལ་དཔེ་བཀོད་པ་དོན་མེད་དེ། དགྲ་བཅོམ་པ་འདའ་ཁའི་སེམས་གང་ཡིན་པ་དེ་ཡང་རྒྱུ་མཚན་གང་ལས་མཚམས་སྦྱོར་བ་མེད་པར་འདོད་པ་ཡིན། སངས་རྒྱས་པས་བཤད་པའི་སྲེད་པ་སྤངས་པ་སོགས་ཀྱི་རྒྱུ་མཚན་དེ་ནི་ཁྱོད་ཀྱིས་མི་འདོད་དེ། ཁྱོད་འཇིག་རྟེན་ན་དགྲ་བཅོམ་པ་མེད་ཅེས་འདོད་པ་ཡིན་པས་སོ། །འོན་ཀྱང་ཁྱེད་རང་གིས་ཁས་བླངས་པས་སོ་ཞེ་ན།  ཁྱོད་རང་གིས་ཚད་མས་མ་གྲུབ་པའི་དོན་ཅན་གྱི་གཞན་པ་དག་གི་གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། དེ་ཙམ་གྱིས་ནི་འཇིག་རྟེན་ཕ་རོལ་མེད་པར་སྒྲུབ་མི་ནུས་སོ་ཞེས་གསུངས་སོ། །   


༣༢༽སྐྱེ་བ་ཕྱི་མ་རིགས་པ་གཞུང་དུ་གསུངས་པ་དང་རང་གི་མྱོང་ཚོད་བཅས་ཅི་ནུས་ནུས་བྲིས ?

 

ལན་ནི། གཞུང་དུ་གསུངས་པའི་རིགས་པ་ལ། ཉེར་ལེན་སྔོན་སོང་གིས་སྒྲུབ་པ་ནི། རྩ་བར། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་པ་ལྟར། ནས་ཀྱི་མྱུ་གུའི་ཉེར་ལེན་ལ་ནས་ཀྱི་ས་བོན་ཞིག་ངེས་བར་དགོས་པ་ལྟར་རྣམ་ཤེས་ཀྱི་ཉེར་ལེན་ལ་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ངེས་བར་དགོས་པས་ཚེ་འདིའི་ཐོག་མའི་རྣམ་ཤེས་ཀྱི་ཉེར་ལེན་ལའང་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ཡོད་དགོས། དེ་ཡོད་ན་སྐྱེ་བ་སྔ་མ་ཡོད་དགོས་པའི་རྒྱུ་མཚན་སྔར་ལྟར་རོ། །

གོམས་ལས་གསལ་བའི་རྟགས་ཀྱིས་སྒྲུབ་པ་ནི། རྣམ་འགྲེལ་ལས། གོམས་ལས་འདོད་ཆགས་སོགས་གསལ་བར། །མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ། །རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ། །ཞེས་པ་ལྟར་རང་རྒྱུད་ལ་ཡོད་པའི་ཆགས་སྡང་སོགས་གོམས་པའི་རྗེས་སུ་འབྲངས་བར་མྱོང་བས་གྲུབ་པ་དཔེར་བྱས་ནས། བློ་ཐམས་ཅད་གོམས་པའི་རྗེས་སུ་བྱེད་པར་གསུངས་སོ།  །སྦྱོར་ངག་ཏུ་བཀོད་ན། སྐྱེས་མ་ཐག་པའི་སྐྱེས་བུ་ཆོས་ཅན། ཆགས་སོགས་གོམས་པ་སྔོན་དུ་སོང་སྟེ། རང་རྒྱུད་ལ་ཆགས་སོགས་གསལ་བར་སྐྱེ་བའི་ཕྱིར། ཁྱབ་སྟེ། ཚེ་འདིར་ཆགས་སོགས་གོམས་པ་ཉིད་ལས་ཕྱིས་འདོད་ཆགས་ལ་སོགས་པ་གསལ་བར་མཐོང་བའི་ཕྱིར་རོ། །

རིགས་མཐུན་རྒྱུ་རུ་སྒྲུབ་པ་ནི། ཆགས་སོགས་སྔ་མ་ལས་ཆོས་ཅན། ཆགས་སོགས་ཕྱི་མ་སྐྱེ་བ་ཡིན་ཏེ། ལུས་ལ་ལྟོས་པ་མེད་པར་ཤེས་པ་སྔ་མ་འགའ་ཞིག་ཕྱི་མ་འགའ་ཞིག་གི་བག་ཆགས་སད་པའི་རྒྱུར་འགྱུར་བ་དེའི་ཕྱིར་རོ། ། 


རང་གི་མྱོང་ཚོད་དམ་ཐོས་བསམ་སྔོན་སོང་གི་སྟོབས་ཀྱིས་སྒྲུབ་པ་ནི། སྐྱེས་རབས་ལས། བསམ་གཏན་གོམས་བྱས་དྲན་པ་གསལ་བ་ཡིས། །ཚེ་རབས་སྔ་མ་དྲན་པའང་དེ་ན་ཡོད། །འཇིག་རྟེན་ཕ་རོལ་དེ་ལས་རྗེས་སུ་དཔོག །ཞེས་པ་ལྟར་ཇི་སྐད་བཤད་པའི་རིགས་པ་རྣམས་ཀྱིས་ཚེ་སྔ་མ་ཡོད་པར་གྲུབ་ཅིང་དེ་གྲུབ་པ་ན་ཚེ་ཕྱི་མ་ཡོད་པར་ཡང་དོན་གྱིས་གྲུབ་སྟེ། ཚེ་སྔ་མ་ནས་འདིར་འོངས་ཤིང་འདི་ནས་ཕྱི་མར་མི་འགྲོ་བའི་རྒྱུ་མཚན་བཤད་དུ་མེད་པའི་གནད་ཀྱིས་སོ། །བཙས་མ་ཐག་པའི་བྱིས་པས་ནུ་ཞོ་འཐུང་ཤེས་པ་སོགས་ཚེ་འདིར་གསར་དུ་བསླབ་མི་དགོས་པར་རང་གི་ངང་གིས་ཤེས་པའི་རིགས་མཐའ་དག་ཚེ་རབས་སྔ་མའི་གོམས་ཤུགས་སུ་ཤེས་བར་བྱ་བ་གསུངས་སྟེ། སློབ་དཔོན་དཔའ་བོས། བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར། །ཁ་ཟས་ཟ་བར་རྩོམ་པར་བྱེད་པ་དང་། །ནུ་ཞོ་འཐུང་བར་རྩོལ་བར་བྱེད་པ་ཡང་། །དེ་དག་ཚེ་རབས་གཞན་ལ་གོམས་པའི་མཐུས། །ཞེས་གསུངས་སོ། །


༣༣༽དབང་པོ་དང་བཅས་པའི་ལུས་ཡིད་བློའི་རྒྱུ་ཡིན་པ་འདོད་པར་བརྟག་པ་དུ་ཡིས་ཚུལ་ཇི་ལྟར་བཀག་ཡོད ? 


ལན་ནི།  དབང་པོ་དང་བཅས་པའི་ལུས་ཡིད་བློའི་རྒྱུ་ཡིན་ན་དབང་པོ་རེ་རེ་བ་རྒྱུ་ཡིན་ནམ་དབང་པོ་ཀུན་ཚོགས་པ་རྒྱུ་ཡིན་ཞེས་བརྟག་པ་གཉིས་ཀྱི་ཚུལ་གྱིས་བཀག་པ་མཛད་དེ་།  དེའང་དང་པོ་ལྟར་ན། མིག་ཁོ་ན་ཡིད་བློའི་རྒྱུ་ཡིན་ན་དེའི་ཤེས་པ་བཞིན་དུ་ཡིད་ཀྱང་གཟུགས་ཁོ་ན་གསལ་བར་མཐོང་དགོས་ལ་དེ་ནི་མ་ངེས་ཏེ། ཡུལ་ཐམས་ཅད་རྟོགས་ནུས་པ་ཡིན་པ་དང་མིག་དབང་མེད་ཀྱང་གཟུགས་ལ་རྟོག་པའི་ཡིད་བློ་ཡོད་པའི་ཕྱིར་ཞེས་དང། དེ་བཞིན་རྣ་བ་སོགས་ལྷག་མ་ཀུན་ལའང་སྦྱར་རོ།། གལ་ཏེ་དབང་པོ་ཀུན་ཚོགས་པ་ལས་ཡིད་བློ་སྐྱེད་དོ་ཞེ་ན། དབང་པོ་ཀུན་ཚོགས་པ་ལས་ཀྱང་ཡིད་བློ་གཅིག་མི་སྐྱེད་དེ། དེ་དག་སོ་སོའི་ཤེས་པ་སྐྱེད་པ་ལ་ནུས་པ་ཐ་དད་ཡོད་པའི་ཕྱིར་རོ། །དཔེར་ན། མིག་གིས་གཟུགས་འཛིན་ཤེས་པ་སྐྱེད་བ་ལ་སྒྲ་འཛིན་ཤེས་པ་སྐྱེད་པའི་ནུས་པ་མེད་པ་བཞིན་ནོ། །ཡོད་ན་ཧ་ཅང་ཐལ་བར་གྱུར་རོ། ། 


༣༤༽དབང་པོ་མེད་པའི་ལུས་ལས་ཡིད་བློ་སྐྱེ་བ་འགོག་ཚུལ་བྲིས ?

