ཟབ་ཅིང་ཡངས་པའི་ཐུགས་རྗེའི་ཆུ་གཏེར་ལས། །མཚན་རྣམས་ཡོངས་རྫོགས་སྐུ་ཡི་པད་འདབ་བཞད། ། མདོ་སྔགས་གསུང་བཅུད་དྲི་མངར་འཐུལ་མཛད་པ། །པད་དཀར་རབ་བསྔགས་ཁྱེད...
ཟབ་ཅིང་ཡངས་པའི་ཐུགས་རྗེའི་ཆུ་གཏེར་ལས། །མཚན་རྣམས་ཡོངས་རྫོགས་སྐུ་ཡི་པད་འདབ་བཞད། །
མདོ་སྔགས་གསུང་བཅུད་དྲི་མངར་འཐུལ་མཛད་པ། །པད་དཀར་རབ་བསྔགས་ཁྱེད་ལ་དད་ཕྱག་བརྩེགས།
གསུང་རབ་མཚོ་གཏིང་འཁྱིལ་བའི་གནད་ཀླུ་ལས། །དབུ་མའི་ཟབ་དོན་གདེངས་ཀའི་ནོར་མཆོག་བླངས། །
མི་ཡུལ་འདི་རུ་སྐལ་བར་འགྱེད་མཛད་པ། །དཔེ་ཟླ་མེད་པ་ཀླུ་སྒྲུབ་ཞབས་ལ་འདུད། །
ཟབ་དོན་ནོར་བུའི་བང་མཛོད་ཁ་ཕྱེས་ཤིང་། །གནད་དོན་བསམ་འཕེལ་འདི་ཞེས་མཛུབ་ཁྲིད་དེ། །
བདག་འདྲ་རྨོངས་པའི་མིག་མདུན་བཀྲམས་མཛད་པ། །མི་ཕམ་པད་མ་དཀར་པོ་སྤྱི་བོར་མཆོད། །
ཚུལ་མིན་ཚེར་མ་གཅོད་ལ་རིག་པའི་གྲི །ཡུན་རིང་བརྡར་བའི་སྦྱངས་རྩོལ་མ་མཆིས་ཀྱང་། །
རང་ཉིད་གོམས་ཕྱིར་འདུན་པའི་ཤུགས་ལ་བརྟེན། །གང་ཙམ་གང་ཡོང་གཡུག་པའི་ལས་ལ་འབུང་། །
ཞེས་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བའི་ལེགས་ཚིག་མེ་ཏོག་སྔོན་དུ་ཐོར་ནས། ད་ལམ་རང་རེའི་ལྗོངས་འདི་དང་ཁམས་གསུམ་པོའི་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་དུ་གྱུར་པ་དཔལ་ལྡན་བླ་མ་ངག་དབང་རྣམ་པར་རྒྱལ་བའི་སྡེ་གང་འདི་ཉིད་ཀྱིས་སྤྱིར་ཐུབ་བསྟན་ཡུན་དུ་གནས་ཐབས་དང་། སྒོས་སུ་རང་རེ་ལྷོ་པའི་ལྗོངས་འདིར་ཞི་བདེ་འབྱུང་ཐབས་སུ་དམིགས་ཏེ་ཚོགས་མཆོག་འཕགས་པའི་དགེ་འདུན་གྱི་སྡེ་དབུ་བཙུགས་ནས་མི་ལོ་བཞི་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་དང་། ཉིད་ཀྱི་རིང་ལུགས་དེ་ནི་མི་ཉམས་དར་རྒྱས་སུ་ཕྱིན་པའི་ཆེད་དུ། ཀུན་མཁྱེན་ཆེན་པོ་པདྨ་དཀར་པོའི་གསུང་ལ་བགྲོ་གླེང་གོ་སྒྲིག་གནང་བའི་གྲས་སུ་བློ་དམན་རང་ཡང་སྐལ་བཟང་གི་གོ་སྐབས་རྙེད་པ་སྤྱི་བོའི་རྒྱན་དུ་བླངས་ཏེ་མངོན་པར་སྤྲོ་བ་དང་བཅས་ཅི་ལྕོགས་གང་ལྕོགས་ཀྱིས་དཔྱད་རྩོམ་འདི་འབྲི་བའི་བྱ་བ་ལ་འཇུག་གོ །
དེ་ལ་དྲི་བས་མཚམས་སྦྱར། སྐབས་དོན་དངོས་བཤད། མཇུག་གི་གཏམ་དང་གསུམ་ལས། དང་པོ་ནི། དེ་ཡང་ སློབ་དཔོན་ཉིད་ཀྱིས་བསྟན་བཅོས་རྩོམ་པའི་ཐོག་མར་མཆོད་བརྗོད་ཀྱི་ཡུལ་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་སྲས་དང་བཅས་པ་ལས། སྙིང་རྗེ་ཆེན་པོ་ཉིད་ལ་ཅིའི་ཕྱིར་མཆོད་པར་བརྗོད་ཅེ་ན། ཐུགས་རྗེ་ཆེན་པོ་ཉིད་ནི་སངས་རྒྱས་ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་པོ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ཡིན་པས་བསྟོད་པར་འོས་པ་ཉིད་དུ་བསྟན་པའི་ཕྱིར་རོ།། འོ་ན། བསྟོད་པའི་ཚུལ་གང་ལྟར་ཞེ་ན།
