དམ་པའི་གསུང་རབ་མངོན་པར་སྡེ་བདུན་གྱི། །དགོངས་དོན་ལེགས་པར་ཕྱེ་བའི་རྒྱལ་བའི་བསྟན། ། ས་གསུམ་འདི་དག་གསལ་བར་སྟོན་མཛད་པ། །གྲགས་པ་དོན་ལྡན་དབྱིག...
དམ་པའི་གསུང་རབ་མངོན་པར་སྡེ་བདུན་གྱི། །དགོངས་དོན་ལེགས་པར་ཕྱེ་བའི་རྒྱལ་བའི་བསྟན། །
ས་གསུམ་འདི་དག་གསལ་བར་སྟོན་མཛད་པ། །གྲགས་པ་དོན་ལྡན་དབྱིག་གཉེན་ཞབས་ལ་འདུད། །
ཅེས་མཆོད་བརྗོད་གཞུང་སྔོན་དུ་བཏང་ནས་དེ་ཡང་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ནས་ཞག་བཞི་བཅུ་ཞེ་དགུ་སོང་བའི་རྗེས་སུ་ཟླ་བ་དྲུག་པའི་ཚེས་བཞི་ལ་ཡུལ་ཝ་ར་ན་སིར་དྲང་སོང་སྨྲ་བའི་རི་དྭགས་ཀྱི་གནས་སུ་ཕེབས་ནས་འཁོར་ལྔ་ལྡེ་བཟང་པོ་ལ་ཐོག་མར་བདེན་པ་བཞིའི་ཆོས་འཁོར་ལན་གསུམ་གསུངས་ཡོད། ངོ་བོ་ལ་བཟླས་པ། བྱ་བ་ལ་ཟླས་པ། བྱ་བའི་འབྲས་བུ་ལ་བཟླས་པ་བཅས་གསུམ་མོ། །མདོ་ལས། དང་པོ། སངས་རྒྱས་ཀྱིས། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་བྱུང་འཕགས་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། ། གཉིས་པ། སྡུག་བསྔལ་ཤེས་པར་བྱ། ཀུན་བྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་པར་བྱའོ། ། གསུམ་པ། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་བྱུང་སྤངས་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་སྒོམ་པར་བྱ་སྟེ་སྒོམ་པར་བྱར་མེད། ཞེས་གསུངས་པ་ལྟར། ནང་ཆོས་ཉམས་སུ་ལེན་པའི་རྩ་བའི་སྒྲོམ་གཞི་འཕགས་པའི་བདེན་པ་བཞི་ཞེས་བྱ་བ་འདི་ཡིན་ལ། སྟོན་པས་བདེན་བཞི་ཕྱིན་ཅི་མ་ལོག་པར་སྟོན་པའི་རྒྱུ་མཚན་གྱིས་དེ་ཉིད་ཚད་མའི་སྐྱེས་བུ་སྒྲུབ་པའོ། །ཞེས་གསུངས་པ་ལྟར། བརྗོད་དོན་དངོས་བདེན་པ་བཞིའི་མཐའ་དཔྱད་པ་ལ་རྩ་བའི་ས་བཅད་ནི་སྒྲ་དོན། གྲངས་ངེས། གོ་རིམ། སོ་སོའི་མཚན་ཉིད་རྣམས་སོ། །
དེ་བཞི་ལས། དང་པོ་ནི། སློབ་དཔོན་ཐོགས་མེད་ཀྱིས་ཉན་ས་ལས། ཅི་ཕྱིར་དེ་དག་འཕགས་པ་ཁོ་ནའི་བདེན་པ་དག་ཡིན་ཞེ་ན། འཕགས་པ་རྣམས་ཀྱི་བདེན་པ་དེ་དག་དེ་ཁོ་ན་ལྟ་བུ་ཡིན་པར་བདེན་པའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་ཅིང་གཟིགས་ཀྱིས་བྱིས་པ་རྣམས་ཀྱིས་ཡང་དག་པར་ཇི་ལྟ་བ་བཞིན་མི་ཤེས་མི་མཐོང་བས་ན་དེའི་ཕྱིར་འཕགས་པའི་བདེན་པ་རྣམས་ཞེས་བྱའོ། །ཀུན་མཁྱེན་ཆེན་པོས་ཀྱང་མཛོད་འགྲེལ་ལུགས་ལས། འདི་དག་ཇི་ལྟ་བ་ཁོ་ན་བཞིན་འཕགས་པའི་གཟིགས་པས་དེ་དག་འཕགས་པའི་བདེན་པ་ཞེས་བྱའོ། །གཞན་རྣམས་ཀྱིས་ཕྱིན་ཅི་ལོག་སྟེ་སྡུག་བསྔལ་མི་ཤེས་པར་བདེ་བར་འཛིན་པས་སོ། །མདོ་ལས། བྱིས་པ་ལག་མཐིལ་འདྲ་བ་ཡིས། །དེ་ཡི་ཡིད་ཀྱང་ཤིན་ཏུ་འབྱུང་ཞེས་གསུངས་སོ། །
གཉིས་པ་གྲངས་ནི། འཕགས་པའི་བདེན་པ་བཞི་གྲངས་ངེས་སྟེ། ཀུན་མཁྱེན་ཆེན་པོས་མཛོད་འགྲེལ་ལུགས་ལས། བདེན་པ་གང་ཡིན་ཞེ་ན། བདེན་པ་དག་ནི་བཞིར་བཤད་དོ། །གང་བཤད་ན། ཟག་མེད་ལམ་གྱི་བདེན་པ་དང་ཞེས་ལམ་བདེན་དང་། སོ་སོར་བརྟགས་པས་འགོག་པ་གང་། །བྲལ་བའོ་ཞེས་འགོག་བདེན། སྡུག་བསྔལ་ཀུན་བྱུང་འཇིག་རྟེན་དང་། །ཞེས་པ་དེར་སྡུག་བསྔལ་དང་ཀུན་བྱུང་གི་བདེན་པ་དག་བསྟན་པས་སོ། །ཞེས་དང་། བྱམས་པའི་ཞལ་ལུང་ལས། འཁོར་འདས་གཉིས་སུ་ངེས་ལ། དེ་ཡང་རྒྱུ་དང་འབྲས་བུར་ཟད་པས། དང་པོ་གཉིས་འཁོར་བའི་དང་། ཕྱི་མ་འབྲས་བུ་མྱང་འདས་དང་དེའི་རྒྱུར་བཞག་གོ། །ཞེས་སོགས་གསུངས་པ་ལ་བརྟེན་ནས་བདེན་པ་བཞིར་གྲངས་ངེས་པ་བསྟན་ཏེ། འཁོར་བ་འཇུག་པའི་རྒྱུ་འབྲས་དབང་དུ་བྱས་ནས་བདེན་པ་དང་པོ་གཉིས་དང་འཁོར་བ་ལས་ལྡོག་པའི་རྒྱུ་འབྲས་ཀྱི་དབང་དུ་བྱས་ནས་བདེན་པ་ཕྱི་མ་གཉིས་གསུངས་པའི་ཕྱིར་རོ། །
༼ དོགས་གཞི་དང་པོ། ༽
གསུམ་པ་གོ་རིམ་ནི། རྒྱུ་འབྲས་དོན་གྱི་རིམ་པ་དང་། ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་གཉིས་ལས། དང་པོ་རྒྱུ་འབྲས་དོན་གྱི་རིམ་པ་ནི། མངོན་རྟོགས་རྒྱན་ལས། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །འགོག་པ་ལ་ནི་གོ་རིམ་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་སྒྲགས་སོ། །
གཉིས་པ་ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་ནི། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། ། བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པ་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟན་པར་བྱ། །སྤྱིར་གསུང་རབ་ལས་སྡུག་བདེན་དང་པོར་བསྟན་པའི་གོ་རིམ་དང་ཀུན་འབྱུང་དང་པོ་བསྟན་པའི་གོ་རིམ་གཉིས་གསུངས་པ་ལས། སྡུག་བདེན་དང་པོ་གསུངས་པའི་གོ་རིམ་འདི་འཐད་པ་ཡིན་ཏེ། ཡུལ་ཅན་མངོན་པར་རྟོགས་པའི་གོ་རིམ་ཡིན་པའི་ཕྱིར་ཏེ། ཀུན་མཁྱེན་ཆེན་པོས་མཛོད་འགྲེལ་ལུགས་ལས། གང་ལས་ཐར་པ་དོན་དུ་གཉེར་བའི་སྡུག་བསྔལ་གྱི་བདེན་པ་དེ་ཉིད་སོ་སོར་རྣམ་པར་དཔྱོད་པའི་གནས་སྐབས་ན་ཡོངས་སུ་རྟོག་གོ། །ཕྱིས་འདིའི་རྒྱུ་གང་ཡིན་ཞེས་ཀུན་འབྱུང་གི་བདེན་པ་ལ་ཡོངས་སུ་རྟོག་གོ། །འདིའི་འགོག་པ་ནི་གང་ཡིན་ཞེས་འགོག་བདེན་དང་། འདིའི་ལམ་ནི་གང་ཡིན་ཞེས་ལམ་གྱི་བདེན་པ་ལ་ཡོངས་སུ་རྟོག་པ་སྟེ། མཛོད་ལས། དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཞེས་སོགས་ཀུན་བཏུས་དང་ཉན་ས་སོགས་ནང་དེ་བཞིན་གསལ་ལོ། །གསུངས་པ་སོགས་མི་མཐུན་པ་མེད། འོན་ཀྱང་སྡུག་བདེན་སྔོན་ལ་བསྟན་པ་དང་ཀུན་འབྱུང་ཕྱིས་སུ་བསྟན་པ་འདི་ཡུལ་ཅན་མངོན་པར་རྟོགས་པའི་གོ་རིམ་ཡིན་པ་མཛོད་དང་རྒྱུད་བླ་མ་ཀུན་མཁྱེན་ཆེན་པོས་གསུངས་ཡོད། འོ་ན། ཀུན་འབྱུང་མ་རྟོགས་པའི་སྔ་རོལ་དུ་སྡུག་བསྔལ་བདེན་པ་རྟོགས་པ་ཡིན་པར་ཐལ། འདོད་ན། མ་ཡིན་པར་ཐལ། སྡུག་བདེན་རྟོགས་པ་ལ་ཀུན་འབྱུང་རྟོགས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། སྡུག་བདེན་རྟོགས་པ་ལ་སྡུག་བདེན་གྱི་དོན་བློ་ཡུལ་དུ་འཆར་དགོས། སྡུག་བདེན་གྱི་དོན་བློ་ཡུལ་དུ་འཆར་བ་ལ་ལས་ཉོན་གྱི་འཕངས་འབྲས་སུ་གྱུར་པའི་ཟག་བཅས་རྟོགས་དགོས་པའི་ཕྱིར། ཁྱབ་པར་ཐལ། འཕགས་པ་དགོངས་པ་ངེས་པ་འགྲེལ་པའི་མདོའི་རྣམ་བཤད་ལས། སྡུག་བསྔལ་གྱི་དོན་ནི་ཉོན་མོངས་པ་ལས་འབྱུང་བའི་འདུ་བྱེད་དོ། །གཞན་གསུམ་ལ་ཡང་མཚན་ཉིད་རིམ་པ་བསྟན་ཏོ། །ཞེས་གསུངས་པ་ལྟར། འདི་རྟོགས་པའི་གོ་རིམ་མ་ཡིན་པར་ཐལ། རྟོགས་པའི་གོ་རིམ་ཡིན་ན་སྡུག་བདེན་དང་པོ་དང་ཀུན་འབྱུང་ཕྱིས་སུ་བསྟན་པ་གང་ཞིག་ཀུན་བྱུང་སྔོན་ལ་བསྟན་ནོ། །མཛོད་དང་རྒྱུད་བླ་མ་དང་ཀུན་མཁྱེན་ཆེན་པོས་མཛོད་འགྲེལ་ལུགས་དང་། སློབ་དཔོན་གུ་ཎ་ཤྲིས་མཛད་པའི་འཕགས་པ་དགོངས་པ་ངེས་པ་འགྲེལ་པའི་རྣམ་བཤད་ལས་གསུངས་པ་གཉིས་འགལ་བ་ལྟ་བུར་སྣང་བས་དཔྱད་དགོས་པ་འདུག་སྙམ་མོ། །
བཞི་པ་སོ་སོའི་མཚན་ཉིད་ནི། བྱམས་པའི་ཞལ་ལུང་ལས། འཁོར་བའི་འབྲས་བུས་བསྡུས་པའི་ཟག་བཅས་མཚན་ཉིད། མཚོན་བྱ་སྡུག་བདེན། འཁོར་བའི་རྒྱུས་བསྡུས་པའི་ཟག་བཅས། ཀུན་བྱུང་བདེན་པ། རྣམ་བྱང་གི་འབྲས་བུས་བསྡུས་པའི་ཟག་མེད་ཀྱི་ཆོས། འགོག་བདེན། རྣམ་བྱང་གྱི་རྒྱུས་བསྡུས་པའི་ཟག་མེད། ལམ་བདེན། ཞེས་གསུངས་ཏེ། འཕགས་པ་ཐོགས་མེད་ཀྱིས་གཏན་ལ་དབབ་པར་བསྡུས་བ་ལས། སྡུག་བསྔལ་བདེན་པའི་དོན་གང་ཞེ་ན། སྨྲས་པ། ཉོན་མོངས་པ་ལས་བྱུང་བའི་འདུ་བྱེད་ཀྱི་དོན་ཏོ། །ཀུན་བྱུང་བདེན་པའི་དོན་གང་ཞེ་ན། སྨྲས་པ། སྡུག་བསྔལ་བདེན་པ་བསྐྱེད་པའི་དོན་ཏོ། །འགོག་པའི་དོན་གང་ཞེ་ན། སྨྲས་པ། དེ་གཉིས་ཉེ་བར་ཞི་བའི་དོན་ཏོ། །ལམ་གྱི་བདེན་པའི་དོན་གང་ཞེ་ན། སྨྲས་པ། དོན་གསུམ་དག་བསྒྲུབ་པའི་དོན་ཏོ། །ཀུན་བཏུས་དང་ཉན་ས་སོགས་གཞུང་མང་བས་འདིར་མ་བྲིས་སོ། །
༼ དོགས་གཞི་གཉིས་པ། ༽
བདེན་པ་བཞིའི་མཚན་ཉིད་བཞི་ལས་ཐ་མ་ལམ་གྱི་བདེན་པའི་མཚན་ཉིད་ཟུར་ལ་ཟག་མེད་ལ་དཔྱད་པ། རྣམ་བྱང་གི་རྒྱུས་བསྡུས་པའི་ཟག་མེད། ལམ་བདེན། ཞེས་པ་ལྟར་ན། རྣམ་བྱང་གི་རྒྱུས་བསྡུས་པའི་ཟག་མེད་ཡིན་ན་ལམ་བདེན་ཡིན་པས་ཁྱབ་པའོ། །མོས་པ་སྒོམ་ལམ་ཆོས་ཅན། ཟག་མེད་ཡིན་པར་ཐལ། འདོད་ན། ཟག་མེད་མ་ཡིན་པར་ཐལ། རྣམ་བྱང་གི་རྒྱུས་བསྡུས་པའི་ཟག་མེད་མ་ཡིན་པའི་ཕྱིར། ཁྱོད་ཟག་བཅས་ཡིན་པའི་ཕྱིར་ཏེ། ཟག་བཅས་སྒོམ་ལམ་ཡིན་པའི་ཕྱིར། ཁྱབ་པར་ཐལ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་ན། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་ཡིན་དགོས་པའི་ཕྱིར། ཚིག་གསལ་ལས། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་བྱེ་བྲག་ནི་རྣམ་པར་རྟོག་པ་བཅས་པ་དང་། དེ་དང་འབྲེལ་བ་གཙོ་བོར་འགྱུར་པའོ། །ཡང་འགྲེལ་པ་དོན་གསལ་ལས། དེ་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེའི་ཕྱིར་སྒོམ་པའི་ལམ་ཟག་པ་དང་བཅས་པ་མོས་པ་དང་། སྒོམ་པའི་ལམ་མོས་པ་ཡིད་ལ་བྱེད་པའོ། །ཞེས་གསུངས་སོ། །བྱམས་པའི་ཞལ་ལུང་ལས། སྒོམ་པའི་ལམ་གྱི་དབྱེ་བ་རྗོགས་མ་ཐག་སྤྱིར་ཟག་བཅས་ཟག་མེད་སྒོ་དྲུག་དང་འབྲེལ་མ་འབྲེལ་དང་། འདོད་པ་དང་། སྲེད་པ། མ་རིག་པ། ལྟ་བའི་ཟག་པ་སྤངས་མ་སྤངས་དང་། ཤེས་སྒྲིབ་སྤངས་མ་སྤངས་གསུམ་ཡོད་པ་ལས། འདིར་ཕྱི་མ་སྟེ། གལ་ཏེ་ཤེར་ཕྱིན་གྱི་སྐབས་སུ་ཟག་བཅས་ཟག་མེད་ཀྱི་དོན་འདི་ལྟར་བྱས་ན་མཐོང་སྒོམ་གཉིས་ཀྱང་འདིར་ཟག་མེད་ལ་འཇོག་མི་ནུས་པས་ལམ་བདེན་མིན་པར་འགྱུར་ཞིང་ཀུན་མཁྱེན་གྱིས་ལམ་བདེན་དུ་དབྱེ་བ་དང་འགལ་བས་ཟག་བཅས་ཟག་མེད་ཀྱི་དོན་ནི་ཟག་པའི་སྒོ་དྲུག་དང་འབྲེལ་མ་འབྲེལ་འཇོག་དགོས་པས་སོ། །