 

ལན་ནི། གལ་ཏེ་དབང་པོ་མེད་པའི་ལུས་ལས་ཡིད་བློ་སྐྱེའོ་ཞེ་ན། དབང་པོ་མེད་པ་སྐྲ་སེན་ལ་སོགས་པ་གཞན་ལས་ཀྱང་ཡིད་བློ་སྐྱེ་བ་མེད་དེ་། ཡིད་བློ་ནི་སེམས་ཡིན་ལ། དེ་དེ་དག་ལ་མེད་པའི་ཕྱིར་དང་། དེ་དེ་ལ་ཡོད་པའི་སྒྲུབ་བྱེད་ཀྱང་མི་སྲིད་པའི་ཕྱིར་རོ་ཞེས་དང་། སྒྲུབ་བྱེད་མེད་ཀྱང་ཡོད་པར་ཁས་ལེན་ནོ་ཞེ་ན། འོ་ན་རྒྱང་འཕེན་པ་རང་གི་ཁོང་པ་ནང་ན་ཡང་ངན་སོང་དང་འཇིག་རྟེན་ཕ་རོལ་ནས་འཕོས་པའི་སྐྱེས་བུ་དང་དགྲ་བཅོམ་པ་ཡང་ཡོད་པར་ཁས་ལོངས་ཤིག  ཅེས་འགོག་གོ།



༣༥༽རྒྱུ་ལུས་ལྡོག་པས་སེམས་ལྡོག་པར་སྨྲ་བའི་ལུགས་མི་འཐད་པའི་རྒྱུ་མཚན་གང་ཡིན་དང་། ཕ་རོལ་པོས་ཤི་བའི་འོག་ཏུ་ལུས་ལས་སེམས་མི་འབྱུང་བ་ནི་དབུགས་མ་ཚང་བས་ཡིན་ཞེ་ན་གནོད་བྱེད་ཅི་ཡོད་?

 

ལན་ནི། རྒྱུ་ལུས་ལྡོག་པས་སེམས་ལྡོག་པར་སྨྲ་བའི་ལུགས་མི་འཐད་པའི་རྒྱུ་མཚན་ནི། རྒྱུ་ལུས་གནས་པ་ཉིད་ན་ཆོས་ཅན། སེམས་ལ་ལྡོག་པ་མེད་པར་ཐལ། རྒྱུ་ལུས་ཚང་བའི་ཕྱིར། འདོད་ན། འོ་ན་ཤི་བ་དང་བརྒྱལ་བ་སོགས་ཇི་སྲིད་ལུས་ཡོད་པ་དེ་སྲིད་དུ་སེམས་ཡོད་པར་ཐལ་ལོ། །ཞེས་དང་། ཕ་རོལ་པོས་ཤི་བའི་འོག་ཏུ་ལུས་ལས་སེམས་མི་འབྱུང་བ་ནི་དབུགས་མ་ཚང་བས་ཡིན་ཞེ་ན། ཡིད་བློ་དེ་ཡོད་ན་དབུགས་འབྱུང་རྔུབ་དེ་ཡོད་ལ། དབུགས་དེ་ཡང་རིང་ཐུང་འདྲེན་པ་སོགས་ཡིད་དེའི་དབང་དུ་གྱུར་པའི་ཕྱིར་ཡིད་བློ་དེ་ལས་དབུགས་འབྱུང་རྔུབ་འབྱུང་གི་དབུགས་ལས་ཡིད་བློ་འབྱུང་བ་མ་ཡིན་ཏེ། གང་ལ་རག་ལས་པའི་རྒྱུ་དེ་ཉིད་ཀྱི་འབྲས་བུ་དབང་དུ་འགྱུར་གྱི་འབྲས་བུས་རྒྱུ་ལ་སླར་ཡང་དབང་བྱེད་པ་མི་སྲིད་པའི་ཕྱིར་རོ། །ཞེས་སོ། །


༣༦༽གལ་ཏེ་སྡོང་བུ་ལ་སོགས་བཞིན། །ཉེས་པས་མི་མཐུན་ལུས་རྒྱུ་མིན། །ཞེས་སྡོང་བུ་རླན་གྱིས་གེགག་བྱས་པ་དང་ཏིལ་མར་གྱིས་བྱུག་པའི་ས་བོན་བཞིན་རླུང་སོགས་ཀྱིས་མི་མཐུན་པར་བྱས་པས་ཤི་ལུས་ནི་སེམས་ཀྱི་རྒྱུར་མི་རུང་ཞེས་པ་སུན་བྱིན་གང་གི་ཕྱོགས་སྔ་ཡིན ?

 

ལན་ནི། མུ་སྟེགས་རྒྱང་འཕེན་པའི་ཕྱོགས་སྔ་མིན་ནམ་སྙམ། ཡང་ན། ཤི་བའི་ལུས་ལ་ཆོས་ཅན། སླར་ཡང་སེམས་འཚོ་བར་འགྱུར་བར་ཐལ། རྒྱུ་ལུས་ཚང་བའི་ཕྱིར། ཞེས་གསུངས་པའི་སུན་བྱིན་དེའི་ཕྱོགས་སྔ་ཡིན་ནོ། །


༣༧༽བྱེ་བྲག་ཏུ་ལུས་རྟག་པ་ཡིན་པ་འགོག་པའི་གནོད་བྱེད་དང་དེ་མཚོན་པའི་དཔེའི་གསལ་ཁ་གྱིས ?

 

ལན་ནི། བློའི་ཉེར་ལེན་གྱི་རྒྱུར་འདོད་པའི་ལུས་དེ་ཡང་སྐད་ཅིག་མ་མིན་པར་རྟག་པར་འདོད་ན་དེ་ལས་ཉེར་ལེན་ཅན་ནམ་འབྲས་བུ་སེམས་ནམ་ཡང་མི་སྐྱེ་སྟེ་ཉེར་ལེན་གྱི་རྒྱུ་མི་འགྱུར་བས་སོ། །དཔེར་ན། འཇིམ་པ་དེ་ཉིད་འཇིམ་པའི་རང་བཞིན་ལས་འགྱུར་བ་མེད་པར་གནས་བཞིན་དུ་བུམ་སོགས་སུ་རྣམ་པར་འགྱུར་བ་མི་སྲིད་པ་བཞིན་ནོ། །



༣༨༽ཁ་ཅིག་བཅུད་ལེན་སོགས་ཀྱིས་ལུས་རྒྱས་པ་ལས་ཤེས་རབ་སོགས་བློ་ཡང་ཁྱད་པར་དུ་འགྱུར་བས་ལུས་ལས་བློ་འབྱུང་བ་ཡང་མཐོང་ངོ་ཞེ་ན་གནོད་བྱེད་ཇི་ལྟར་ཡོད།

ལན་ནི། དེ་འགོག་ཚུལ་ཡང་། ཤེས་རབ་སོགས་བློ་ཁྱད་པར་དུ་འགྱུར་བ་ནི་ལུས་ཀྱི་ཁམས་སྙོམས་པར་བྱས་པ་གཟུང་དོན་དུ་བྱས་ནས་ལུས་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་བདེ་སྡུག་སོགས་ལས་སྐྱེ་བ་ཡིན་གྱི་སེམས་ལས་ཐ་དད་པའི་ལུས་གང་གིས་ཀྱང་དངོས་སུ་ཕན་འདོགས་པ་མེད་པའི་ཕྱིར་རོ་ཞེས་འགག་པ་མཛད་དོ། །


༣༩༽ རྒྱང་འཕེན་པས་ཚེ་འདིའི་ལུས་ལས་བློ་གསར་དུ་སྐྱེ་ཚུལ་ཞིག་དང་དེར་སྒྲུབ་བྱེད་མེད་ཚུལ་སྙིང་བསྡུས་ཤིག་བྲིས?


