མཆོད་བརྗོད་ནི། ལུང་རྟོགས་བསྟན་པའི་ཕུན་ཚོགས་ལྗོན་ཤིང་ལས། །རོ་བཅུད་མངར་བའི་དོན་བརྒྱུད་དམ་པའི་འབྲས། ། ཕྱག་གིས་སྟེར་བས་འགྲོ་ཀུན་ཚིམ་མཛད་པའི། ...
མཆོད་བརྗོད་ནི།
ལུང་རྟོགས་བསྟན་པའི་ཕུན་ཚོགས་ལྗོན་ཤིང་ལས། །རོ་བཅུད་མངར་བའི་དོན་བརྒྱུད་དམ་པའི་འབྲས། །
ཕྱག་གིས་སྟེར་བས་འགྲོ་ཀུན་ཚིམ་མཛད་པའི། །མི་ཕམ་པད་དཀར་རྟག་ཏུ་གཙུག་ན་མཆོད། །
བརྩམས་པར་དམ་བཅའ་བ་ནི།
བཀའ་བསྟན་གཞུང་བཟང་སྒྱུ་སྐར་གྲངས་ལས་འདས། །པད་དཀར་དགོངས་དོན་རང་བློས་དཔག་པར་དཀའ། །
ཡིན་ཡང་མཁས་པའི་བྱ་དང་མཐུན་བྱའི་ཕྱིར། །བརྩོན་པའི་སེམས་ཀྱིས་སྤྲོ་བས༌འབྲི་ལ་འཇུག །
ཅེས་མཆོད་བརྗོད་ཀྱི་ལེགས་ཚིག་སྔོན་དུ་བཏང་ནས་མངོན་རྟོགས་རྒྱན་ལས། ངེས་འབྱེད་ཡན་ལག་རྣམས་བཞི་དང་། །ཞེས་པའི་གཞུང་ལས་འཕྲོས་ནས་ཐེག་ཆེན་ངེས་འབྱེད་ཆ་མཐུན་གྱི་སྐོར་ཅུང་ཟད་ཙམ་སྤྲོ་བ་ལ། གཉེན་པོ་སྦྱོར་ལམ་དང་། སྤང་བྱ་རྟོག་པ་བཞི་ལ་དཔྱད་པ་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ། ཉན་རང་ལས་ཁྱད་པར་འཕགས་ཚུལ། བློ་རིག་ངོས་བཟུང་བ་དང་བཞི་ལས། དང་པོ་ནི། མངོན་རྟོགས་རྒྱན་ལས། ངེས་འབྱེད་ཡན་ལག་རྣམ་བཞི་དང་། །ཞེས་པའི་གཞུང་ལས་འཕྲོས་ནས་ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ནི། ཐེག་ཆེན་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་ཞིང་ཐེག་ཆེན་མཐོང་ལམ་མ་སྐྱེས་གོང་གི་བདེན་བཞི་རྟོགས་པ་དང་དམིགས་རྣམ་རྗེས་སུ་མཐུན་པ་སྟེ། དོན་གསལ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པ་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་ཐར་པའི་ཆ་དང་མཐུན་པ་དད་པ་སོགས་པའི་མཚན་ཉིད་ཀྱི་དགེ་བའི་རྩ་བའི་འོག་ཏུ་བདེན་བཞི་རྟོགས་པ་དང་རྗེས་སུ་མཐུན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ། ཞེས་དང་། འཕགས་པས། ཐར་པའི་ཆ་དང་མཐུན་པའི་དགེ་རྩ་བ་ཕུལ་དུ་ཕྱིན་པར་ཐོབ་པ་ལས་དྲོ་བ་གྱུར་བ་ཞེས་བྱ་བ་ལས་བྱུང་བ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེས་ཏེ། ཞེས་གསུངས་སོ། །འགའ་ཞིག་གིས། དེའི་མཚན་ཉིད་ལ་ ཆོས་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཐེག་ཆེན་སོ་སྐྱེའི་མངོན་རྟོགས་ཟེར་བ་ནི་ཁྱབ་ཆུང་སྟེ། མངོན་པ་ཀུན་བཏུས་ལས། སྦྱོར་བའི་ལམ་གང་ཞེ་ན་ཚོགས་ཀྱི་ལམ་གང་ཡིན་པ་སྦྱོར་བའི་ལམ་ཡང་དེ་ཡིན་ནོ། །ཞེས་གསུངས་པའི་ཐོས་བསམ་གྱི་ངོ་བོར་གྱུར་པའི་ཚོགས་ལམ་ཡོད་པ་བཞིན་དུ་དེའི་ངོར་གྱུར་པའི་སྦྱོར་ལམ་ཡོད་པར་གསུངས་པ་དང་། སྐབས་བཞི་པར་འཆད་པའི་སྦྱོར་ལམ་རྗེས་ཐོབ་ལ་མི་ཁྱབ་པའི་ཕྱིར་ཏེ། དེ་