སྐབས་དོན་དངོས་བཤད་པ་ལ། དེ་ཡང་སྙིང་རྗེ་ཆེན་པོ་དེ་ཉིད་རྒྱུའི་གཙོ་བོ་བྱས་པ་ལས་བྱུང་བའི་ཐུབ་པའི་དབང་པོས་ཐེག་པ་གསུམ་གྱི་དགྲ་བཅོམ་བསྐྲུན་པའི་ཚུལ་གྱིས་ཏེ། འདི་ལྟར། རྩ་བ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་རྣམས་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །ཞེས་གསུངས་ཏེ། དེ་ལ་ཉན་ཐོས་ཐུབ་དབང་གིས་བསྐྲུན་ཚུལ་དང་། རང་རྒྱལ་ཐུབ་དབང་ལས་འབྱུང་ཚུལ་དང་། སངས་རྒྱས་བྱང་སེམས་ལས་འཁྲུངས་ཚུལ་གསུམ་མོ།། དང་པོ་ཉན་ཐོས་ནི། ཡང་དག་པ་དེ་བཞིན་གཤེགས་པའི་གདམས་ངག་གཞན་ལས་ཉན་ཅིང་། དོན་དེ་གོམས་པར་བྱས་ནས་རང་གི་འབྲས་བུ་ཐོབ་པར་བྱས་ཏེ། དེ་ཉིད་གཞན་ལ་ཐོས་པར་བྱེད་པའི་ཕྱིར་མིང་དེ་སྐད་དུ་སྒྲོག་པ་སྟེ། དམ་ཆོས་པད་དཀར་ལས། མགོན་པོ་བདག་ཅག་དེ་རིང་ཉན་ཐོས་འགྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་གསུངས་པའི་ཕྱིར་རོ།། འོ་ན་རྒྱུ་མཚན་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་མཚུངས་པས་དེ་དག་ཀྱང་ཉན་ཐོས་སུ་འགྱུར་རོ་སྙམ་ན་མི་འགྱུར་ཏེ། ཉན་ཐོས་རྣམས་ནི། སྒྲོགས་པར་བྱེད་པ་ཡིན་གྱིས་རྗེས་སུ་མཐུན་པ་ཙམ་ཡང་མི་སྒྲུབ་པས། སྒྲ་བཤད་དུ་ཡོད་ཅིང་འཇུག་པའང་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ནི། སྒྲ་བཤད་དུ་ཡོད་ཀྱང་མི་འཇུག་པའི་ཕྱིར་རོ།། འོན་ཀྱང་ དམ་ཆོས་པད་དཀར་གྱི་མདོ་ཚིག་དེ་གཞུང་ཀུན་ཏུ་བཀོད་པ་ནི་རང་འགྲེལ་དུ་དྲངས་པའི་མདོ་ཚིག་ཚུར་བཀོད་པ་ཡིན་གྱི། ཐད་ཀར་དམ་ཆོས་པད་དཀར་གྱི་ཚིག་དྲངས་པ་མིན་པར་འདྲ་སྟེ། དེར་ མགོན་པོ་བདག་ཅག་དེ་རིང་སྒྲོགས་གྱུར་ཏེ། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་སྒྲོགས་པ་མི་ཟད་འདྲ། །ཞེས་ཚིག་རིས་མི་མཐུན་པ་སྣང་བའི་ཕྱིར་རོ།། ཡང་དེ་ནི་བྱང་སེམས་བརྩོན་འགྲུས་ཆུང་བ་རྣམས་ཀྱིས་ཁེངས་བསྐྱུང་གི་ཚུལ་དུ་གསོལ་བ་ཡིན་ཞེས་པའི་བཤད་པ་མཛད་པ་འགའ་མཆིས་ཀྱང་། དེ་ནི་ཅུང་བདེ་བར་མ་མཐོང་སྟེ། སྐབས་འདིའི་དྲི་བ་འདྲི་མཁན་འཕགས་པ་འོད་སྲུང་ཆེན་པོ་ཡིན་པ་དམ་ཆོས་པད་དཀར་ལས་གསལ་ཞིང་། དེ་ནི་ཉན་ཐོས་ཡིན་པར་གསལ་བར་གསུངས་པའི་ཕྱིར་རོ།།
གཉིས་པ་རང་རྒྱལ་བསྐྲུན་ཚུལ་ལ་གཉིས། ཚིག་དོན་དངོས་དང་། མཐའ་དཔྱད་པའོ། དང་པོ་ནི། རང་འགྲེལ་ལས། དེ་རྣམས་ལས་ཉན་ཐོས་ལ་སོགས་པ་སྐྱེས་པ་ནི་དེ་དག་ལས་བསྐྲུན་པའོ།། ཇི་ལྟར་ཞེ་ན། སངས་རྒྱས་རྣམས་བྱུང་བར་གྱུར་པ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པ་སྟོན་པ་ལ་འཇུག་པའི་ཕྱིར་ལ། དེ་ཉན་པ་དང་སེམས་པ་དང་སྒོམ་པའི་རིམ་པ་ལས་ཀྱང་ལྷག་པར་མོས་པ་ཇི་ལྟ་བ་བཞིན་ཉན་ཐོས་ལ་སོགས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ།། ཞེས་གསུངས། དེ་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་དུ་ བྱོན་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པའི་ཆེད་དུ་ཡིན་ལ། དེ་ལྟ་བུའི་ཆོས་ཟབ་མོ་བསྟན་པ་ལས་ཉན་ཐོས་ལ་སོགས་པའི་སྒྲས་རང་རྒྱལ་རྣམས་ཀྱིས་དོན་དེ་ཉན་པའི་ཐོས་བྱུང་དང་། སེམས་པའི་བསམ་བྱུང་དང་། སྒོམ་བྱུང་གི་མྱོང་བ་སོགས་རིམ་བཞིན་ཐོབ་ནས་རང་གང་ལ་མོས་པའི་བྱང་ཆུབ་ཐོབ་པར་བྱེད་པས་ན། ཐུབ་དབང་གིས་ཉན་རང་དགྲ་བཅོམ་རྣམས་བསྐྲུན་པ་སྟེ་བསྐྱེད་པའོ།། གཉིས་པ་མཐའ་དཔྱད་ལ་གཉིས། དེ་དག་རྟོགས་པ་འབྲིང་དུ་བཤད་པ་དང་། དེ་ལ་རིགས་ངེས་ཀྱིས་ཁྱབ་མིན་སྐོར་ལ་ཅུང་ཙམ་དཔྱད་པའོ།། དང་པོ་ནི། རང་འགྲེལ་ལས། དེས་ན་སངས་རྒྱས་ཀྱི་སྒྲས་རང་སངས་རྒྱས་དག་བསྙད་དོ།། ཞེས་བྱུང་བས། སངས་རྒྱས་ཞེས་པའི་སྒྲ་ནི་དེ་ཁོ་ན་ཉིད་རྟོགས་པའི་དོན་ཅན་ཡིན་པས་ཉན་ཐོས་དང་། རང་རྒྱལ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་ཆར་ལ་འཇུག་སྟེ། ཏ་ཏྭ་བུ་དྡྷའི་སྒྲ་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་འཇུག་པས་དེ་དག་ཀྱང་རང་ལམ་གྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་དབང་གིས་རང་རྒྱལ་ལའང་སངས་རྒྱས་ཀྱི་སྒྲས་བསྙད་དོ།། འོ་ན་ཐེག་པ་གསུམ་ཆར་ལ་དེ་ཁོ་ན་ཉིད་རྟོགས་པ་ཡོད་པར་མཚུངས་ན་འདི་ཉིད་འབྲིང་དུ་བཤད་པའི་རྒྱུ་མཚན་གང་ཞེ་ན། རང་འགྲེལ་ལས། དེ་དག་ནི་བསོད་ནམས་དང་ཡེ་ཤེས་གོང་དུ་འཕེལ་བའི་ཁྱད་པར་གྱིས་ཉན་ཐོས་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཐུགས་རྗེ་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་མེད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་དམན་པའི་ཕྱིར་ན་འབྲིང་ངོ་།། ཞེས་གསུངས་པ་ལྟར། ཉན་ཐོས་རྣམས་ལས་ཁྱད་པར་དུ་འཕགས་པའི་ཚུལ་ལ་རང་སངས་རྒྱས་རྣམས་བསྐལ་པ་བརྒྱར་བསོད་ནམས་ཀྱི་ཚོགས་བསག་ནུས་ཤིང་། ཉན་ཐོས་རྣམས་དེ་ལྟར་མི་ནུས་པས་བསོད་ནམས་ཀྱི་ཚོགས་ཁྱད་པར་དུ་འཕགས་ཚུལ་བཤད་པ་ལ་མཁས་པ་དག་མཐུན་ཀྱང་། ཡེ་ཤེས་གོང་དུ་འཕེལ་བའི་ཚུལ་ལ་མི་མཐུན་པ་མང་པོ་སྣང་ཡང་། རང་ལུགས་ནི། རང་འགྲེལ་ལས། དེའི་གོང་དུ་ཞེས་སོགས། རྐྱེན་ཉིད་འདི་པ་ཟབ་མོ་ཁོང་དུ་ཆུད་པས་ཡོངས་སུ་སྦྱངས་ན། རང་སངས་རྒྱས་ཀྱི་ཐེག་པ་འགྲུབ་པར་བྱེད་དོ།།ཞེས་དང་། ཀུན་མཁྱེན་བླ་མ་མི་ཕམ་པདྨ་དཀར་པོས་ཀྱང་། གཞུང་གསུམ་གསལ་བྱེད་དུ། དེའི་གོང་དུ་ཞེས་སོགས། ལྷག་པའི་