ལན་ནི། བློ་ནི་ལུས་ལ་བརྟེན་སྟེ་ཇི་ལྟར་ན་སྒྲོན་མེ་དང་འོད་ལྟར་ལུས་ཀྱི་འབྲས་བུའམ་ ཆང་དང་སྨྱོས་པ་ལྟར་ཡོན་ཏན་ནམ་རྩིག་པ་དང་རི་མོ་ལྟར་རང་བཞིན་གྱི་ཚུལ་གྱིས་བརྟེན་པའི་ཕྱིར་ ལུས་ཞིག་པ་ན་ བློ་རྒྱུན་ཆད་པས་བློའི་ཆོས་སྙིང་རྗེ་སོཊ་སྐྱེ་བ་དུ་མར་གོམས་པས་མཐར་ཕྱིན་པར་གྲུབ་པ་མེད་ཅེས་འདོད་དོ།། དེར་སྒྲུབ་བྱེད་མེད་ཚུལ་ལ་ གཉིས་ལས་དང་པོ་དུས་མི་མཉམ་པའི་རྟེན་འདོད་པ་ལ་སྒྲུབ་བྱེད་མེད་ཚུལ་ནི་ སེམས་ཅན་རྣམས་སྐྱེ་གནས་སུ་སྐྱེ་བ་ལེན་པ་ན་དབུགས་འབྱུང་རྔུབ་དང་མིག་སོགས་དབང་པོ་དང་བློ་རྣམ་ཤེས་དག་ནི་རང་གི་རིགས་འདྲ་སྔ་མ་ལ་ལྟོས་མེད་ཅན་དུ་ལུས་ཉིད་འབའ་ཞིག་ལས་སྐྱེ་བ་མེན་ཏེ་ གལ་ཏེ་སྐྱེ་ན་ཧ་ཅང་ཐལ་བའི་ཕྱིར་ཏེ་ དཔེར་ན་ རིགས་འདྲ་སྔ་མ་སྔོན་དུ་མ་སོང་ཡང་འབྱུང་བ་ཙམ་ལས་བློ་ཉིད་སྐྱེ་ན་འབྱུང་བ་ཐམས་ཅད་སྲོག་ཆགས་སུ་ཐལ་བར་འགྱུར་བའི་ཕྱིར་དང་།  གཉིས་པ་དུས་མཉམ་པའི་རྟེན་འདོད་པ་ལ་སྒྲུབ་བྱེད་མེད་ཚུལ་ནི་ ལུས་སེམས་དུས་མཉམ་པར་ལུས་ལ་སེམས་གནས་པའོ་ཞེ་ན།དུས་མཉམ་པར་གནས་པ་ཞེས་པ་འདི་ཅི་ཞིག དུས་དེར་ཕན་ཚུན་ཕན་མ་བཏགས་བཞིན་བུམ་སྣམ་ཚོགས་པ་ཙམ་ལྟ་བུ་ཡིན་ན་ནི་རྟེན་བརྟེན་པར་ཡང་མི་རུང་ལ། ཕན་བཏགས་ཏེ་ རྟེན་གྱིས་བརྟེན་པ་གནས་པར་བྱེད་དོ་སྙམ་ན། གནས་པར་བྱ་བའི་རྟེན་དེ་རང་གི་ངོ་བོ་རྫས་སུ་ཡོད་པ་ཞིག་གིས་རྟེན་བྱེད་པ་ཡིན་ནམ། མེད་པ་ཞིག་གིས་རྟེན་བྱེད་པ་ཡིན། ཡོད་པ་རང་གྲུབ་ཟིན་ལ་རྟེན་ཅི་ཡང་མི་དགོས་ལ་ མེད་པ་ལ་བརྟེན་པར་བྱར་མེད་པས་ན་ཡོད་མེད་གང་ཡིན་ཡང་དེ་དག་ལ་རྟེན་དུ་གྱུར་པ་མེད་པའི་ཕྱིར་དུས་མཉམ་པར་ཕན་མི་འདོགས་པས་བརྟེན་པ་ཡོད་པ་མ་ཡིན་ནོ།། གལ་ཏེ་མེད་པ་ལ་བརྟེན་པ་མི་འཐད་ཀྱང་གྲུབ་ཟིན་ཡོད་པའི་གནས་རྒྱུ་དེ་ནི་རྟེན་ཞེས་བྱ་བ་ཡིན་ནོ་ཞེ་ན། ཡོད་པ་འདི་ལ་རྟེན་གྱིས་གནས་པར་བྱེད་དགོས་པ་མེད་དེ། རྒྱུ་མཚན་ གནས་པ་ཞེས་བྱ་བ་གནས་པ་པོ་རང་ཉིད་གྲུབ་ཟིན་པ་དེ་ལས་གཞན་མིན་པ་སྟེ་ཐ་དད་དུ་མེད་པའི་ཕྱིར་རྟེན་གྱིས་གནས་པའི་ཁྱད་པར་གང་ཡང་མ་བྱས་སོ། ། ཞེས་བརྟག་པ་གཉིས་ཀྱི་སྒོ་ནས་སྒྲུབ་བྱེད་མེད་པར་བསྟན་ཏོ། །


༤༠༽ ལུས་དང་སེམས་དུས་མཉམ་པར་ལུས་ལ་སེམས་གནས་པ་ཡིན་ཞེ་ན་དེར་བརྟག་པ་དུ་ཡི་སྒོ་ནས་དགག་པ་མཛད་ཡོད།


ལན་ནི།  བརྟག་པ་གསུམ་གྱི་སྒོ་ནས་དགག་པ་མཛད་དེ། དང་པོ་ནི། ཡིད་བློ་ཆོས་ཅན། ལུས་དེ་ཁྱོད་ཀྱི་དུས་མཉམ་པའི་རྟེན་མ་ཡིན་ཏེ། དུས་མཉམ་པ་ལ་ཕུན་ཚུན་ཕན་བཏགས་ཡ་མེད་པའི་ཕྱིར། དཔེར་ན་བུམ་སྣམ་བཞིན་ནོ།། བརྟག་པ་གཉིས་པ་ནི། ཡིད་བློ་ཆོས་ཅན། ལུས་དེ་ཁྱོད་གྲུབ་ཟིན་དང་མ་ཟིན་གནས་པའི་རྟེན་དུ་མི་རུང་སྟེ། རང་གྲུབ་ཟིན་ལ་རྟེན་ཅི་ཡང་མི་དགོས་ལ་མ་གྲུབ་པ་ལ་བརྟེན་པར་བྱར་མི་རུང་བའི་ཕྱིར་རོ། །བརྟག་པ་གསུམ་པ་ནི། གལ་ཏེ་དཔེར་ན་ཆུ་དང་སྤྱི་ལ་སོགས་ཀྱི་དངོས་པོ་ཡོད་ཟིན་དེ་སྣོད་དང་རྫས་ལ་སོགས་པས་རྟེན་པ་བཞིན་རྟེན་བརྟེན་པ་མངོན་སུམ་མཐོང་བས་དེ་ཁེགས་མི་ནུས་པ་ཡིན་ནོ་ཞེ་ན། ཆུ་སོགས་ཀྱི་རྟེན་འདི་ལའང་གོང་གི་རིགས་པ་དེ་མཚུངས་པ་ཡིན་ཏེ། དུས་མཉམ་པའི་སྣོད་དེས་ཆུ་རང་ཉིད་ཡོད་པ་དང་མེད་པ་གང་ལའང་གནས་པའི་རྟེན་མི་བྱེད་པའི་ཕྱིར་རོ་ཞེས་དགག་པ་མཛད་དོ། །


༤༡༽ ཆོས་བརྗོད་པའི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་ཀྱི་ཁྱད་པར་དང་མཚན་གཞི་རེ་ངོས་འཛིན་གནང་?


ལན་ནི། དེ་གཉིས་ཀྱི་ཁྱད་པར་ནི། ཁྱད་གཞི་དེའི་ཁྱད་པར་གྱི་ཆོས་གཞན་རྣམས་སྤངས་ནས་ཁྱད་གཞི་དེའི་སྟེང་གི་ཁྱད་ཆོས་གང་ཡང་རུང་བ་ཞིག་བརྗོད་བྱར་བཟུང་བ་ནི་ཆོས་བརྗོད་པའི་སྒྲ་དང་། ཁྱད་གཞི་དེའི་ཁྱད་པར་གྱི་ཆོས་རྣམས་མ་སྤངས་པར་ཁྱད་གཞི་ཙམ་བརྗོད་བྱར་བཟུང་བ་ནི་ཆོས་བརྗོད་པའི་སྒྲ་ཡིན་ནོ། །དེ་དག་གི་མཚན་གཞི་ནི་རིམ་བཞིན། བུམ་པའི་མི་རྟག་པ་ཞེས་བརྗོད་པའི་སྒྲ་ལྟ་བུ་དང་པོ་དང་། བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུ་གཉིས་པའི་མཚན་གཞི་ཡིན་ནོ། །


༤༢༽ རྗོད་བྱེད་ཀྱི་སྒྲ་ཡིན་ན་ཆོས་ཆོས་ཅན་བརྗོད་པའི་སྒྲ་གཉིས་གང་རུང་གིས་ཁྱབ་མིན་རྒྱུ་མཚན་བཅས་ཁ་གསལ་བྲིས།


ལན་ནི། རྗོད་བྱེད་ཀྱི་སྒྲ་ཡིན་ན་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གང་རུང་ཡིན་པས་མ་ཁྱབ་པར་སེམས་ཏེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་ཡིན་ན་བརྗོད་བྱེད་དོན་མཐུན་ཡིན་དགོས་པ་ལས་རི་བོང་གི་རྭ་ཞེས་བརྗོད་པའི་སྒྲ་ལྟ་བུ་ལ་བརྗོད་བྱ་དོན་མཐུན་གྱི་སྒྲ་མ་ཡིན་པའི་པའི་ཕྱིར་རོ། ། 


༤༣༽ འཇིག་རྟེན་སྐྱེ་བ་སྔ་མ་སྒྲུབ་པའི་རིགས་པ་གཞུང་ནས་གསུངས་པ་དང་རང་གིས་བསམ་ཚོར་རེ་བཀོད་ནས་ཅི་ནུས་བྲིས།


ལན་ནི། གཞུང་ནས་གསུངས་པའི་སྐྱེ་བ་སྔ་མ་སྒྲུབ་པའི་རིགས་པ་ནི།  རྩ་བར། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་པ་ལྟར། ནས་ཀྱི་མྱུ་གུའི་ཉེར་ལེན་ལ་ནས་ཀྱི་ས་བོན་ཞིག་ངེས་བར་དགོས་པ་ལྟར་རྣམ་ཤེས་ཀྱི་ཉེར་ལེན་ལ་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ངེས་བར་དགོས་པས་ཚེ་འདིའི་ཐོག་མའི་རྣམ་ཤེས་ཀྱི་ཉེར་ལེན་ལའང་རྣམ་ཤེས་ཀྱི་རྒྱུན་སྔ་མ་ཞིག་ཡོད་དགོས། དེ་ཡོད་ན་སྐྱེ་བ་སྔ་མ་ཡོད་པར་གྲུབ་པ་ཡིན་ནོ། །རང་གི་བསམ་ཚོར་སྦྱོར་ངག་ཏུ་བཀོད་ན། སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། དཔེར་ན། ད་ལྟའི་རིག་པ་བཞིན་ནོ། །ཞེས་སོ། །


༤༤༽ ཚོགས་ཚོགས་ཅན་བརྗོད་པའི་སྒྲ་གཉིས་ཀྱི་ཁྱད་པར་དང། ཚོགས་བརྗོད་ཀྱི་སྒྲས་ཚོགས་ཅན་བརྗོད་བྱར་སྤོང་མི་སྤོང་དང་། རིགས་བརྗོད་ཀྱི་སྒྲས་རིགས་ཅན་བརྗོད་བྱར་སྤོང་མི་སྤོང་གི་རབ་དབྱེ་བྲིས?


ལན་ནི། ཚོགས་དང་ཚོགས་ཅན་བརྗོད་པའི་སྒྲ་གཉིས་ཀྱི་ཁྱད་པར་ནི། རང་གི་ཆ་ཤས་དུ་མ་འདུས་པའི་ཚོགས་པའམ་བརྗོད་བྱ་རགས་པ་བརྗོད་པའི་སྒྲ་ལ་ཚོགས་བརྗོད་ཀྱི་སྒྲ་དང་། རང་གི་ཆ་ཤས་སམ་བརྗོད་བྱ་ཕྲ་མོ་བརྗོད་པའི་སྒྲ་ལ་ཚོགས་ཅན་བརྗོད་པའི་སྒྲ་ཞེས་བྱ་ལ། ཚོགས་བརྗོད་ཀྱི་སྒྲས་ཚོགས་ཅན་བརྗོད་བྱར་སྤོང་བ་ཡིན་ཏེ། དཔེར་ན། བུམ་པ་ཞེས་བརྗོད་པའི་སྒྲས་བུམ་པའི་གཟུགས་དྲི་ལ་སོགས་ཀྱིས་རང་འཛིན་ཤེས་པ་བསྐྱེད་པའི་ཐུན་མོང་མ་ཡིན་པའི་ནུས་པའི་ཁྱད་པར་བརྗོད་བྱར་མི་བྱེད་པའི་ཕྱིར་རོ།། རིགས་བརྗོད་ཀྱི་སྒྲས་རིགས་ཅན་བརྗོད་བྱར་མི་སྤོང་སྟེ། དཔེར་ན། བུམ་པ་ཞེས་བརྗོད་པའི་སྒྲས་རིགས་ཅན་གསེར་བུམ་ལའང་མིང་དེ་འཇུག་པས་གཞི་གཅིག་པར་རུང་བའི་སྒྲ་ཡིན་པའི་ཕྱིར་རོ།། 


༤༥༽ དུ་མ་དུ་མའི་རྒྱུར་མི་འཐད་དང་དུ་མ་གཅིག་གི་རྒྱུར་མི་འཐད་པའི་ཕྱོགས་སྔ་དང་དེའི་གནོད་བྱེད་གཉིས་རེ་རེ་བཞིན་ངོས་འཛིན?


ལན་ནི། དེ་སྐབས་ཀྱི་ཕྱོགས་སྔ་ནི།  མུ་སྟེགས་རྒྱང་འཕེན་པ་ཡིན་ལ། དེ་དག་གིས་དབུགས་འབྱིན་རྔུབ་གཅིག་ལ་ཡང་སྐད་ཅིག་གི་ཆ་དུ་མ་ཡོད་པས་སྐད་ཅིག་རེ་རེས་ཤེས་པ་རེ་རེ་སྐྱེད་དོ་ཞེས་ཟེར་བ་ལ། དབུགས་དེ་དག་ཆོས་ཅན། སྔ་ཕྱི་རིམ་ཅན་དུ་ཇི་ལྟར་འབྱུང་བར་མི་འཐད་པར་ཐལ། གོ་རིམ་དང་ལྡན་པར་བསྐྱེད་པའི་རྒྱུ་མེད་པའི་ཕྱིར་ཏེ། ལུས་རྟག་པ་ལས་སྐྱེས་པའི་ཕྱིར་རོ།། གལ་ཏེ་རང་གི་རིགས་སྔ་མའི་རྒྱུ་ལས་སྐྱེས་སོ་ཞེ་ན། དང་པོ་མངལ་དུ་སྐྱེས་མ་ཐག་དབུགས་མི་འབྱུང་བར་ཐལ། དེའི་ཚེ་དེའི་རྒྱུ་རིགས་འདྲ་སྔ་མ་དེ་ཡོད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། སྐྱེ་བ་སྔ་མ་མེད་པར་འགལ་ལོ།། ཞེས་དུ་མ་དུ་མའི་རྒྱུར་མ་འཐད་པའི་གནོད་བྱེད་དང་། གལ་ཏེ་དབུགས་དུ་མ་སེམས་གཅིག་གི་རྒྱུ་ཡིན་གྱི། དུ་མའི་རྒྱུ་མིན་ནོ་ཞེ་ན། དབུགས་ཀྱི་རྒྱུ་བ་ཞན་པ་དང་དབུགས་བསྡམས་པ་སོགས་ཀྱི་སྐབས་ན་ཆོས་ཅན། ཡིད་བློ་མི་འབྱུང་བར་འགྱུར་ཏེ། དབུགས་ཀྱི་ཆ་ཤས་གཅིག་མ་ཚང་བའི་ཕྱིར། དཔེར་ན། རླན་དང་བྲལ་བའི་ས་བོན་བཞིན་ནོ།  །ཞེས་དུ་མ་གཅིག་གི་རྒྱུར་མི་འཐད་པའི་གནོད་བྱེད་བསྟན་ནོ། །



༤༦༽ གཞན་ཀྱིས་རྣམ་ཤེས་རིགས་འདྲ་ལས་སྐྱེ་བར་འདོད་པ་ཁྱོད་རང་ལ་ཡང་ཤེས་པ་ནི་སྣ་ཚོགས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཅིག་ཅར་མང་པོ་བྱུང་བའི་སྐྱོན་རང་ལའང་མཚུངས་ཞེ་ན་དེ་མི་མཚུངས་པའི་སྐྱོན་སྤོང་ཇི་ལྟར་བྱེད་དགོས་པ་ཡིན?


 ལན་ནི། དེ་མི་མཚུངས་པའི་སྐྱོན་སྤོང་ནི། ཡིད་ཀྱི་རྣམ་ཤེས་སྔ་མ་གཅིག་ནི་ཆོས་ཅན། ཕྱི་མ་གཅིག་ཁོ་ནའི་རྒྱུ་ཡིན་ཏེ། དེ་སྐྱེད་པའི་ནུས་པ་སོ་སོར་ངེས་པའི་ཕྱིར། རྟགས་གྲུབ་སྟེ། ཡིད་ཀྱི་རྣམ་ཤེས་དོན་གཞན་གཟུགས་ལ་ཆགས་པས་དོན་གཞན་སྒྲ་ལ་ངེས་པ་འདྲེན་པའི་ནུས་པ་མེད་པས་དེ་མི་འཛིན་པའི་ཕྱིར་རོ།  །དེས་ན་ཡིད་རྟོག་ནི་རིམ་བཞིན་སྐྱེས་ལ། རྟོག་མེད་རྣམས་ནི་རྐྱེན་གསུམ་ཇི་ལྟར་རིགས་པར་ཚོགས་པའི་རིམ་པ་ལྟར་སྐྱེ་བ་ཡིན་ནོ། །ཞེས་སྤོང་ངོ་། ། 



༤༧༽ གོམས་པ་མཐའ་མེད་དུ་འགྱུར་མི་སྲིད་པ་དཔེ་གང་གིས་ཐོགས་ནས་ཚུལ་ཇི་ལྟར་རྩོད་ཡོད་པ་ཡིན་ནམ?


ལན་ནི།  རྩ་བར། གོམས་ལས་ཁྱད་པར་འགྱུར་ན་ཡང་། །མཆོངས་དང་ཆུ་ཡི་དྲོད་བཞིན་དུ། རང་བཞིན་ལས་འདས་མིན། །ཞེས་གསུངས་པ་ལྟར། དེ་ལྟར་སྐྱེ་བའི་རྒྱུན་གྲུབ་པ་ན་བརྩེ་སོགས་གོམས་པ་ལས་སྔར་བས་ཁྱད་པར་ཡོད་པ་འགྱུར་ན་ཡང་། མཐའ་མེད་དུ་འཕེལ་མི་སྲིད་དེ་ཇི་ལྟར་ན་མཆོངས་པ་ཇི་ལྟར་གོམས་ཀྱང་ཚད་མེད་དུ་མཆོངས་མི་སྲིད་པ་དང་། ཆུ་ཇི་ལྟར་བསྐོལ་ཀྱང་དེ་ཡི་དྲོད་མཐའ་མེད་དུ་འཕེལ་མི་སྲིད་པ་བཞིན་ནོ།། ཞེས་རྩོད་དོ།  །


༤༨༽ སྙིང་རྗེ་གོང་དུ་འགྱུར་བ་ཡོད་ཀྱང་དེ་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་བྱེད་དུ་མི་རུང་བའི་ལན་གཞུང་དང་མཐུན་པར་གནང་དགོས?


ལན་ནི།  བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་བ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པ་ལྟར། རྒྱུའི་གནས་སྐབས་ལ་གནས་པའི་བརྩེ་ལྡན་བྱང་ཆུབ་སེམས་དཔའ་ཆོས་ཅན། གཞན་གྱི་སྡུག་བསྔལ་གཞོམ་པའི་ཕྱིར་དུ་རང་ཉིད་སྡུག་བསྔལ་ཞི་བའི་ཐབས་ལམ་རྣམས་ལ་མངོན་པར་སྦྱོར་བ་མཛད་པ་ཡིན་ཏེ། གཞན་ལ་སྡུག་བསྔལ་ཞི་བའི་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པར་བཞེད་པའི་ཕྱིར་རོ། །ཁྱབ་སྟེ། ཐབས་བྱུང་སྡུག་བསྔལ་ཞི་བ་དང་། དེའི་རྒྱུ་ཐབས་དེ་མངོན་སུམ་དུ་མ་རྟོགས་པར་རང་ལ་ལྐོག་ཏུ་གྱུར་པ་དེ་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་པ་ནི་དཀའ་བ་ཡིན་པའི་ཕྱིར་ནའོ། །ཞེས་སོ། །


༤༩༽ སྒྲུབ་བྱེད་གཉིས་པ་སྦྱོར་བ་ཕུན་ཚོགས་བཤད་སྐབས་ཐབས་གོམས་པ་དེ་ཉིད་སྟོན་པར་བསྟན་ཚུལ་ཇི་ལྟར་ཡིན།


ལན་ནི། ཐབས་གོམས་པ་དེ་ཉིད་སྟོན་པར་བསྟན་ཚུལ་ནི། རྩ་བ་ལས། དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །ཅེས་གསུངས་པ་ལྟར། གཞན་ལ་བདེན་བཞི་ཕྱིན་ཅི་མ་ལོག་པར་སྟོན་པར་བཞེད་ནས་རྒྱུ་བསམ་པ་དང་སྦྱོར་བ་ཕུན་ཚོགས་གཉིས་ལན་གྲངས་དུ་མར་གོམས་པ་མཐར་ཕྱིན་པ་ན་ཕྱིན་ཅི་མ་ལོག་པར་དངོས་སུ་སྟོན་པའི་ཚད་མའི་སྐྱེ་བུ་འཁྲུངས་པས་སྟོན་པ་ཞེས་འབྲས་མིང་རྒྱུ་ལ་བཏགས་ནས་བསྟན་པ་ཡིན་ནོ། །


༥༠༽ སྒྲུབ་བྱེད་གསུམ་པ་རང་དོན་ཕུན་ཚོགས་བདེ་གཤེགས་ཀྱི་གོ་དོན་དང་། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས་ཞེས་པའི་སྐབས་ནས་བསྟན་པའི་ཡོན་ཏན་གསུམ་པོ་ངོས་ཟུངས?