གཉིས་ག་ཆོས་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པ་མ་ཡིན་པའི་ཕྱིར་རོ། །འོ་ན་མཛོད་དུ༌དེའི་ངོ་བོ་བཤད་སྐབས། སྒོམ་བྱུང་ཞེས་དང་། སློབ་དཔོན་གྱིས། འཇིག་རྟེན་པའི་སྒོམ་པ་ལས་བྱུང་བ། ཞེས་སྒོམ་བྱུང་དུ་གསུངས་པས་སོ་ཞེ་ན། སྤྱིར་གཙོ་ཆེ་བ་དང་ཁྱད་པར་གཞུང་དེ་དག་སྦྱོར་ལམ་མཉམ་གཞག་འཆད་པའི་སྐབས་གསུངས་པས་སྐྱོན་མེད་དོ། །
གཉིས་པ་དབྱེ་བ་ནི། མངོན་རྟོགས་རྒྱན་ལས། དྲོས་སོགས་བདག་ཉིད། ཅེས་དང་། ཆུང་དང་འབྲིང་དང་ཆེན་པོ་རྣམས། །
ཞེས་གསུངས་པ་ལྟར་རྒྱུད་ལ་སྐྱེ་བའི་རིམ་པས་དྲོ་སོགས་བཞི་སྟེ། ཚོགས་ལམ་དུ་ཆོས་ཀྱི་རྒྱུན་ལ་གདམས་ངག་རྒྱ་ཆེན་པོ་རྙེད་པ་ལྟར་ཆོས་རྣམ་པར་བྱས་ཤིང་མཉམ་པར་གཞག་པའི་སེམས་ཀྱིས་ཆོས་ཐམས་ཅད་བདག་མེད་པར་སྒོམ་པ་ན།ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་གསལ་བའི་ཕྱིར་ཆོས་ཐམས་ཅད་ཡིད་ཀྱི་བརྗོད་པ་ཙམ་དུ་མཐོང་བ་དྲོས་ཏེ། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་པ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པར། །ཞེས་སོགས་གསུངས་པ་དང་། དེ་ནས་བདག་མེད་པར་སྒོམ་པ་ལ་བརྩོན་འགྲུས་རྩོམ་པའི་ཡེ་ཤེས་ཀྱི་སྣང་བ་འབྲིང་ཙམ་དུ་འཕེལ་བར་གྱུར་པའི་ཕྱིར་རྩེ་མོ་སྟེ། དེ་ཉིད་ལས།
ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་ཏུ་རྩོམ། །ཞེས་སོ། །དེ་ནས་སེམས་ཙམ་དུ་གནས་པས་ཕྱིའི་དོན་ལ་མངོན་ཞེན་མེད་པའི་ཤིན་ཏུ་གསལ་བར་ཤེས་པའི་སྣང་བ་སྐྱེས་པའི་ཕྱིར་བཟོད་པ་སྟེ། དེ་ཉིད་ལས། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་རྣམ་པར་གནས། །ཞེས་སོགས་གསུངས་པ་དང་། དེས་ནས་གང་གི་ཚེ་དོན་ལ་འཛིན་པར་བྱེད་པའི་རྣམ་པར་གཡེང་བར་སྣང་བ་མེད་པར་ཡེ་ཤེས་ཀྱི་སྣང་བ་རྫོགས་པར་གྱུར་བའི་ཕྱིར་ཆོས་མཆོག་སྟེ། དེ་ཉིད་ལས། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཅེས་སོ། །དེ་ལ་ཡང་དབང་པོ་རྣོ་རྟུལ་གྱི་ཁྱད་པར་གྱིས་ཆུ་ངུ་སོགས་བཅུ་གཉིས་སུ་འབྱེད་དོ། །མདོ་སྡེ་རྒྱན་ལས་གསུངས་པ་དང་སྐབས་དང་པོའི་འདི་དག་མཉམ་གཞག་ཁོ་ན་ལ་དགོངས་པ་ཡིན་ཏེ་སྒོམ་བྱུང་ཡིན་པར་གསུངས་པའི་ཕྱིར་རོ། །
གསུམ་པ་ཉན་རང་ལས་ཁྱད་པར་འཕགས་ཚུལ་ནི། མངོན་རྟོགས་རྒྱན་ལས། དམིགས་པ་དང་ནི་རྣམ་པ་དང་། །སོགས་ཀྱིས་བསྟན་ཞིང་དེ་ལ་སློབ་དཔོན་གྱི་ཆོས་ལྔའི་སྒོ་ནས་དང་། འཕགས་པས་ཆོས་བཞིའི་སྒོ་ནས་ཁྱད་པར་འཕགས་ཚུལ་མི་མཐུན་པ་མང་ཡང་སྐབས་འདིར་ཀུན་མཁྱེན་ཆེན་པོས། དམིགས་པ། རྣམ་པ། རྒྱུ། ཡོངས་འཛིན། རྟོག་པ་ལྡན་ཚུལ་དང་། དབྱེ་བའི་ཁྱད་པར་ཏེ་ཆོས་དྲུག་གི་སྒོ་ནས་ཁྱད་པར་འཕགས་པར་བཞེད་དོ། །