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་ཀྱིས་རྐྱེན་ཉིད་འདི་པ་ཟབ་མོ་ཁོང་དུ་ཆུད་པས་ཡོངས་སུ་སྦྱངས་ན། རང་སངས་རྒྱས་ཀྱི་ཐེག་པ་འགྲུབ་པར་བྱེད་དོ།། ཞེས་སོགས་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་ཉན་ཐོས་ལས་ལྷག་པར་གསུངས་པས་དེ་ལྟར་འདོད་དོ།། དེར་ཐལ། ལམ་མཆོག་རིན་ཆེན་འཕྲེང་བ་ལས། རང་བཞིན་གྱིས་ཉན་ཐོས་ལས་དབང་པོ་རྣོ་བས་ཁྱད་པར་དུ་འཕགས་སོ།། དེ་ཡང་རྒྱལ་བ་བྱམས་པས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་།། ཞེས་གསུངས་པའི་ཕྱིར། རྟོགས་པའི་ལྟ་བ་ཉན་ཐོས་ལས་ལྷག་གོ། ཞེས་དང་། རྗེ་ཞིང་གཤེགས་དམ་པ་དགེ་རིན་མཆོག་གིས། དབུ་མ་ལྟ་གྲུབ་གསལ་བྱེད་ལས། འབྲིང་དུ་བཤད་པ་ནི་བསྐལ་པ་བརྒྱའི་བསོད་ནམས་དང་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་ཆ་ཉན་ཐོས་ལས་འཕགས་པའི་ཕྱིར་སངས་རྒྱས་འབྲིང་དུ་བཤད་དོ།། ཞེས་གསུངས་པའི་ཕྱིར་རོ།། འོ་ན་ དེ་ལྟར་རང་རྒྱལ་རྣམས་ཀྱིས་གཟུང་བ་བདེན་མེད་རྟོགས་པའི་ཕྱིར་ཉན་ཐོས་ལས་ཡེ་ཤེས་ལྷག་གོ་ཞེས་འདོད་པ་མི་རིགས་པར་ཐལ། ལུགས་འདིར་ཐེག་པ་གསུམ་གས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་མཚུངས་པའི་ཕྱིར་ཟེར་ན། མ་གྲུབ། དེར་ཐལ། འཇུག་པའི་རྩ་བར། དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར།། ཞེས་པའི་ཐད་ཀྱི་རང་འགྲེལ་ལས། ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡང་ཡོད་དོ་ཞེས་བྱ་བར་གསལ་བར་ངེས་ཏེ། དེ་ལྟར་མ་ཡིན་ན་དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར་དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཕྱི་རོལ་པ་བཞིན་དུ་འདི་དག་གིས་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་རོ།། ཞེས་ཉན་རང་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཡོད་པར་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། ཉན་ཐོས་རྣམས་ཀྱིས་རྟོགས་པའི་ཆོས་ཀྱི་བདག་མེད་པ་ནི་མཐའ་དང་པོ་བཀག་ཙམ་གྱི་མེད་དགག་ཡིན་ཞིང་། རང་རྒྱལ་རྣམས་ཀྱིས་དེ་ལས་ལྷག་པའི་གཟུང་བ་ཆོས་ཀྱི་བདག་མེད་ཅིག་རྟོགས་ཀྱང་དེ་ནི་སེམས་ཙམ་པའི་ལྟ་བ་ལས་མ་འདས་པས་སྤྲོས་བྲལ་དུ་མ་སོང་ལ། སངས་རྒྱས་པས་དེ་གཉིས་ལས་ལྷག་པའི་སྤྲོས་བྲལ་ཞིག་རྟོགས་པའི་གནད་ཀྱིས་ཐེག་པ་གསུམ་ལ་རྟོགས་རིགས་མི་གཅིག་པའི་ཕྱིར། རྟགས་དང་པོ་དེར་ཐལ། ལམ་ཉིན་མོར་བྱེད་པ་ལས། དེས་ན་བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། གང་ཆོས་ཐམས་ཅད་ལ་གང་ཟག་གི་དངོས་པོ་མེད་དེ། གང་ཟག་གི་བདག་མེད་པར་ཡང་དག་པའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ནི་ཉན་ཐོས་རྣམས་ཀྱི་ཡང་དག་པའི་ལྟ་བ་ཞེས་བྱའོ།། ཞེས་འཇིག་ཚོགས་ལ་ལྟ་བའི་དམིགས་ཡུལ་དུ་གྱུར་པའི་ལྷན་སྐྱེས་ཀྱི་བདག་ཡོད་པའི་མཐའ་བཀག་ཙམ་གྱི་མེད་དགག་བསྒོམ་བྱའི་ལྟ་བར་གསུངས་པའི་ཕྱིར་རོ།། གཉིས་པ་ནི་གོང་དུ་དྲངས་པའི་ལུང་ལས་གྲུབ་ཅིང་། གསུམ་པ་གྲུབ་སྟེ། ལམ་མཆོག་རིན་ཆེན་ཕྲེང་བ་ལས། ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཅིག་གཏན་ལ་ཕེབས་ན། ཞེས་ཐེག་ཆེན་གྱི་ཉམས་ལེན་བཤད་པའི་སྐབས་དེ་ལྟར་གསུངས་པའི་ཕྱིར་རོ།། ཡང་རྟགས་གཉིས་པ་དེ་ལ་ཁ་ཅིག རང་རྒྱལ་རྣམས་གཟུང་བ་བདེན་མེད་རྟོགས་པས་ཉན་ཐོས་ལས་ལྷག་ཅེས་པ་མི་རིགས་པར་ཐལ། ཉན་རང་གཉི་གས་གཟུང་བ་བདེན་མེད་རྟོགས་པའི་ཕྱིར་ཏེ། གཞུང་གསུམ་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། ཞེས་གསུངས་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། དེ་ལ་ཉན་ཐོས་རྣམས་ཀྱིས་ཕྱི་དོན་རགས་པ་བདེན་མེད་དུ་མཐོང་ཡང་གཟུང་བའི་རྡུལ་ཕྲན་ཕྲ་མོ་བདེན་མེད་དུ་མ་རྟོགས་པ་དང་། རང་རྒྱལ་བ་རྣམས་ཀྱིས་གཟུགས་ཀྱི་ཕུང་པོའི་ཆོས་ཐམས་ཅད་བདག་མེད་པར་རྟོགས་སོ་ཞེས་པའི་ཁྱད་པར་འཐད་པའི་ཕྱིར། དེ་ལྟར་ཡིན་པ་ཡང་ལུང་རིགས་གཉིས་ཀྱིས་གྲུབ་སྟེ། དང་པོ་ལུང་ནི། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། མན་ངག་ལྟ་བའི་འཕྲེང་བ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་འབྱུང་བ་བཞི་པོ་རྡུལ་ཕྲ་རབ་དང་། རྣམ་པར་ཤེས་པ་ནི་དོན་དམ་པར་ཡོད་པར་ལྟ་ཞིང་། ཞེས་དང་། རང་རྒྱལ་གྱིས་དེ་ལས་ཁྱད་པར་དུ་གཟུགས་ཀྱི་ཕུང་པོའི་ཆོས་ཐམས་ཅད་ཕྱོགས་གཅིག་བདག་མེད་པར་རྟོགས་ཤིང་རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པའི་དུས་ལའང་། ཞེས་སོགས་གསུངས་པའི་ཕྱིར་རོ།། གཉིས་པ་རིགས་པ་ནི། ཉན་ཐོས་རྣམས་ཀྱིས་གཟུང་བ་ཕྲ་མོ་བདེན་མེད་དུ་རྟོགས་པའི་ཡེ་ཤེས་དོན་དུ་མི་གཉེར་བ་གང་ཞིག རང་རྒྱལ་རྣམས་ཀྱིས་གཟུང་བ་ཕྲ་མོ་བདེན་མེད་རྟོགས་པའི་ཡེ་ཤེས་དོན་དུ་གཉེར་བའི་ཕྱིར། རྟགས་དང་པོ་དེར་ཐལ། གཟུང་བ་བདེན་མེད་དུ་རྟོགས་པའི་ཡེ་ཤེས་བསྒོམ་བྱའི་གཙོ་བོར་མི་བྱེད་པའི་ཕྱིར་ཏེ། གཟུང་དོན་རྟོག་པ་སྤང་བྱའི་གཙོ་བོར་མི་བྱེད་པའི་ཕྱིར། ཁྱབ་སྟེ། གཟུང་རྟོག་སྤང་བྱའི་གཙོ་བོར་བྱེད་པ་དང་གཟུང་བ་བདེན་མེད་རྟོགས་པའི་ཡེ་ཤེས་བསྒོམ་བྱའི་གཙོ་བོར་བྱེད་པ་གཉིས་ཁྱབ་མཉམ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་སྤང་གཉེན་ཡིན་པའི་ཕྱིར་རོ།། རྟགས་གཉིས་པ་དེར་ཐལ། རང་རྒྱལ་རྣམས་ཀྱིས་དེ་ལྟ་བུའི་ཡེ་ཤེས་བསྒོམ་བྱའི་གཙོ་བོར་བྱེད་པའི་ཕྱིར་ཏེ། གཟུང་རྟོག་སྤང་བྱའི་གཙོ་བོར་བྱེད་པའི་ཕྱིར། དེར་ཐལ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་།། ཞེས་གསུངས་པའི་ཕྱིར་རོ།། དེ་ལྟར་ཐེག་པ་གསུམ་གྱི་རྟོགས་རིགས་ལ་ཁྱད་པར་ཡོད་པའི་བཞད་པ་འདི་ནི་རང་རྒྱུད་པའི་ལུགས་ལས་ཐལ་འགྱུར་པའི་ལུགས་མིན་ཞེས་པའི་བཤད་པ་མཛད་པའི་མཁས་པ་དག་མཆིས་ཀྱང་། རང་ལུགས་ཀུན་མཁྱེན་ཆེན་པོའི་ལུགས་འདི་ལ་འདི་ཉིད་འཐད་པ་ཡིན་ཏེ། ཐལ་རང་གཉིས་ལ་ཀུན་རྫོབ་ཐ་སྙད་ཀྱི་ཁྱད་པར་ཉུང་ཙམ་ལས་ལྟ་བ་ལ་ཁྱད་པར་གང་ཡང་མེད་པའི་ཕྱིར་རོ།། དེར་ཐལ། ལམ་ཉིན་མོར་བྱེད་པ་ལས། ཐལ་འགྱུར་པ་དང་རང་རྒྱུད་པའི་སྒོམ་ལུགས་ལ་ཁྱད་པར་ཆེན་པོ་ཡོད་པ་སྐད་བྱེད་པའང་རིགས་པ་མ་ཡིན་ཏེ། ཞེས་སོགས་གསུངས་པའི་ཕྱིར་རོ།།
གཉིས་པ་དེ་ལ་རིགས་ངེས་ཀྱིས་ཁྱབ་མིན་ལ་དཔྱད་པ་ནི། འོ་ན་དེ་ལྟ་བུའི་རང་རྒྱལ་ལ་རིགས་ངེས་ཀྱིས་ཁྱབ་བམ་སྙམ་ན་མ་ཡིན་ཏེ། དེ་སྒྲུབ་པ་ལ་ལུང་རིགས་གཉིས་ལས། དང་པོ་ལུང་ནི། བུད་དྷ་པཱ་ལི་ཏར། ཇི་སྟེ་ཡང་འདི་ལ་ཅུང་ཟད་གོམས་པར་བྱས་པ་རྣམས་ལ་བརྒྱ་ལ་རྫོགས་པའིི་སངས་རྒྱས་རྣམས་མ་བྱུང་བའམ། ཉན་ཐོས་རྣམས་ཀྱང་ཟད་པར་གྱུར་ཏེ། རྐྱེན་དང་མི་ལྡན་པར་གྱུར་ཏུ་ཟིན་ན་ཡང་དེ་དག་གིས་སྔོན་གོམས་པའི་རྒྱུ་ལས་བྱུང་བ་རང་སངས་རྒྱས་ཀྱི་ཡེ་ཤེས་གཞན་ལས་ཤེས་པ་མིན་པ་བསྟེན་པ་མེད་པ་ཙམ་གྱི་རྐྱེན་ལས་རབ་ཏུ་སྐྱེ་བར་འགྱུར་རོ།།ཞེས་གསུངས་པས། རང་རྒྱལ་ལ་རིགས་ངེས་ཀྱིས་ཁྱབ་ན། བརྒྱ་ལ་ཞེས་སྲིད་པ་ཙམ་དུ་བསྟན་པ་དོན་མེད་པར་འགྱུར་བའི་ཕྱིར་དང་། རང་འགྲེལ་ལས། གལ་ཏེ་ཡང་ཁ་ཅིག་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཉེ་བར་སྟོན་པ་ཁོ་ན་ལ་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་མོད་ཀྱི། ཞེས་རང་རྒྱལ་ཁ་ཅིག་ཅེས་མ་ངེས་པའི་རིགས་ཅན་འགའ་ཞིག་ཆོས་ཐོས་པའི་ཚེ་འདི་ཉིད་ལ་མྱང་འདས་ཀྱི་གོ་འཕང་མངོན་དུ་བྱེད་ཀྱང་རང་རྒྱལ་གྱི་མྱང་འདས་མངོན་དུ་མི་བྱེད་པ་དམིགས་སུ་བཀར་ཏེ་གསུངས་པའི་ཕྱིར་རོ།། དེ་དག་དང་མཐུན་པར། རང་ལུགས་ཀུན་མཁྱེན་ཆེན་པོས་ཀྱང་། ལམ་ཉིན་མོར་བྱེད་པ་ལས། ཐེག་ཆེན་གྱི་གཞུང་ནས། ཕྱིར་མི་འོང་ནས་རང་རྒྱལ་དུ་ཡང་འགྲོ་བ་ཡོད་པ་དང་། ཞེས་སོགས་རྣམ་པ་དུ་མར་གསུངས་པའི་ཕྱིར་རོ།།