ལན་ནི། རང་དོན་ཕུན་ཚོགས་བདེ་གཤེཊ་ཀྱི་གོ་དོན་ནི།   སྡུག་བསྔལ་ཀུན་གྱི་རྩ་བ་སྤོང་བྱེད་བདག་མེད་པ་དེ་རིགས་པས་ངེས་པ་ལྟར་མཐོང་ལམ་དུ་མཐོང་བའམ་སྒོམ་ལམ་དུ་མཐོང་ཟིན་སྒོམ་པར་བྱས་པའམ་སྦྱོར་བ་ལས་ལྷུན་གྱིས་གྲུབ་པར་ཐར་ཕྱིན་པ་ཡོན་ཏན་གསུམ་གྱི་ཁྱད་པར་མངའ་བ་ཞིག་ལ་བདེ་བར་གཤེགས་པ་ཞེས་བྱའོ། །དེ་སྐབས་ནས་བསྟན་པའི་ཡོན་ཏན་གསུམ་ནི།  ལེཊ་པར་གཤེགས་པ། སླར་མི་ལྡོག་པར་གཤེགས་པ།  མ་ལུས་པར་གཤེགས་པ་བཅས་སོ། །



༥༡༽ སུ་ག་ཏའི་སྒྲ་ལས་དྲངས་པའི་ཡོན་ཏན་གསུམ་ལས་ལེགས་པར་དང་སླར་མི་ལྡོག་པར་གཤེགས་ཚུལ་ཁ་གསལ་གནང་?


ལན་ནི། ལེཊ་པར་གཤེཊ་ཚུལ་ནི། སྡུག་བསྔལ་གྱི་རྟེན་མིན་པའི་ཕྱིར་དེ་སྤོང་བྱེད་བདག་མེད་རྟོགས་པའི་ཤེས་རབ་མཐོང་ལམ་དུ་མཐོང་། སྒོམ་ལམ་དུ་མཐོང་ཟིན་སྒོམ་པར་བྱས་ནས་ལེགས་པར་མཐར་ཕྱིན་པས་ན་ལེགས་པར་གཤེགས་པའོ།།  སླར་མི་ལྡོག་པར་གཤེགས་ཚུལ་ནི། བདག་ལྟའི་ས་བོན་མ་ལུས་པ་དྲུང་ནས་སྤངས་པས་་སྡུག་ཀུན་གྱི་ཉེས་པ་ཕྲ་མོ་ཡང་སླར་མི་སྐྱེ་བའི་ཆོས་ཅན་མཛད་པས་ན་སླར་མི་གཤེགས་པའོ། །


 

༥༢༽ མ་ལུས་པར་གཤེགས་པ་དེས་སྟོན་པ་དང་ཉན་རང་དགྲ་བཅོམ་པའི་ཁྱད་འབྱེད་ནུས་མིན་གང་། མི་ནུས་ན་དང་པོ་གཉིས་ཉན་རང་དགྲ་བཅོམ་པ་ལའང་ཚང་བས་ཚད་མའི་སྐྱེས་བུར་འགྱུར་བའི་དོགས་ལན་འདེབས?


ལན་ནི། མ་ལུས་པར་གཤེགས་པ་དེས་སྟོན་པ་དང་ཉན་རང་དགྲ་བཅོམ་པའི་ཁྱད་འབྱེད་ནུས་ཏེ། ཉན་རང་དགྲ་བཅོམ་པས་ལུས་ངག་ཡིད་གསུམ་གྱི་གནས་ངན་ལེན་ཏེ། མཆོངས་པ་དང་རྟ་གད་དུ་དགོད་པ་དང་སེམས་རྟག་ཏུ་མཉམ་པར་མ་བཞག་སོགས་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་དེ་དག་མ་སྤངས་པར་ལུས་པའི་ཕྱིར་དང་། བཅོམ་ལྡན་འདས་ནི་བདག་མེད་ལ་ཤིནྟུ་གོམས་པའི་སྟོབས་ཀྱིས་བདག་ལྟའི་བགས་ཆགས་ཕྲོ་མོའང་མ་ལུས་པར་སྤངས་པའི་ཕྱིར་རོ།།



༥༣༽ གཞན་གྱིས་མ་ལུས་པར་སྤངས་མི་སྲིད་པར་བརྟག་པ་གསུམ་ཇི་ལྟར་གནང་འདུག་པ་དང་དེར་ལན་གནང་ཚུལ་བྲིས?


ཞུ་ལན། བརྟག་པ་གསུམ་ཇི་ལྟར་གནང་འདུག་ཞེ་ན། ཆགས་སོགས་སྐྱོན་རྣམས་རྟག་པ་ཉིད་ཡིན་པའི་ཕྱིར་སྤོང་དུ་མེད་པ་ཞིག་ཏུ་འགྱུར་རམ་ཡང་དེ་དག་སྤོང་བའི་ཐབས་གཏན་མེད་པའི་ཕྱིར་མི་སྤོང་བ་ཡིན་ནམ། ཡང་ན་ཐབས་ནི་ཡོད་ཀྱང་མི་ཤེས་པའི་ཕྱིར་སྐྱེས་བུས་དེ་སྤོང་མི་ནུས་པའི་རྒྱུ་མཚན་ལས་ཡིན་ནམ་ཞེས་གནང་བ་འདུག་པ་དང།  དེར་ལན་གནང་ཚུལ་ཡང། དེ་གསུམ་གང་ཡང་མ་ཡིན་ཏེ་སྐྱོན་རྣམས་རེས་འགའ་འབྱུང་བ་རྒྱུ་ཡོད་པའི་ཕྱིར་རྟག་པ་མིན་པ་དང་། རྒྱུ་དེ་ཡི་ནི་གཉེན་པོ་གོམས་པས་ཟད་པར་སྲིད་པའི་ཕྱིར་ཐབས་མེད་པའང་མིན་པ་དང་། རྒྱུ་ཡི་རང་བཞིན་གང་མེད་ན་འདི་ཀུན་མི་འབྱུང་བ་དེ་ཡང་ཁོང་དུ་ཆུབ་ནུས་པས་ཉེས་པ་མ་ལུས་པ་སྤོང་བ་ཡོད་པ་ཡིན་ནོ། །



༥༤༽ སྒྲུབ་བྱེད་གཞན་དོན་ཕུན་ཚོགས་སྐྱོབ་པའི་གོ་དོན་དང་དེས་སྟོན་པ་ཚད་མར་ཇི་ལྟར་སྒྲུབ་ཚུལ་བྲིས།


ལན་ནི། སྒྲུབ་བྱེད་གཞན་དོན་ཕུན་ཚོགས་སྐྱོབ་པའི་གོ་དོན་ནི། གཞན་ལ་རང་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་ཕྱིར་སྔོན་སློབ་ལམ་རྩོམ་པ་ཀུན་ཀྱང་གཞན་སེམས་ཅན་གྱི་དོན་དུ་སྦྱོར་བ་མཛད་པའི་འབྲས་བུ་མཐར་ཐུག་པའི་ལག་རྗེས་ཡིན་པས་རང་ཉིད་ཀྱིས་གཟིགས་ཤིང་ཉམས་སུ་མྱོང་བའི་ལམ་ཕྱིན་ཅི་མ་ལོག་པར་གསུངས་པའི་སྒོ་ནས་གདུལ་བྱ་སྡུག་བསྔལ་ལས་སྐྱོབ་པ་མཛད་པ་གང་ཡིན་པའོ། །དེས་སྟོན་པ་ཚད་མ་སྒྲུབ་ཚུལ་ནི།  རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་ཐར་འདོད་རྣམས་ལ་ཚད་མའི་སྐྱེ་བུ་ཡིན་པར་གྲུབ་སྟེ་མི་སླུ་བའི་ཕྱིར་རོ། ། 



༥༥༽ གོང་བཤད་ལུགས་འབྱུང་གི་རིགས་པ་བཞི་པོ་རྟགས་ཆོས་དོན་གསུམ་ཚང་བར་གོ་བདེ་བ་རེ་བྲིས་གནང་དགོས?