དང་པོ་དམིགས་པའི་ཁྱད་པར་ནི། དོན་གསལ་ལས། དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་བདེན་བཞིའི་དངོས་པོ་ལ་དམིགས་པ་ཞེས་དང་། ཀུན་མཁྱེན་ཆེན་པོས། འདིར་སྡུག་བདེན་གྱི་མི་རྟག་པ་སོགས་དེའི་ཆོས་ལ་དམིགས་ལ། ཞེས་གསུངས་པ་ལྟར་ཐེག་ཆེན་སྦྱོར་ལམ་གྱིས་བདེན་བཞིའི་རྣམ་པ་མི་རྟག་སོགས་ལ་དམིགས་པ་དང་། ཉན་རང་གི་སྦྱོར་ལམ་གྱིས་ནི། དོན་གསལ་ལས། གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པའི་བདག་ཉིད་ཀྱི་བདེན་བཞི་ལ་དམིགས་པ་ཞེས་དང་། ཀུན་མཁྱེན་ཆེན་པོས། ཉན་རང་གི་སྡུག་བདེན་སོགས་རང་མཚན་དམིགས་པ། ཞེས་གསུངས་པ་ལྟར་བདེན་བཞི་མི་རྟག་སོགས་ཀྱི་མཚན་ཉིད་ཀྱིས་གྲུབ་པར་དམིགས་པ་ཡིན་ནོ། །དེས་ན་ཐེག་ཆེན་སྦྱོར་ལམ་དེས་བདེན་བཞིའི་དངོས་པོ་ངོ་བོ་ཉིད་ཀྱིས་མ་གྲུབ་པར་དམིགས་པས་ཁྱད་འཕགས་སོ། །
གཉིས་པ་རྣམ་པའི་སྒོ་ནས་ཁྱད་འཕགས་ཚུལ་ནི། དོན་གསལ་ལས། ཆོས་སུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པ་ཞེས་དང་། ཀུན་མཁྱེན་ཆེན་པོས། དེའི་རྣམ་པ་ཆོས་སུ་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་མངོན་པར་ཞེན་པ་མེད་པ་ལ་སོགས་པའོ། །ཞེས་གསུངས་པ་ལྟར་གཟུགས་ལ་སོགས་པའི་ཆོས་མི་རྟག་སོགས་ཆོས་སུ་མངོན་པར་ཞེན་པ་བཀག་པའི་རྣམ་པ་དང་། ཉན་རང་གི་ནི་དོན་གསལ་ལས། བདག་ཏུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མི་རྟག་པ་ལ་སོགས་པའི་རྣམ་པར་ཞུགས་པ་ཞེས་དང་། ཀུན་མཁྱེན་ཆེན་པོས། དེའི་རྣམ་པ་མི་རྟག་སོགས་ཀྱི་དམིགས་ལ་དེ་ཁ་ཆོས་སུ་ལྟ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་གཟུགས་ལ་སོགས་པའི་ཆོས་མི་རྟག་སོགས་ཀྱི་རྣམ་པར་ཞུགས་པ་ཡིན་ནོ། །དེས་ན་ཐེག་ཆེན་སྦྱོར་ལམ་དེ་མི་རྟག་སོགས་ཆོས་སུ་ལྟ་བའི་མངོན་ཞེན་བཀག་པའི་རྣམ་པ་ཅན་ཡིན་པས་ཁྱད་པར་འཕགས་སོ། །
གསུམ་པ་རྒྱུའི་སྒོ་ནས་ཁྱད་པར་འཕགས་ཚུལ་ནི། དོན་གསལ་ལས། ཐེག་པ་གསུམ་ཆར་རྟོགས་པའི་རྒྱུའི་ངོ་བོ་ཞེས་དང་། ཀུན་མཁྱེན་ཆེན་པོས། ཐེག་པ་གསུམ་ཆར་རྟོགས་པའི་རྒྱུ་ཉིད་དང་། །ཞེས་གསུངས་པ་ལྟར་ཐེག་ཆེན་སྦྱོར་ལམ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བའི་མཐོང་ལམ་གྱི་རྒྱུ་བྱེད་པའི་ཕྱིར་དང་། ད་ལྟ་རང་གི་སྐབས་སུའང་སྒྲ༌དོན༌འཛིན༌པའི༌