གཉིས་པ་རིགས་པ་ནི། སློབ་དཔོན་གྱིས། རྩ་ཤེས་ལས། ཐར་པ་ཞེས་བྱ་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཁྱོད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་གཞུག་པའི་དོན་དུ་ལགས། །ཞེས་དང་།གཞུང་གསུམ་ལས། དོན་དམ་བདེན་པའི་ཆོས་ཀྱི་བདུད་རྩི་འདི་ཉིད་འཇུག་པའི་སྐལ་བའི་དབང་གིས་ཐེག་པ་གསུམ་དང་། ཞེས་སོགས་གསུངས་པ་ལྟར། དོན་དམ་པའི་ཆོས་ཀྱི་དབྱིངས་ལ་དབྱེར་མ་མཆིས་པ་དང་། དེའི་ཡུལ་ཅན་ཡེ་ཤེས་དེ་ལའང་རང་བཞིན་གཅིག་ཏུ་ངེས་པས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་ཡིན་ཀྱང་། གདུལ་བྱ་དབང་པོ་རྣོ་བརྟུལ་གྱི་ཁྱད་པར་ལས་དབང་བརྟུལ་རིགས་ཅན་ཁ་ཅིག ཐད་ཀར་ཆོས་ཀྱི་བདུད་རྩི་འདི་ལ་སྤྱོད་པའི་སྐལ་བ་མེད་པས་དེ་དག་རིམ་གྱིས་བཀྲི་བའི་ཆེད་དུ་གནས་སྐབས་ཐེག་པ་གསུམ་གསུངས་ཤིང་། ཉན་རང་དགྲ་བཅོམ་དེ་དག མཐར་དབུ་མའི་ལམ་དུ་རིམ་གྱིས་ཞུགས་ནས་འཚང་རྒྱ་བར་འགྱུར་བ་ཡིན་ན། ཉན་ཐོས་དབང་བརྟུལ་འགའ་ཞིག་ཀྱང་རང་གི་བྱང་ཆུབ་མངོན་དུ་བྱས་ཟིན་ཀྱང་། དབུ་མའི་ལམ་དུ་འཇུག་པ་ལ་རང་རྒྱལ་གྱི་སྤངས་རྟོགས་སྦྱངས་པ་སྔོན་དུ་གཏང་བར་འདོད་ཅིང་། གཏོང་དགོས་པའི་རིགས་ཅན་དག་ཡོད་པའི་ཕྱིར་ཏེ། ཕྱིར་མི་འོང་མངོན་དུ་བྱས་ནས་རང་རྒྱལ་ལམ་དུ་ཞུགས་པ་ཡོད་པ་གང་ཞིག དེ་ཡོད་ན་ཉན་ཐོས་ཁ་ཅིག་རང་གི་བྱང་ཆུབ་མངོན་དུ་བྱས་ནས་ཀྱང་རང་རྒྱལ་ལམ་དུ་མི་ཞུགས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ།། དེ་ལ་ཁ་ཅིག དེ་མེད་དེ། ཉན་རང་གཉིས་ཀའི་འཐོབ་བྱའི་གཙོ་བོ་ནི་ཐར་པ་ཙམ་ཡིན་ཞིང་། ཉན་ཐོས་དགྲ་བཅོམ་མངོན་དུ་བྱས་ནས་རང་རྒྱལ་གྱི་དེ་འཐོབ་པར་འདོད་པ་ལ་དགོས་པ་ལྷག་པོ་གང་ཡང་མེད་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། སྤྱིར་རང་རྒྱལ་གྱིས་ཀྱང་བདག་འཛིན་འགོག་པའི་ཐར་པ་ཙམ་དོན་དུ་གཉེར་བ་ལ་ཉན་ཐོས་དང་མཚུངས་ཀྱང་། གཟུང་བ་བདེན་པར་འཛིན་པའི་བདེན་འཛིན་སྤངས་པའི་སྤངས་པ་དོན་དུ་གཉེར་བ་ལ་ཉན་ཐོས་ལས་ལྷག་པའི་ཕྱིར། ཁྱབ་སྟེ། དེ་ལྟར་རང་རྒྱལ་རྣམས་ཀྱི་སྤངས་རྟོགས་ཉན་ཐོས་ལས་ལྷག་ན། ཉན་ཐོས་རྣམས་དེ་ཐོབ་པ་ལ་དེའི་ལམ་ལ་སློབ་དགོས་པའི་ཕྱིར་རོ།། དེ་ལྟར་མིན་ན། ཁོ་རང་ལ། བྱེ་བྲག་སྨྲ་བའི་ལུགས་གཞིར་བཞག ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། རང་རྒྱལ་ལམ་དུ་ཞུགས་པ་མེད་པར་ཐལ། དེ་གཉིས་ཀའི་སྤངས་རྟོགས་ལ་ཁྱད་པར་མེད་པའི་ཕྱིར། ཁྱབ་པ་གོང་དུ་ཁས། མ་གྲུབ་ན་སླ། འདོད་མི་ནུས་ཏེ། ཚོགས་སྤྱོད་རང་རྒྱལ་རྣམས་དེ་ཡིན་པའི་ཕྱིར། དེར་ཐལ། ཚོགས་སྤྱོད་རང་རྒྱལ་ཡིན་ན་ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བས་ཁྱབ་པའི་ཕྱིར་ཏེ། མངོན་པར་མཛོད་རྩ་འགྲེལ་ལས། རང་སངས་རྒྱས་ནི་རྣམ་པ་གཉིས་ཏེ། ཚོགས་ཤིང་སྤྱོད་པ་དང་། སེ་རུ་ལྟ་བུའོ།། དེ་ལ་ཚོགས་ཤིང་སྤྱོད་པ་ནི་ཉན་ཐོས་ཀྱི་རིགས་སུ་གྱུར་པ་སྔོན་དུ་འགྲོ་བའི་རང་རྒྱལ་བ་རྣམས་སོ།། ཞེས་གསུངས་པའི་ཕྱིར་རོ།།