ལན་ནི།  རིགས་པ་བཞི་ལས་དང་པོ་ནི།  སྟོན་པ་བཅོམ་ལྡན་འདས་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། ཁྱོད་ཚད་མའི་སྐྱེས་བུ་འགྱུར་རུང་བ་ཡིན་ཏེ། རྟག་ཏུ་འགྲོ་ལ་ཕན་པར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ།།  རིགས་པ་གཉིས་པ་ནི། དེ་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་སེམས་མཐོང་པ་ཆོས་ཅན། ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་འབྱུང་རུང་བ་ཡིན་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་མཐོང་ལམ་པ་ཡིན་པའི་ཕྱིར་རོ།། རིགས་པ་གསུམ་པ་ནི། དེ་དང་རྒྱུད་གཅིག་ཏུ་རྣམ་མཁྱེན་སྐད་ཅིག་དང་པོ་གནས་པའི་སངས་རྒྱས་འཕགས་པ་ཆོས་ཅན། རང་རྒྱད་ལ་སྐྱོབ་པ་ཞེས་པའི་སྐབས་ནས་བསྟན་པའི་གཞན་དོན་ཕུན་ཚོགས་འབྱུང་རུང་ཡིན་ཏེ། ཁྱད་པར་གསུམ་ལྡན་གྱི་སྤངས་པ་མཐར་ཐུག་བརྙེས་པའི་སྐྱེས་བུ་ཡིན་པའི་ཕྱིར་རོ།། རིགས་པ་བཞི་པ་ནི། བདག་ཅག་གི་སྟོན་པ་ཆོས་ཅན། གྲོལ་བ་དོན་གཉེར་གྱི་སྐྱེས་བུ་ལ་སྒྲོལ་བའི་ཐབས་མ་ནོར་བ་མ་ལུས་པར་མཁྱེན་པའི་ཀུན་མཁྱེན་ཡིན་ཏེ། སྡུག་བསྔལ་ལས་སྒྲོལ་བའི་ཐབས་རང་ཉིད་ཀྱིས་ཇི་ལྟར་གཟིགས་པ་ལྟར་གཞན་ལ་སྟོན་པའི་ནུས་པ་མཐར་ཕྱིན་པའི་སྐྱེས་བུ་ཡིན་པའི་ཕྱིར་རོ།། 



༥༦༽ སྒྲུབ་བྱེད་རིགས་པ་བཞི་པོ་རེ་རེས་སྟོན་པ་ཚད་མར་གྲུབ་ནུས་སམ་ཐམས་ཅད་ཀྱིས་ཡིན།  དང་པོ་ལྟར་ན་ཕན་བཞེད་དང་སྟོན་པ་ཡིན་པ་ཙམ་གྱིས་ཇི་ལྟར་གྲུབ།  གཉིས་པ་ལྟར་ན་སྒྲུབ་སྟངས་གོ་བདེ་ཞིག་རང་གིས་ཅི་ཤེས་བྲིས?


ལན་ནི། སྒྲུབ་བྱེད་རིགས་བཞི་པོ་ཐམས་ཅད་ཀྱིས་གྲུབ་པ་ཡིན་ཏེ། འདི་ལྟར་བསྒྲུབ་བྱའི་ལམ་དང་ཤེས་བྱེད་ཀྱི་རྟགས་གཉིས་ཀྱིས་ཏེ། བསམ་སོགས་ལུགས་བྱུང་ལམ་བཞིན་བཤད་པའི་སྒོ་ནས་དང་སྐྱོབ་སོགས་ལུགས་ལྡོག་ཤེས་བྱེད་བཤད་པའི་ཚུལ་གྱིས་གྲུབ་པ་ཡིན་ནོ། །



༥༧༽ སྒྲུབ་བྱེད་བཞི་པོ་གཅིག་གམ་ཐ་དད། གཅིག་ན་རྒྱུ་འབྲས་སུ་འགལ་ལ། ཐ་དད་ན་སྟོན་པ་བདེ་གཤེགས་མིན་པར་མི་འགྱུར་རམ?


ཞུ་ལན།  སྒྲུབ་བྱེད་བཞི་པོ་ཐ་དད་ཡིན་ནོ། འདི་ལྟར་ཡིན་ན་སྟོན་པ་བདེ་གཤེགས་མིན་པར་མི་འགྱུར་ཏེ། འདི་སྐབས་ཀྱི་སྟོན་པ་ནི་རྒྱུའི་སྐབས་ཀྱི་གཞན་ལ་ཆོས་སྟོན་འདོད་ཀྱི་བསམ་འདི་ཡིན་ལ། དེ་ལ་འབྲས་མིང་རྒྱུ་ལ་བཏགས་པ་ཡིན་ཞིང་། བདེ་གཤེགས་ནི་འབྲས་བའི་སྐབས་ཀྱི་ཡིན་པས་སྟོན་པ་བདེ་གཤེགས་སུ་མི་འགྱུར་རོ།།



༥༨༽  སྐྱོབ་སོགས་ལུགས་བཟློག་ཀྱི་ཤེས་བྱེད་རྣམས་ལུགས་བཟློག་གི་གོ་རིམ་ལྟར་མ་ནོར་བ་ངོས་ཟུངས?


ཞུ་ལན། སྐྱོབ་སོགས་ལུགས་བཟློག་ཀྱི་ཤེས་བྱེད་རྣམས་ལུགས་བཟློག་གི་གོ་རིམ་པ་ལྟར་མ་ནོར་བ་ནི། ༡   སྐྱོབ་པའི་རང་བཞིན་གང་ཡིན་བཤད། ༢ དེ་ལས་བདེ་གཤེགས་རྟོགས་པར་བསྟན། ༣ དེ་ལས་སྟོན་པ་རྟོགས་པར་བསྟན། ༤ དེ་ལས་བརྩེ་ལྡན་རྟོགས་པར་བསྟན་པའོ། །



༥༩༽  ལུགས་བཟློག་གི་སྒྲུབ་བྱེད་དང་པོ་སྐྱོབ་པ་དེ་དང་སྔར་གྱི་སྐྱོབ་པ་གཉིས་ཁྱད་ཡོད་མེད་ཇི་ལྟར་ཡིན?


ལན་ནི། ལུགས་བཟློག་གི་སྒྲུབ་བྱེད་དང་པོ་སྐྱོབ་པ་དེ་དང་སྔར་གྱི་སྐྱོབ་གཉིས་ལ་ཁྱད་པར་མེད་དེ། སྔར་གྱི་སྐྱོབ་པ་ནི་སངས་རྒྱས་ཀྱིས་ཇི་ལྟར་གཟིགས་པའི་ལམ་དེ་མཐར་ཕྱིན་པ་ན་གཞན་ལའང་དེ་དག་ཚུལ་བཞིན་དུ་ཕྱིན་ཅི་མ་ལོག་པར་གསུང་པས་དེ་འདྲའི་ལམ་དེས་སྡུག་བསྔལ་མཐའ་དག་ལས་གཏན་དུ་སྐྱོབ་པར་བྱེད་པས་གདུལ་བྱ་རྣམས་སྐྱོབ་པར་གྱུར་པ་ཡིན་པ་དེ་དང་། ལུགས་ཟློག་གི་སྐབས་ཀྱི་སྐྱོབ་པ་ནི། བདེན་པ་བཞི་ནི་སྟོན་པར་མཛད་ནས་གདུལ་བྱ་རྣམས་སྐྱོབ་པ་ངེས་པའི་ཕྱིར་ན་དེ་སྟོན་པ་པོ་སྐྱོབ་པར་གྲུབ་པ་དེ་གཅིག་པའི་ཕྱིར་རོ། །



༦༠༽  ཤེས་བྱ་སྡུག་བསྔལ་བདེན་པའི་རང་བཞིན་ངོས་ཟུངས?


ལན་ནི། སྡུག་བསྔལ་ཞེས་བྱ་བ་གང་ཞེ་ན། གཞུང་ལས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་གསུངས་པ་ལྟར། སྐྱེ་འཆིའི་རྒྱུན་གྱིས་གཅིག་ནས་གཅིག་ཏུ་འཁོར་བ་ཅན་གྱི་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་འདི་ཡིན་ནོ། །



༦༡༽འཁོར་བ་ཡོད་པའི་སྒྲུབ་བྱེད་གཞུང་གང་གིས་བསྟན། དེ་བསྟན་པའི་སྒྲུབ་བྱེད་ཀྱི་རིགས་པ་སྦྱོར་ངག་གི་ལམ་ནས་བཀོད་དགོས?


ལན་ནི། འཁོར་བ་ཡོད་པའི་སྒྲུབ་བྱེད་གཞུང་གང་གིས་བསྟན་ཞེ་ན།  རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།། ཅེས་པའི་གཞུང་གིས་བསྟན་ཏོ། །  དེ་བསྟན་པའི་སྒྲུབ་བྱེད་ཀྱི་རིགས་པ་སྦྱོར་ངག་གི་ལམ་ནས་བཀོད་ན།    འཁོར་བ་ཆོས་ཅན། ཡོད་དེ། འཁོར་བ་པོ་རྣམ་ཤེས་རང་གི་ཉེར་ལེན་སྔོན་སོང་མིན་པ་ཉིད་ལས་ཁྱོད་མི་འབྱུང་བའི་ཕྱིར་རོ། །



༦༢༽ ཆགས་སོགས་སྔོན་གོམས་པ་ལས་མི་བྱུང་བར་ལུས་ལས་འབྱུང་ན་ཆགས་སྡང་སོགས་ཤས་ཆེ་ཆུང་མེད་ཚུལ་ཇི་ལྟར་ཡིན?