རྟོགས༌རིགས༌གསུམ༌པོ༌དུས༌སྔ༌ཕྱི༌རྫས༌ཐ༌དད༌དུ༌ཡོད༌དེ། བདེན་བཞིའི་སྟེང་དུ་རྟག་སོགས་ཀྱི་སྤྲོས་པ་བཀག་སྟེ་གང་ཟག་གི་བདག་གི་སྐྱེ་མེད་དུ་རྟོགས་པ་དང་། གཟུང་བ་ཕྱི་རོལ་གྱི་དོན་དུ་ཞེན་པའི་སྤྲོས་པ་བཀག་སྟེ་དེ་སྐྱེ་མེད་དུ་རྟོགས་པ་དང་། འཛིན་པ་ལ་མི་རྟག་སོགས་ཀྱི་སྤྲོས་པ་བཀག་སྟེ་དེ་སྐྱེ་མེད་དུ་རྟོགས་པའི་རྟོགས་རིགས་གསུམ་པོ་སྦྱོར་ལམ་ཡོད་པའི་ཕྱིར་ཏེ། དེའི༌སྐབས༌སུ༌མཁྱེན༌གསུམ༌གྱི༌རྣམ༌པ༌སྒོམ༌དགོས༌པའི༌ཕྱིར༌རོ། །རྟོགས༌རིགས༌གསུམ༌པོ༌ངོ༌བོ༌གཅིག༌མིན༌ཏེ།གང༌ཟག༌གི༌བདག༌མེད༌པའི༌རྣམ༌པར༌སྐྱེ༌བའི༌ཚེ༌གཟུང༌བ༌རང༌བཞིན༌མེད༌པའི༌རྣམ༌པར༌འགལ༌ཞིང༌། གཟུང༌བ༌རང༌བཞིན༌མེད༌པའི༌རྣམ༌པར༌སྐྱེ༌བའི༌ཚེ༌དང༌པོ༌གཉིས༌ཀྱི༌རྣམ༌པར༌འགལ༌བའི༌ཕྱིར༌རོ། །ཉན་རང༌གིས་རང་གི་ཐེག་པ་རྟོགས་པ་ཙམ་ལས་དེ་ལྟ་བུའི་ཁྱད་པར་མི་ཚང་བའི་སྒོ་ནས་ཐེག་ཆེན་སྦྱོར་ལམ་ཁྱད་འཕགས་སོ། །
བཞི་པ་ཡོངས་འཛིན་གྱི་སྒོ་ནས་ཁྱད་པར་འཕགས་ཚུལ་ནི། དོན་གསལ་ལས། དགེ་བའི་བཤེས་གཉེན་ཐབས་ལ་མཁས་པའི་མཚན་ཉིད་ཀྱིས་ཡོངས་སུ་འཛིན་པ་དང་ལྡན་པ། ཞེས་གསུངས་པ་ལྟར། ཐེག་ཆེན་དགེ་བའི་བཤེས་གཉེན་ནི། མངོན་རྟོགས་རྒྱན་ལས། སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེའི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པ་ལྟར། སེམས་དཔའ་མི་འགོང་བ་སོགས་དང་། ངོ་བོ་ཉིད་མེད་པ་སོགས་སྟོན་པ་དང་། སེར་སྣ་ལ་སོགས་པའི་ཆོས་བོར་བ་སོགས་ཀྱི་ཐབས་ལ་མཁས་པ་ཡིན་ཞིང་ཉན་རང་དེ་དག་དེ་དང་བྲལ་བའི་ཕྱིར་ཐེག་ཆེན་ཁྱད་འཕགས་སོ། །
ལྔ་པ་རྟོག་པ་ལྡན་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་ཚུལ་ནི། མངོན་རྟོགས་རྒྱན་ལས། རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །
ཞེས་དང་། དོན་གསལ་ལས། མཐོང་བ་དང་སྒོམ་པའི་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་བར་འབྱུང་བ། ཞེས་གསུངས་པ་ལྟར། སྦྱོར་མཐོང་སྒོམ་ལམ་གསུམ་གྱིས་སྤང་བར་བྱ༌བའི་གཟུང་འཛིན་གྱི་རྟོག་པ་རྣམས་ཡིན་ཞིང་དེ་ཡང་སྦྱོར་ལམ་གྱི་གྲངས་བཞིན་ལྡན་པ་ཡིན་ནོ། །
འོ་ན་རྣམ་རྟོག་བཞི་པོ་སྦྱོར་ལམ་གྱི་སྤང་བྱར་བཤད་པས་དེ་ལ་ཇི་ལྟར་ལྡན་སྙམ་ན། སྦྱོར་ལམ་གྱི་སྤང་བྱར་གྱུར་པའི་རྟོག་པ་ནི་སྒྲུབ་རྟོག་མངོན་གྱུར་ཁོ་ན་ཡིན་གྱི་རྟོག་པ་ཐམས་ཅད་མིན་ནོ། །འོ་ན་སྒྲུབ་རྟོག་དེ་དག་སྦྱོར་ལམ་ལ་མི་ལྡན་ནམ་ཞེ་ན། མི་ལྡན་པ་མིན་སྟེ་སྦྱོར་ལམ་དྲོས་མཉམ་གཞག་ཏུ་ཀུན་ཉོན་གཟུང་རྟོག་མངོན་གྱུར་མི་ལྡན་ཏེ། དེའི་གཉེན་པོ་ཀུན་ཉོན་གཟུང་བ་རང་བཞིན་མེད་པར་རྟོགས་པའི་བློ་མངོན་དུ་གྱུར་པའི་ཕྱིར། དེ་ལྟ་ན་ཡང་དེ་མངོན་སུམ་དུ་མ་རྟོགས་པས་ས་བོན་ལྡན་ནོ། །དེ་བཞིན་རྩེ་མོ་མཉམ་གཞག་ཏུ་རྣམ་བྱང་གཟུང་རྟོག་གི་གཉེན་པོ་མངོན་དུ་གྱུར་པས་རྣམ་བྱང་གཟུང་རྟོག་མངོན་གྱུར་མི་ལྡན་ཡང་གཟུང་རྟོག་གཉིས་གའི་ས་བོན་ལྡན་ནོ། །བཟོད་པའི་མཉམ་གཞག་ཏུ་རྫས་འཛིན་རྟོག་པ་མངོན་གྱུར་དུ་མི་ལྡན་