གསུམ་པ་སངས་རྒྱས་བྱང་སེམས་ལས་འཁྲུངས་ཚུལ་ལ། ལུང་རིགས་གཉིས་ལས། ལུང་ནི། དཀོན་མཆོག་བརྩེགས་པ་ལས། ཟླ་བ་ཚེས་པ་ལ་ཕྱག་བྱའི། ཉ་བ་ལ་ནི་མ་ཡིན་ནོ།། ཞེས་སོགས་གསུངས།རིགས་པ་ནི། གནས་སྐབས་ཀྱི་ཁྱད་པར་དང་། ཡང་དག་པར་འཛིན་དུ་འཇུག་པའི་ཁྱད་པར་གཉིས་ཏེ། རང་དང་རྒྱུད་གཅིག་པའི་བྱང་སེམས་ཀྱིས་ཉེར་ལེན་དང་། རྒྱུད་ཐ་དད་པའི་བྱང་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱེད་པས་ཐུབ་དབང་བྱང་སེམས་ལས་འཁྲུངས་སོ།། འདིའི་སྐོར་གོ་སླ་བས་མ་སྤྲོས་སོ།། འོ་ན། དེ་ལྟར་ཉན་རང་དང་ཐུབ་དབང་རྣམས་བྱང་སེམས་ལས་འཁྲུངས་ན། བྱང་ཆུབ་སེམས་དཔའ་གང་ལས་འཁྲུངས་ཤེ་ན། རྩ་བར། སྙིང་རྗེ་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པར་འདོད་པའི་མཚན་ཉིད་ཅན་གྱི་སྙིང་རྗེ་དང་། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་མཐའ་གཉིས་དང་བྲལ་བའི་ཤེས་རབ་དང་། སྙིང་རྗེ་ཆེན་པོ་ལ་སོགས་པའི་ཁྱད་པར་བཞི་དང་ལྡན་པའི་དམ་བཅའ་བ་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་འཁྲུངས་སོ།།
གསུམ་པ་མཇུག་གི་གཏམ་ནི། དེ་ལྟར་དབུ་མ་འཇུག་པའི་མཆོད་བརྗོད་ལས་འཕྲོས་པའི་ཚིག་དོན་དང་དཀའ་གནད་འགའ་ཞིག་ལ་དོགས་སློང་དང་དཔྱད་པ་རགས་རིམ་ཙམ་བགྱིས་པའི་ཁུལ་ཡིན་ཡང་དུས་ཀྱི་གོམ་འགྲོས་དང་། རང་ཉིད་ལེ་ལོ་ཆེ་ཞིང་སྦྱོང་བརྩོན་དམན་པའི་ཉེར་ལེན་ལ་བརྟེན་ནས་དཀའ་གནད་གསེད་དཀྲོལ་དང་མཁས་པ་མགུ་བ་བསྐྱེད་པའི་ལེགས་བཤད་ལྟ་ཞོག རྣམ་དཔྱོད་ཅན་དབུ་མའི་གཞུང་ལ་གསར་དུ་སློབ་མཁན་རྣམས་ལའང་ཕན་པའི་ཆ་ཕྲ་མོ་ཙམ་ཡང་ཡོད་པའི་གདེངས་ཚོད་དང་རེ་བ་མ་མཆིས། འོན་ཀྱང་གཙོ་བོར་རང་ཅག་རྣམས་ལ་བཀའ་དྲིན་གཞལ་མཐའ་དང་བྲལ་བའི་དྲིན་ཅན་ཀུན་མཁྱེན་བླ་མ་པདྨ་དཀར་པོ་གང་གི་ཐུགས་རྗེ་རྗེས་དྲན་གྱི་ཆེད་དུ། རང་ལ་སྐྱེས་སྦྱོང་གི་བློ་གྲོས་དང་། དུས་ཚོད་སོགས་ཀྱི་ཆ་རྐྱེན་འདང་མིན་ལ་མ་ལྟོས་པར་གང་ཡོང་དུ་འབད་པས་བརྩོན་ཏེ་འབྲི་ཁུལ་བྱས་པ་ཡིན་པས། ཚིག་དོན་གང་ཅིའི་ཐད་ནས་ནོར་འཛོལ་ཤོར་བ་གོར་མ་ཆགས་པས་ཡེ་ཤེས་ཀྱི་སྤྱན་མངའ་བའི་མཁས་པའི་མདུན་སར་བཟོད་གསོལ་ལན་བརྒྱར་ཞུ་བ་དང་བཅས། གལ་ཏེ་དེ་ལས་དངོས་པོ་དགེ་བའི་ཆ་ཙམ་རེ་བྱུང་སྟེ་མཆིས་ན། དེ་ཡང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ་བ་སྟེ།
དེ་ལྟར་འབད་པས་དགེ་བའི་བག་ཆགས་ཀྱིས། །བདག་སོགས་མར་གྱུར་འགྲོ་བ་སེམས་ཅན་ཀུན། །ཟབ་མོ་དབུ་མའི་ལམ་དུ་མངོན་ཕྱོགས་ཏེ། །མྱུར་དུ་སྐུ་བཞིའི་བཙན་ས་ཟིན་པར་ཤོག །
ཅེས་སྨོན་པའང་དགེའོ།། །།
![]() |
བསྟན་བཅོས་མཁན་ལོ་ངོ་གཉིས་པ་ ལྷག་པ་ཚེ་རིང་། |
བསམ་འཆར།