ལན་ནི། ཆགས་སོགས་འདི་སྔོན་གོམས་པའི་རྒྱུ་ལས་བྱུང་བ་མིན་པར་ལུས་ཙམ་ལས་སྐྱེ་ན་རང་རང་གི་རིགས་འདྲ་སྔ་མ་སྐལ་བ་མཉམ་པའི་རྒྱུ་དང་བྲལ་བའི་ཕྱིར་ཆགས་སྡང་སོགས་ཤས་ཆེ་ཆུང་ཡོད་པར་ཡང་ངེས་པ་མེད་པར་གྱུར་པའམ། ཡང་ན་རྒྱུ་ལུས་ནི་རྟག་ཏུ་ཉེ་བའི་ཕྱིར་ཆགས་སྡང་སོགས་བློ་རྣམ་པ་ཀུན་ཀྱང་གང་ཟག་ཐམས་ཅད་ལ་ཁྱད་མེད་པར་དུས་ཀུན་གྱི་ཚེ་ན་རྒྱུན་མི་འཆད་པར་སྐྱེ་བར་འགྱུར་རོ། །




༦༣༽ ཕྱི་རོལ་པས་སྣ་ཚོགས་པའི་སྡུག་བསྔལ་རྣམས་རྒྱུ་མེད་ཡིན་པ་དཔེ་གང་གིས་ཚུལ་ཇི་ལྟར་སྒྲུབ་ཚུལ་ཞིག་བྲིས?


ལན་ནི།  ཕྱི་རོལ་པས་སྣ་ཚོགས་པའི་སྡུག་བསྔལ་རྣམས་རྒྱུ་མེད་ཡིན་པ་དཔེ་གང་གིས་ཚུལ་ཇི་ལྟར་སྒྲུབ་ཚུལ་ཞེ་ན།  ཇི་ལྟར་ཚེར་མ་དང་སྲན་མ་ལ་སོགས་ཀྱི་རྣོ་བ་དང་ཟླུམ་པ་ཉིད་སོགས་སུས་ཀྱང་དེ་ལྟར་རྩེ་གཏོད་པ་དང་ཟླུམ་པོར་བྱས་པ་མིན་པས་རྒྱུ་མེད་པ་ན་ཡང་དེ་ཡི་ངོ་བོས་བྱུང་བ་དེ་ལྟར་སྡུག་བསྔལ་འདི་དག་ཀྱང་རྒྱུ་མེད་པར་འབྱུང་བར་འགྱུར་རོ་ཞེས་སྒྲུབ་བོ། །



༦༤༽ ཆགས་བྲལ་སྐྱེ་བ་མ་མཐོང་ཕྱིར། །ཞེས་ནི་སློབ་དཔོན་རྣམས་ཀྱིས་གསུངས། །ཞེས་པའི་གཞུང་འགྲེལ་བྲིས?


ལན་ནི། གཞུང་འདིའི་འགྲེལ་པ་ནི། ཆགས་པ་དང་བྲལ་བ་ཞིག་སྐྱེ་བ་མ་མཐོང་སྟེ། སྐྱེས་མ་ཐག་ནས་ནུ་ཞོ་ལ་སོགས་པ་དང་ཡུལ་དང་དུ་མི་ལེན་པ་འགའ་ཡང་མ་མཐོང་བའི་ཕྱིར་ཆགས་པ་སྐྱེ་བའི་རྒྱུའོ་ཞེས་ནི་སྔོན་གྱིས་སློབ་དཔོན་དབྱིག་གཉེན་ལ་སོགས་པ་རྣམས་ཀྱིས་གསུངས་ཏེ། ཇི་ལྟར་ན་སློབ་དཔོན་དབྱིག་གཉེན་གྱིས། འདོད་ཆགས་དང་བྲལ་བའི་སྐྱེས་བུའི་སྐྱེ་བ་མ་མཐོང་བ་དེའི་ཕྱིར་སྐྱེ་བ་ནི་འདོད་ཆགས་ཀྱི་རྒྱུ་མཚན་ཅན་ཡིན་ནོ་ཞེས་གསུངས་སོ། །ཞེས་པའོ། །



༦༥༽ སེམས་ཅན་ནི་འཁོར་བའི་རང་བཞིན་དུ་གྲུབ་པའི་ཕྱིར་ནམ་ཡང་ཐར་བ་མེད་ཅེས་པའི་འདོད་པ་འགོག་ཚུལ་ཞིག་བྲིས?


ཞུ་ལན་ནི། ནང་པས་དེ་འགོག་ཚུལ་ནི། རྩ་བ་ལས། འདོད་དང་མ་གྲུབ་ཕྱིར། །ཞེས་གསུངས་པ་ལྟར། བདག་ཡོད་ཅིང་དེ་འཁོར་བའི་རང་བཞིན་ཡིན་ན་ཁྱེད་ཅག་ལྟར་ཐར་པ་མེད་པར་འདོད་རུང་ཡང་། རང་ལ་བདག་མེད་པའི་ཕྱིར་དེ་འཁོར་བའི་རང་བཞིན་ཡིན་པ་ནམ་ཡང་མ་གྲུབ་པའི་ཕྱིར་ཞེས་འགོག་གོ །



༦༦༽ ལྷན་གཅིག་སྐྱེས་པ་མ་སྤངས་ཕྱིར། །སྤངས་ན་ཡང་སྲིད་ག་ལ་ཡོད། །ཅེས་པའི་ལན་དེ་རྩོད་རྙོག་གང་གི་ལན་དུ་གསུངས་པ་ཡིན?


ལན་ནི། རྩ་བར། གལ་ཏེ་འཇིག་ཚོགས་ལྟ་བྲལ་ཕྱིར། །ལམ་དང་པོ་ནི་སྲིད་མེད་འགྱུར། །ཞེས་པ་སྟེ། གལ་ཏེ་འཁོར་བའི་རྒྱུ་འཇིག་ཚོགས་ལ་ལྟ་བ་དང་བྲལ་བས་མཐོང་ལམ་འཇིག་རྟེན་ལས་འདས་པའི་ལམ་དང་པོར་ཡང་སྲིད་པ་མེད་པར་འགྱུར་ཞེས་པའི་ལན་དུ་གསུངས་པ་ཡིན་ནོ། །



༦༧༽ རྒོལ་བས་གཏན་དུ་གྲོལ་བ་མེད་པའི་སྒྲུབ་བྱེད་དཔེ་གང་གི་སྒོ་ནས་སྒྲུབ་ཚུལ་ཞིག་བྲིས?


ལན་ནི། རྒོལ་བས་གཏན་དུ་གྲོལ་བ་མེད་པའི་སྒྲུབ་བྱེད་ནི། ཉེས་བཅས་ཀྱི་སེམས་ལ་ལམ་ཉེས་མེད་འབྱུང་བ་བཞིན་ཞེས་དཔེ་དེ་ལྟར་བཀོད་ནས་ སེམས་རྒྱུད་དྲི་མ་ཀུན་དང་བྲལ་བའི་གནས་གྱུར་ཐོབ་ཀྱང་སྔར་གནས་མ་འགྱུར་བའི་སྐབས་དང་མཚུངས་པ་སླར་ཡང་སྐྱོན་འབྱུང་བར་སྲིད་པས་གཏན་དུ་གྲོལ་བ་མེད་ཅེས་སྒྲུབ་བོ། །ཞེས་སོ། །



༦༨༽  གཞོམ་བྱ་ཉེས་པ་ཀུན་གྱི་རྩ་བ་དེ་གང་། དེ་འཇོམས་བྱེད་ཀྱིགཉེན་པོ་གང་གི་བསྟན་པའི་གཞུང་ཡང་བྲིས?


ཞུ་ལན། གཞོམ་བྱ་ཉེས་པ་ཀུན་གྱི་རྩ་བ་ནི། འཇིག་ཚོགས་ལ་ལྟ་བ་བདག་དང་བདག་གིར་འཛིན་པ་དེ་ཡིན་ནོ།   །འཇོམས་བྱེད་ཀྱི་གཉེན་པོ་བསྟན་པའི་གཞུང་ནི།   སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང་། །འགལ་བར་རབ་ཏུ་གྲུབ་པ་ཡིན། །ཞེས་གསུངས་པ་དེ་ཡིན་ལགས། །


༦༩༽  བདག་ཏུ་འཛིན་པ་ཡོད་ན་གྲོལ་མི་སྲིད་པའི་རྒྱུ་མཚན་གོ་བདེ་ཞིག་བྲིས?


ཞུ་ལན། རྒྱུ་མཚན་ནི། བདག་མེད་པ་སྒོམ་པ་མ་གཏོགས་བདག་ཡོད་པར་འཛིན་བཞིན་ཐར་པའི་ལམ་གཞན་སྲིད་པ་མ་ཡིན་ཏེ། གང་ཞིག་ཕྱིན་ཅི་ལོག་གི་བློས་བདག་ཡོད་པར་མཐོང་བའི་རྨོངས་པ་ཅན་དེས་ཡུལ་བདག་དེ་ལ་ངའོ་ཞེས་རྟག་ཏུ་ཞེན་པས་བདག་དེ་བདེ་བ་ལ་འཕྲད་པར་འདོད་ནས་ཡུལ་ལ་སྲེད་པ་སྐྱེ་བར་འགྱུར་ཏེ་སྲིད་པས་བདག་དང་བདག་གི་བའི་ཉེས་པའི་སྐྱོན་རྣམས་སྒྲིབ་པར་བྱེད་དེ་སྐྱོན་དུ་མི་ལྟ་ཞིང་ཡོན་ཏན་དུ་མཐོང་བས་ཡོངས་སུ་སྲིད་པ་སྐྱེས་ནས། ང་ཡི་ཞེས་བདག་དེའི་བདེ་བའི་ཐབས་སུ་གྱུར་པ་མཐའ་དག་དང་དུ་ལེན་པར་བྱེད་པས་བདག་ལ་མངོན་པར་ཆགས་པ་ཡོད་པ་དེ་སྲིད་སྐྱེས་བུ་དེ་ནི་སྲིད་པར་འཁོར་བར་འགྱུར་ལ། བདག་ཏུ་འདུ་ཤེས་ཡོད་ན་འགའ་ཞིག་ལ་གཞན་དུ་ཤེས་པ་འབྱུང་ཞིང་། བདག་གཞན་གྱི་ཆ་ཉིད་དུ་རྣམ་པར་བཟུང་བ་ལས་རང་ཕྱོགས་ལ་ཡོངས་སུ་འཛིན་པའི་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་སྐྱེ་ཞིང་ཆགས་སྡང་འདི་དག་དང་ནི་ཡོངས་སུ་འབྲེལ་བ་ལས་ང་རྒྱལ་ཕྲག་དོག་ལ་སོགས་པའི་ཉེས་པ་ཐམས་ཅད་འབྱུང་བར་འགྱུར་བ་ཡིན་ནོ། །


༧༠༽  རྣལ་འབྱོར་པ་རྣམས་བདག་ཏུ་འཛིན་ཀྱང་བདག་གི་བ་ལ་ཆགས་པ་མེད་པས་གྲོལ་ལོ་ཞེ་ན། དེ་མི་སྲིད་ཚུལ་ཇི་ལྟར་ཡིན?