ཡང་གཟུང་རྟོག་གཉིས་དང་དེའི་ས་བོན་ལྡན་ནོ། །ཆོས་མཆོག་གི་མཉམ་གཞག་ཏུ་བཏགས་འཛིན་རྟོག་པ་མངོན་གྱུར་དུ་མི་འབྱུང་ཞིང་རྟོག་པ་བཞི་གའི་ས་བོན་ལྡན་ནོ། །དེ་བཞིན་མཐོང་སྤང་ཀུན་བརྟགས་དང་སྒོམ་སྤང་ལྷན་སྐྱེས་ཀྱང་ལྡན་ནོ། །དེ་བཞིན་དགག་རྟོག་བཞིའང་ལྡན་ཏེ། ཀུན་མཁྱེན་ཆེན་པོས། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པའམ་དོན་དུ་མེད་པར་ཤེས་པ་དྲོས་ལ་དང་། རྣམ་བྱང་གཟུང་བ་རང་བཞིན་མེད་པའམ་དོན་དུ་མེད་པར་ཤེས་པ་རྩེ་མོ་ལ་དང་། རྫས་འཛིན་རང་བཞིན་མེད་པར་ཤེས་བཟོད་པ་ལ་དང་། བཏགས་འཛིན་རང་བཞིན་མེད་པར་ཤེས་པ་ཆོས་མཆོག་ལ་ལྡན་ནོ་ཞེས་སོ། །དགག་རྟོག་དེ་དག་སྦྱོར་ལམ་དང་ངོ་བོ་གཅིག་པའི་ཚུལ་གྱིས་ལྡན་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། དེ་བཞིའང་ངེས་པར་བྱེད་པའི་ཆ་དང་མཐུན་པའི་ངོ་བོ་ཡིན་ནོ། །ཞེས་སོ། །འོ་ན་ཉན་རང་གི་སྦྱོར་ལམ་ལ་རྟོག་པ་དེ་དག་མི་ལྡན་ནམ་ཞེ་ན་། ཉན་རང་ལ་དེ་དག་གི་གཉེན་པོ་མངོན་དུ་མ་གྱུར་པས་རྟོག་པ་དེ་དག་ལྡན་ནོ། །འོ་ན་ཐེག་ཆེན་སྦྱོར་ལམ་ཉན་རང་ལས་རྟོག་པ་ལྡན་ཚུལ་གྱི་སྒོ་ནས་ཁྱད་མི་འཕགས་པར་འགྱུར་རོ་ཞེ་ན། རྟོག་པ་དེ་དག་ཉན་རང་ལ་ལྡན་ཡང་ཆོས་སུ་འཛིན་པ་ཡིན་པས་དེ་དག་གི་བྱང་ཆུབ་ཀྱི་གེགས་སུ་མ་གྱུར་པས་དེ་དག་དང་ལྡན་ཡང་མི་ལྡན་པར་རྣམ་པར་བཞག་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། རྣམ་པར་རྟོག་པ་བཞི་པོ་རང་གི་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་མ་ཡིན་པས་ན་གང་གི་ཕྱིར་དེ་དང་འདྲེས་ཀྱང་མ་འདྲེས་པར་སྐྱེས་པ་ཡིན་ནོ་ཞེས་རྣམ་པར་བཞག་གོ། །ཞེས་སོ། །དེས་ན་ཐེག་ཆེན་སྦྱོར་ལམ་ལ་རྟོག་པ་དེ་དག་སྤང་བྱར་ལྡན་པས་དེ་ཉན་རང་ལས་ཁྱད་འཕགས་སོ། །
དྲུག་པ་དབྱེ་བའི་ཁྱད་པར་འཕགས་ཚུལ་ནི། མཛོད་ལས། ཆོས་མཆོག་དེ་བཞིན་སྐད་ཅིག་མ། །ཞེས་ཐེག་དམན་གྱི་སྦྱོར་ལམ་ཆོས་མཆོག་ལ་ཆུང་འབྲིང་ཆེན་པོ་རྣམས་དབྱེ་རྒྱུ་མེད་པས། ཆུང་འབྲིང་སོགས་དབྱེ་རྒྱུ་ཡོད་མེད་ཀྱི་ཆ་ནས་ཐེག་ཆེན་སྦྱོར་ལམ་ཁྱད་འཕགས་སོ། །
བཞི་པ་བློ་རིག་གང་ཡིན་ངོས་བཟུང་བ་ནི། སྤྱིར་ཐེག་ཆེན་སྦྱོར་ལམ་ལ་རྟོག་རྟོག་མེད་གཉིས་ཀ་ཡོད་ཀྱང་སྦྱོར་ལམ་མཉམ་གཞག་བློ་རིག་དེ་དང་དེ་ཡིན་ཞེས་འཇོག་དཀའ་བའི་རྒྱུ་མཚན་ནི། ཐེག་ཆེན་སྦྱོར་ལམ་མཉམ་གཞག་གིས་ཆོས་ཉིད་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པར་བཤད་ཀྱང་། རྟོག་རྟོག་མེད་དུ་བཤད་པར་རྩ་འགྲེལ་གང་དུ་ཡང་གསལ་ཁ་མི་སྣང་བའི་རྒྱུ་མཚན་གྱིས་སོ། །དེས་ན་སྦྱོར་ལམ་གཉམ་བཞག་བློ་རིག་ངོས་འཛིན་ཚུལ་ལ་རང་བློར་གང་འབབ་དེ་ཞུ་ན། སྦྱོར་ལམ་མཉམ་གཞག་གིས་ཆོས་ཉིད་འཛིན་སྟངས་བྱས་ཤིང་མངོན་སུམ་དུ་མ་བྱས་པས་ན་སྒྲ་དོན་འཛིན་པའི་རྟོག་པ་ལས་འོས་མེད་དོ། །དེས་ན་སྦྱོར་ལམ་མཉམ་གཞག་བདག་མེད་ཀྱི་དོན་སྤྱི་རང་ལ་སྣང་བ་དེ་ལ་མོས་ནས་འཛིན་པའི་བློ་ཡིན་པའི་ཕྱིར་དང་། ཐོས་བསམ་གྱི་སྒོ་ནས་སྟོང་ཉིད་རྟོགས་པའི་བཅད་ཤེས་ཀྱི་རྒྱུན་གོམས་སྟོབས་ཀྱིས་སྒོམ་བྱུང་དུ་གྱུར་ནས་ཆོས་ཉིད་ཀྱི་དོན་སྤྱི་གསལ་བར་སྣང་བའི་བློ་ཡིན་པའི་ཕྱིར་དང་། རང་ཡུལ་ཆོས་ཉིད་དེའི་དོན་སྤྱི་ཤར་བའི་སྒོ་ནས་འཛིན་པའི་བློ་ཡིན་པའི་ཕྱིར་ན་རྟོག་པ་ཡིན་པར་འཐད་དོ། །དོན་དེ་ལ་དགོངས་ནས་ཀུན་མཁྱེན་ཆེན་པོས། གནས་སྐབས་དེ་དག་ཐམས་ཅད་ནི་ལྷག་པར་མོས་པ་ལ་བརྟན་པ་ཡིན་པས་མོས་པར་སྤྱོད་པའི་ས་ཞེས་ཤེས་པར་བྱ་ཞེས་དང་། དེ་བཞིའང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ་ཡིན་ནོ། །ཞེས་རྣམ་རྟོག་དང་སྦྱོར་ལམ་ངོ་བོ་གཅིག་པར་གསུངས་པའི་ཕྱིར་རོ། །འོ་ན་སྦྱོར་ལམ་རྟོག་པ་ཡིན་པས་གསལ་སྣང་འགལ་ལོ་ཞེ་ན། གསལ་བར་སྣང་བའི་དོན་ཆོས་ཉིད་གསལ་བར་སྣང་བ་ལ་འཇོག་དཀའ་སྟེ། ཆོས་ཉིད་སྒྲ་རྟོག་གི་དངོས་ཡུལ་མིན་པས་རྟོག་པ་ལ་གསལ་བར་སྣང་བ་མེད་ཅིང་རྟོག་མེད་ལ་ཡིན་ན་དེ་རྣལ་འབྱོར་མངོན་སུམ་དུ་འགྱུར་བས་དེའི་ཕྱིར་ཆོས་ཉིད་ཀྱི་དོན་ནམ་དེ་དང་འདྲ་བ་ཞིག་གསལ་བར་སྣང་བ་ལ་འཇོག་དགོས་སྙམ་མོ། །འོ་ན་མངོན་རྟོགས་རྒྱན་ལས། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་གསུངས་པ་དང་འགལ་ལོ་སྙམ་ན། གཞུང་དེའི་དོན་ནི་མི་རྟག་སོགས་ཆོས་སུ་འཛིན་པའི་མངོན་ཞེན་བཀག་པའི་དོན་ཡིན་གྱི་མངོན་ཞེན་མཐའ་དག་མི་བཀག་སྟེ། ཀུན་མཁྱེན་ཆེན་པོས། མཐོང་སྒོམ་ལམ་གྱིས་སྤངས་བར་བྱ་བའི་རྟོག་པ་རྣམ་དང་མཚུངས་པར་ལྡན་ལ་ཞེས་དང་། དེ་བཞིའང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ་ཡིན་ནོ། །ཞེས་སྦྱོར་ལམ་ལ་མངོན་ཞེན་ཡོད་པ་དང་དེ་དེ་དང་ངོ་བོ་གཅིག་པར་གསུངས་པའི་ཕྱིར་རོ། །འོ་ན་སྦྱོར་ལམ་རྣམ་རྟོག་ཡིན་པས་སྤང་བྱར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། དེས་གཟུང་འཛིན་གྱི་ཆོས་རང་བཞིན་མེད་པར་རྟོགས་པའི་ཚེ་དེ་རང་བཞིན་མེད་པར་རྟོགས་པའི་བློ་དེ་ལམ་དངོས་དང་། མངོན་པར་ཞེན་པའི་བློ་དེ་ལམ་ཕྱི་མའི་སྤངས་བྱར་གྱུར་པའི་མཚན་འཛིན་ཏེ། དཔེར་ན་མྱུ་གུ་བདེན་མེད་རྟོགས་པའི་བློ་དེ་དང་དེར་མངོན་པར་ཞེན་པའི་བློ་སོ་སོར་ཕྱེས་དགོས་པ་བཞིན་ནོ། །ཐེག་ཆེན་སྦྱོར་ལམ་ཕལ་ཆེར་སྒྲ་དོན་འཛིན་པའི་རྟོག་པ་ཡིན་པ་དང་། དམན་ལམ་སྔོན་སོང་ལ་རྣལ་འབྱོར་མངོན་སུམ་ཡང་ཡོད་པ་ཡིན་ནོ། །
གཉིས༌པ༌སྤང་བྱ་རྟོག་པ་བཞི་ལ་དཔྱད་པ་ལགསུམ་སྟེ། རྟོག་པ་བཞིའི་ངོ་བོ་ངོས་བཟུང་བ། སྒྲིབ་གཉིས་གང་ཡིན་ངོས་བཟུང་བ་དང་། དེ༌དག༌སྤོང༌ཚུལ༌བཤད་པའོ། །དང་པོ་གཉིས༌ལས། དང༌པོ༌རྟོག༌པ༌སྤྱིའི༌ངོ༌བོ༌ནི། མངོན་རྟོགས་རྒྱན་ལས། གཞི༌དང༌དེའི༌གཉེན༌པོ༌ཡིས། །གཟུང༌བ༌རྟོགས༌པ༌རྣམ༌པ༌གཉིས། །སོགས༌ཚིག༌བཅད༌གཉིས༌ཀྱིས༌བསྟན༌པའི༌ རྟོག༌པའི༌ངོ༌བོ༌ནི། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གཟུང་འཛིན་གཉིས་སུ་སྣང་བའི་ཁམས་གསུམ་པའི་སེམས་སེམས་བྱུང་རྣམས་སྐབས་འདིའི་རྟོག་པ་ཡིན་ཞིང་དེའི་མཚན་ཉིད་ནི། ཡུལ་ཇི་ལྟ་བ་བཞིན་མ་ཡིན་པར་འཛིན་པའི་བློ་སྟེ། ཇི་སྐད་དུ། མིན་པའི་བདག་ཉིད་དག་ཤེས་བྱ། །ཞེས་སོ། །དེས་ན་རྟོག་པ་ཐམས་ཅད་ཡུལ་ཇི་ལྟ་བ་བཞིན་འཛིན་པ་མིན་པའི་ཕྱིར་སྐབས་ཀྱི་རྟོག་པར་བསྡུས་ཏེ། ཀུན་མཁྱེན་ཆེན་པོས།རྟོག༌གེ༌བས༌སྒྲ༌དོན༌འདྲེ༌རུང༌བའི༌ཤེས༌པ༌ཞིག༌ལ༌རྟོག༌པ༌ཟེར༌ལ༌འདིར༌ནི༌ཡུལ༌ཇི༌ལྟ༌བ༌མ༌ཡིན༌པར༌མངོན༌པར༌ཞེན༌པ༌ཞིག༌ལ༌ཟེར།།ཞེས༌སོ། །འོ་ན་སྐབས་ཀྱི་རྟོག་པ་ཡིན་ན་སྦྱོར་ལམ་གྱི་སྤང་བྱ་ ཡིན་པས་མ་ཁྱབ་བམ་སྙམ་ན། མཐོང་སྒོམ་ལམ་གྱི་སྤང་བྱར་ཡང་ཡོད་པར་གསུངས་པས་དེར་མ་ངེས་སོ། ། འོ༌ན༌འདིར་བསྟན་གྱི་རྟོག་པ་ཡིན་ན་སྤང་བྱ་ཡིན་པས་ཁྱབ༌བམ༌སྙམ༌ན། མི་ཁྱབ་སྟེ། འཛིན་པ་ཆོས་ཀྱི་བདག་མེད་ལ་མཉམ་པར་གཞག་པའི་ཐེག་ཆེན་སྦྱོར་ལམ་དང་ཐེག་ཆེན་སྦྱོར་ལམ་གྱི་ངོ་བོར་གྱུར་པའི་བྱམས་པ་ཚད་མེད་རྣམས་གཉིས་སྣང་དང་བཅས་པའི་ཕྱིར་སྐབས་འདིར་བསྟན་གྱི་རྟོག་པ་ཡིན་ཡང་སྤང་བྱ་མིན་ཏེ། སངས་རྒྱས་ཐོབ་པའི་རྒྱུར་གྱུར་པའི་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་ཡིན་པའི་ཕྱིར་རོ། །
བྱེ༌བྲག༌སྦྱོར༌ལམ༌གྱི༌སྤང༌བྱར༌གྱུར༌པའི༌རྟོག༌པ༌ངོས༌བཟུང༌བ༌ནི། མངོན་རྟོགས་རྒྱན་ལས། གཞི་དང་དེའི་གཉེན་པོ་ཡིས། །གཟུང་བ་རྟོག་པ་རྣམ་པ་གཉིས། །སོགས་ཚིགས་བཅད་གཉིས་ཀྱིས་དངོས་སུ་བསྟན་པའི་སྒྲུབ་རྟོག་མངོན་གྱུར་རྣམས་ཡིན་ཏེ། དེ༌དག༌སྦྱོར༌ལམ༌དང༌རྣམ་པ༌དངོས༌སུ༌མི༌མཐུན༌པའི༌ཕྱིར༌རོ། །དེ་ལ༌དབྱེ༌ན༌གཟུང་བའི་རྟེན་ཅན་གྱི་རྟོག་པ་གཟུང་རྟོག་དེ་ལ་དབྱེ་ན་ཉོན་མོངས་པའི་གཞིའི༌རྟེན་ཅན་གྱི་ཀུན་ཉོན་གཟུང་རྟོག་དང་། གཉེན་པོའི་རྣམ༌བྱང༌གི༌གཞིའི༌རྟེན་ཅན༌རྣམ༌བྱང༌གཟུང་རྟོག་གཉིས། དེ་རེ་རེ་ལའང་ཡུལ་གྱི་སྒོ་ནས་དགུ་དགུ་ཡོད་པ་དང་། འཛིན་པའི་རྟེན་ཅན་གྱི་རྟོག་པ་འཛིན་རྟོག་དེ་ལ་གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་རྫས་འཛིན་རྟོག་པ་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་བཏགས་འཛིན་རྟོག་པ་གཉིས་སོ། །དེ་རེ་རེ་ལའང་ཡུལ་གྱི་སྒོ་ནས་དགུ་དགུ་ཡོད་པར༌གསུངས༌སོ། །གཟུང་འཛིན་གྱི་ཁྱད་པར་ནི་གཙོ༌བོ༌ཡུལ་དང་ཡུལ་ཅན་གྱི་ཁྱད་པར་ཏེ། ཀུན༌མཁྱེན༌ཆེན༌པོས། ཡུལ་དང་ཡུལ་ཅན་ལ་རྟོག་པ་གཉིས་ཡོད་པའོ། །ཞེས་སོ། །རྟེན་ཅན་གྱི་དོན་ནི། ཡུལ་དེ་ལ་དམིགས་པའི་ཡུལ་ཅན་ནོ། །