མདོར་ན་དབུ་མའི་ལུགས་ལ་ཟག་བཅས་ཟག་མེད་དོན་ནི་དབུ་མའི་རྒྱ་གཞུང་དུ་ཁོ་བོས་མ་མཇལ། ཀུན་བཏུས་ལྟར་ཟག་པའི་སྒོ་དྲུག་གང་རུང་འབྲེལ་བས་འཇོག་ན་མཐོང་སྒོམ་ཀྱང་ཟག་བཅས་སུ་འགྱུར་ཏེ། ཟག་པའི་སྒོ་གསུམ་པ་ཟག་པའི་རྗེས་སུ་འབྲེལ་དང་ལྡན་པའི་ཕྱིར་ཏེ། ཟག་པའི་གནས་ངན་ལེན་དང་ལྡན་པའི་ཕྱིར། ཟག་པའི་ངན་ལེན་ནི་ཟག་པའི་བག་ཆགས་དང་ས་བོན་གང་ལ་འཇོག་ཀྱང་མཐོང་སྒོམ་མཐའ་དག་ཟག་མེད་དུ་འཇོག་པར་དཀའ་བས་དཔྱད་དགོས་པ་ཡོད་དོ། །
གཞན་ཡང་། སངས་རྒྱས་འཕགས་པའི་རྒྱུད་ཀྱི་མཁྱེན་པ་ཆོས་ཅན། ལམ་བདེན་ཡིན་པར་ཐལ། འདོད་ན། མ་ཡིན་པར་ཐལ། རྣམ་བྱང་གི་རྒྱུས་བསྡུས་པའི་ཟག་མེད་མ་ཡིན་པའི་ཕྱིར་ཏེ། རྣམ་བྱང་གི་འབྲས་བུས་བསྡུས་པའི་ཟག་མེད་ཡིན་པའི་ཕྱིར་ཏེ། ཁྱོད་འགོག་བདེན་ཡིན་པའི་ཕྱིར། མཚན་ཉིད་ཚང་བའི་ཕྱིར། ཡིན་པར་འདོད་ན། ལམ་བདེན་དང་འགོག་བདེན་འགལ་བ་མ་ཡིན་པར་ཐལ་ལོ། །རྣམ་བྱང་གི་འབྲས་བུས་བསྡུས་པའི་ཟག་མེད། འགོག་བདེན། ཞེས་པའི་སྐབས་འདུས་བྱས་ཀྱི་ངོ་བོར་འགྱུར་པའི་འབྲས་བུ་ལ་བཞག་ན། འདུས་བྱས་མ་ཡིན་པར་ཐལ། འདུས་མ་བྱས་ཡིན་པའི་ཕྱིར་ཏེ། འདུས་མ་བྱས་གསུམ་པོ་གང་རུང་ཡིན་པའི་ཕྱིར་ཏེ། སོ་སོར་བརྟགས་འགོག་ཡིན་པའི་ཕྱིར། མཛོད་ལས། ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ཞེས་གསུངས་པ་ལྟར་ན་འདུས་བྱས་ཀྱི་འབྲས་བུ་མ་ཡིན་པར་འདུས་མ་བྱས་ལ་བཞག་དགོས་པ་སྙམ་མོ། །བློ་ལྡན་རྣམས་ཀྱིས་ཅི་ནས་ཀྱང་ཞིབ་ཏུ་དཔྱད་དགོས་སོ། །
མཐའ་མའི་བསྔོ་བ་ནི།
འདི་ལས་ཆད་ལྷག་གང་བྱུང་བ། །བློ་ལྡན་བདག་ལ་བཟོད་པར་གསོལ། །
འདི་ལས་རྣམ་དཀར་གང་བྱུང་བ། །སྐྱེ་རྒུ་ཡོངས་ལ་ཕན་པར་ཤོག །
ཅེས་བསྟན་བཅོས་མཁན་ལོ་ངོ་དང་པའི་སློབ་ཕྲུག་དགེ་དམ་ཆོས་དབང་ཕྱུག་གིས་པད་དཀར་ལེགས་བཤད་སྙིང་པོའི་རྩོམ་ཤོག་གི་ཚུལ་དུ་རང་ལུགས་གནམ་ལོ་ཆུ་མོ་ཡོས་ལོ་ སྤྱི་ལོ་ ༢༠༢༣ ལོར་བྲིས་པ་དགེའོ།།. །།
![]() |
བསྟན་བཅོས་མཁན་ལོ་ངོ་དང་པ་ དམ་ཆོས་དབང་ཕྱུག |
བསམ་འཆར།