ཞུ་ལན། དེ་མི་སྲིད་པའི་ཚུལ་ཇི་ལྟར་ཞེ་ན། ངེས་པར་བདག་ལ་ཆགས་པ་དེ་ནི་བདག་གི་བ་ལ་ཆགས་པ་དང་མི་འབྲལ་ཞིང་། བདག་ཡོད་པར་སྨྲ་བ་རྣམས་ཀྱིས་བདག་དེ་ཉེས་མེད་དུ་ཞེན་པས་ན་དེའི་ངོར་བདག་ལ་ཆགས་པ་དང་བྲལ་བའི་རྒྱུ་ཡང་ཡོད་པ་མ་ཡིན་ཏེ་བདག་ཡོད་ཀྱི་ལྟ་བ་དེ་མ་བཏང་གི་བར་དུ་བདག་ལ་ཆགས་པ་དང་འབྲལ་བའི་ཐབས་ཡོད་པ་མིན་ནོ། །


༧༡༽  སློབ་དཔོན་གྱིས་བདག་འཛིན་སྤོང་བར་གདམས་ཚུལ་དང་། བདག་མེད་མཐོང་བ་ལས་གཞན་པའི་ལམ་འགོག་ཚུལ་བྲིས?


ལན་ནི། དེ་ཕྱིར་གྲོལ་འདོད་ཐོག་མེད་པའི། ། རྒྱུ་ཅན་རིགས་མཐུན་ས་བོན་ལས། ། བྱུང་བའི་འཇིག་ཚོགས་ལྟ་བ་དག ། རྩ་བ་ཉིད་ནས་དབྱུང་བར་གྱིས། །བདག་མེད་མ་གོམས་ན་ཐར་པ་མེད་པ་དེ་ཕྱིར་འཁོར་བའི་སྡུག་བསྔལ་ལས་གཏན་དུ་གྲོལ་བར་འདོད་པས་ནི་ཐོག་མ་མེད་པ་ནས་བརྒྱུད་དེ་འོང་བར་གྱུར་པའི་རྒྱུ་ཅན་ཡུལ་དོན་དུ་གྲུབ་པ་མེད་ཀྱང་དངོས་པོ་ལ་བརྟེན་ནས་སྒྲོ་འདོགས་པའི་བློ་གོམས་པ་ཙམ་གྱི་རང་གི་རིགས་མཐུན་པའི་ས་བོན་སྔ་མ་ལས་བྱུང་བའི་འཇིག་ཚོགས་ལ་ལྟ་བ་དག་བདག་མེད་མེད་རྟོགས་པའི་ཤེས་རབ་ཀྱི་རལ་གྲིས་རྩ་བ་ཉིད་ནས་དབྱུང་བར་གྱིས་དང་ཐར་པ་འཆི་མེད་ཞི་བའི་གྲོང་ཁྱེར་ཉམས་དགའ་བར་ཕྱིན་པར་འགྱུར་རོ། །ཞེས་གདམས་པའོ། །བདག་མེད་མཐོང་བ་ལས་གཞན་པའི་ལམ་འགོག་ཚུལ་ནི། རྩ་བར། ལུང་ནི་དེ་ལྟའི་དངོས་ཡིན་པའི། ། རྒྱུ་མ་མཐོང་བ་རྣམས་ལ་ནི། ། ལུང་ཙམ་གྱིས་ནི་གྲོལ་བར་ཡང་། ། སྨྲ་བ་ཡོངས་སུ་མགུ་བྱེད་མིན། །ཞེས་དབང་ཕྱུག་སོགས་ཀྱིས་བདག་ཡོད་ཀྱང་ཐར་པ་ཐོབ་ཡོད་པ་འགོག་པ་དང་། ལས་དང་ལུས་དག་གནས་ན་ཡང་། ། གཅིག་མེད་ཕྱིར་ན་རྒྱུ་གསུམ་ཅན། ། སྐྱེ་བ་སྲིད་པ་མ་ཡིན་ཏེ། ། ས་བོན་མེད་པར་མྱུ་གུ་བཞིན། །ཞེས་གཅེར་བུ་པ་སོགས་ཀྱིས་དཀའ་ཐུབ་ཀྱི་སྟོབས་ཀྱིས་ལས་དང་ལུས་ཟད་པས་གྲོལ་བ་ཡིན་པ་སོགས་འགོག་པ་ཡིན་ནོ།།



༧༢༽ བརྩེ་བས་ལེགས་དང་ཡེ་ཤེས་ལས། །བདེན་པ་གསུངས་མཛད་སྒྲུབ་བྱེད་བཅས། །དེ་གསུངས་བར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེ་ན་ཚད་མ་ཉིད། །ཅེས་པའི་གཞུང་གི་ཚིག་དོན་ཁྲོལ་ ?


ལན་ནི། གཞུང་གི་ཚིག་དོན་ནི། ཇི་ལྟར་ན་བརྩེ་བ་ཡོད་པར་གྲུབ་སྟེ་བརྩེ་བས་གདུལ་བྱ་ལ་མི་ལེགས་པའི་འབྲས་བུ་ཅུང་ཟད་ཀྱང་མེད་པ་མཐའ་གཅིག་ཏུ་ལེགས་པ་ངེས་ལེགས་ཀྱི་ལམ་སྟོན་པའི་ཕྱིར་དང༌། མཁྱེན་པ་ཡོད་པར་གྲུབ་སྟེ་ཡང་དག་པར་གཟིགས་པའི་ཡེ་ཤེས་ལས་དངོས་པོའི་གནས་ཚུལ་དང་མི་མཐུན་པའི་མི་བདེན་པ་ཅུང་ཟད་ཀྱང་མེད་པའི་བདེན་པ་གསུངས་པར་མཛད་པས་ན་ཐར་པའི་ལམ་སྟོན་པ་པོ་ནི་དེ་ལྟར་ཚད་མའི་སྐྱེས་བུ་ཡིན་པའི་སྒྲུབ་བྱེད་དང་བཅས་པ་ཡིན་གྱི་སྒྲུབ་བྱེད་མེད་པ་མ་ཡིན་ནོ། །དེར་མ་ཟད་དེ་འདྲའི་མཁྱེན་བརྩེ་དེ་ཡང་རྒྱུ་མེད་དུ་མི་འབྱུང་བས་ལམ་དུས་ཀྱི་ཕན་བཞེད་དང་སྟོན་པའི་སྒྲུབ་བྱེད་ཡོད་པ་དང་བཅས་པས་ན་དེ་འདྲ་ཡོད་པར་སྲིད་པ་ཉིད་ཡིནནོ། །མཐའ་གཅིག་ཏུ་ལེགས་ཤིང་བདེན་པའི་ལམ་དེ་གདུལ་བྱ་ལ་གསུངས་པར་ཡང་མངོན་པར་སྦྱོར་བ་དང་ལྡན་པའི་བརྩོན་འགྲུས་མཐར་ཕྱིན་པར་མངའ་བ་གང་གི་ཕྱིར་ན། སེམས་ཅན་རྣམས་སྐྱོབ་པར་མཛད་པས་ཤིན་ཏུ་གུས་པར་བྱ་བ་ཡིན་ཏེ་མཁྱེན་དུ་ཟིན་ཀྱང་མ་བསྟན་ན་གདུལ་བྱ་སྐྱོབ་པར་མི་འགྱུར་རོ། །དེ་ལྟར་གདུལ་བྱ་ཡོངས་སུ་མི་གཏོང་བའི་བརྩོན་འགྲུས་ཀྱིས་ལམ་བསྟན་པར་མཛད་པས་ན། སྟོན་པ་དེ་འདྲ་བ་རྣམ་གྲོལ་དོན་གཉེར་རྣམས་ལ་མི་སླུ་བ་དེས་ན་སངས་རྒྱས་བཅོམ་ལྡན་འདས་འདི་ནི་ཚད་མ་ཉིད་དུ་གྱུར་པ་ཡིན་ནོ། །







བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,12,དྲིས་ལན་སྣ་ཚོགས།,8,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,9,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,7,མཛོད་ཀྱི་དཔེ་ཁྲིད།,84,ཤེར་ཕྱིན་གྱི་དཔེ་ཁྲིད།,2,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: རྣམ་འགྲེལ་ཚད་གྲུབ་ལེའུའི་དྲིས་ལན་བློ་གསར་འཇུག་ངོགས།
རྣམ་འགྲེལ་ཚད་གྲུབ་ལེའུའི་དྲིས་ལན་བློ་གསར་འཇུག་ངོགས།
ཚད་མའི་དྲིས་ལན།,ཚད་མ།,ཚད་གྲུབ་ལེའུ།,གསང་འཁོར།,དཔལ་ལྡན་འབྲུག་པའི་གདན་ས།,
https://en.namlingrigzod.com/wp-content/uploads/2015/11/123.gif
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2023/03/blog-post_10.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2023/03/blog-post_10.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content