གཟུང༌འཛིན༌རྟོག༌པ༌གཉིས༌ཀྱི༌ཁྱད༌པར༌ནི། ཀུན༌མཁྱེན༌ཆེན༌པོས། མུ་བཞིར་གསུངས་ཏེ། ཕྱི་རོལ་གི་གཟུགས་སྒྲ་སོགས་ལ་རྟོག་པ་གཟུང་རྟོག་ཁོ་ནའི་མུ། རང་རྒྱུད་ཀྱི་ཤེས་པ་སྐད་ཅིག་མས་རྟོག་པ་འཛིན་རྟོག་ཁོ་ནའི་མུ། གཞན་རྒྱུད་ཀྱི་ཤེས་པ་སྐད་ཅིག་མས་རྟོག་པ་གཉིས་ཀ་ཡིན་པ་དང་། གཉིས་མེད་ཀྱི་ཡུམ་གཉིས་ག་མིན་པའི་མུའོ། །
གཉིས་པ་ཉོན་ཤེས་ཀྱི་སྒྲིབ་པ་གང་ཡིན་ངོས་བཟུང་བ་ནི། སྐབས་འདིའི་རྟོག་པ་ཤེས་སྒྲིབ་ཁོ་ན་ཡིན་པར་མི་འཐད་དེ། འདིར་བསྟན་གྱི་རྟོག་པ་དེ་དག་གང་ཟག་གི་ངོས་ནས་བྱང་སེམས་ལམ་གྱི་སྤང་བྱ་ཡིན་ཡང་ཐེག་པ་གསུམ་ཆར་གྱི་སྤང་བྱའི་རིགས་ཚང་བའི་ཕྱིར་ཏེ། རྟོག་པ་བཞིའི་ནང་གསེས་རྫས་འཛིན་རྟོག་པ་ལ། མངོན་རྟོགས་རྒྱན་དུ། རང་དབང་བདག་སོགས་ངོ་བོ་དང་། །ཞེས་དང་། རྒྱན་སྣང་ལས། རང་དབང་ཅན་གྱི་བདག་ཏུ་རྣམ་པར་རྟོག་པ་དང་། ཞེས་གསུངས་པ་ལྟར། འདིར་བསྟན་རྫས་འཛིན་རྟོག་པ་ལས་གང་ཟག་རྫས་སུ་འཛིན་པ་རྣམས་ཉན་ཐོས་ཀྱི་སྤང་བྱའི་རིགས་སུ་གནས་པའི་ཉོན་སྒྲིབ་ཡིན་པས་འདིར་བསྟན་རྟོག་པ་བཞི་པོ་ཡིན་ན་ཤེས་སྒྲིབ་ཡིན་པས་མ་ཁྱབ་པར༌སེམས་སོ། །འོ་ན་དམན་ལམ་སྔོན་སོང་གི་བྱང་སེམས་སྦྱོར་ལམ་ལའང་ཐེག་པ་གསུམ་ཆར་གྱི་སྤང་བྱའི་རིགས་ཚང་ངམ་སྙམ་ན་མི་ཚང་སྟེ་དགྲ་བཅོམ་གྱི་རྟོགས་པ་སྔོན་སོང་ཡིན་ན་ཉན་ཐོས་ཀྱི་སྤང་བྱའི་རིགས་མི་ཚང་ངོ། །དེས་ན་དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་སྦྱོར་ལམ་ཁོ་ན་ལ་ཐེག་པ་གསུམ་ཆར་གྱི་སྤང་བྱའི་རིགས་ཚང་བ་ཡིན་ནོ། །དེས་ན་སྐབས་འདིའི་རྟོག་པ་ལ་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀ་ཡོད་ཀྱང་གང་ཟག་གི་ངོས་ནས་ཤེས་སྒྲིབ་ཁོ་ན་ཡིན་པའང་ཡོད་དོ། །
གསུམ་པ་དེ༌དག༌སྤོང༌ཚུལ༌ནི། གཉེན་པོ་སྦྱོར་ལམ་གྱིས་རྟོག་པ་དེ་དག་མགོ་གནོན་དང་། མཐོང་ལམ་བར་ཆད་མེད་ལམ་གྱིས་ཀུན་བཏགས་དང་། སྒོམ་ལམ་གྱིས་ལྷན་སྐྱེས་རྣམས་སྤངས་ཏེ། ཀུན༌མཁྱེན༌ཆེན༌པོས། དེ་དག་གི་རགས་པའམ་ཀུན་བརྟགས་ཀྱི་ཆ་མཐོང་སྤང་། ཕྲ་བའམ་ལྷན་སྐྱེས་ཀྱི་ཆ་སྒོམ་སྤང་། སྦྱོར་བའི་ལམ་དུ་མགོ་གནོན་གྱིས་སྤོང། ཞེས་གསུངས་སོ། །
མཇུག་རྩོམ་ནི།
སྤྲོ་བས་རྒྱལ་བའི་གཞུང་ལུགས་སྐྱེད་ཚལ་ལ། །འབད་པས་བསྒྲུབ་པའི་རྣམ་དཀར་ལོ་ཏོའི་ཚོགས། །
གང་ཞིག་མཆིས་ན་མར་གྱུར་འགྲོ་བ་ཀུན། །གནས་སྐབས་བདེ་ལ་མཐར་ཐུག་སངས་རྒྱས་ཤོག།
བསྟན་བཅོས་མཁན་ལོ་ངོ་གསུམ་པའི་སློབ་ཕྲུག་ ཀུན་ལེགས་རྡོ་རྗེ།
བསམ་འཆར།