མུན་པ་བཅོམ་པ་དང་གཏན་ནས་བཅོམ་པའི་རྣམ་བཞག་མངོན་པའི་ལུགས་བཟང་གསལ་བའི་སྒྲོན་མེ།

འཕྲིན་ལས་དབང་ཕྱུག བསྟན་བཅོས་མཁན་ལོ་ངོ་དང་པ། སྤྱི་ལོ་ ༢༠༢༦ མུན་པ་བཅོམ་པ་དང་གཏན་ནས་བཅོམ་པའི་རྣམ་བཞག་མངོན་པའི་ལུགས་བཟང་གསལ་བའི་སྒྲོན་མེ།  ས་བཅད...

འཕྲིན་ལས་དབང་ཕྱུག
བསྟན་བཅོས་མཁན་ལོ་ངོ་དང་པ།
སྤྱི་ལོ་ ༢༠༢༦

མུན་པ་བཅོམ་པ་དང་གཏན་ནས་བཅོམ་པའི་རྣམ་བཞག་མངོན་པའི་ལུགས་བཟང་གསལ་བའི་སྒྲོན་མེ། 

ས་བཅད་དང་པོ། མཆོད་བརྗོད་དང་བརྩམ་པར་དམ་བཅའ་བ་ལས། 
༡ .༡མཆོད་པར་བརྗོད་ནི། 

གང་ཞིག་གདོད་ནས་སྤྲོས་པའི་མུན་བྲལ་ཡང་། །གདུལ་བྱའི་ངོར་ནི་མུན་པ་གཏན་བཅོམ་སྟེ། ། 
ཤེས་བྱ་ཀུན་ལ་ཆགས་ཐོགས་མེད་མཁྱེན་པ། །ཐུབ་དབང་སྨྲ་བའི་ཉི་མར་གུས་པས་འདུད། ། 

གང་གི་གསུང་རབ་མངོན་པའི་རྒྱ་མཚོ་ལས། །ལེགས་བཤད་རིན་ཆེན་གཏེར་ཁ་འབྱེད་པ་ལ། ། 
འགྲན་ཟླ་ཀུན་བྲལ་དབྱིག་གཉེན་ཞབས་པད་དེར། །བདག་གི་སྤྱི་བོའི་རྒྱན་དུ་རྟག་ཏུ་བཞུགས། ། 

༡ .༢ རྩམ་པར་དམ་བཅའ་བ་ནི། 

ཟབ་མོའི་གནད་ལ་དཔྱད་པའི་བློ་གྲོས་དམན། །མཁས་པའི་མདུན་སར་སྨྲ་བའི་སྤོབས་པ་ཆུང་། ། 
འོན་ཀྱང་དད་པས་གཞུང་གིས་རྗེས་འབྲངས་ཏེ། །དཀའ་བའི་གནད་འདི་མདོར་ཙམ་བྲི་བར་བྱ། ། 

ས་བཅད་གཉིས་པ། མུན་པའི་དོན་དང་དེའི་དབྱེ་བ་བསྟན་པ། 
༢.༡ ཆོས་མངོན་པའི་གཞུང་ལུགས་ནང་མུན་པ་ཞེས་པའི་ཐ་སྙད་འདི་དངོས་པོ་རགས་པ་འོད་མེད་པའི་གནས་སྐབས་ལ་མི་གོ་བར། ཤེས་བྱའི་གནས་ལུགས་ལ་རྨོངས་པའི་མི་ཤེས་པ་ལ་གོ་དགོས། ཇི་ལྟར་མུན་པས་གཟུགས་རྣམས་སྒྲིབ་པ་ལྟར་མི་ཤེས་པས་ཀྱང་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་ལ་སྒྲིབ་པའི་ཕྱིར་རོ། ། ༢.༢ ཉོན་མོངས་ཅན་གྱི་མི་ཤེས་པ། འདི་ནི་འཁོར་བའི་རྩ་བ་སྟེ། བདག་ཏུ་ལྟ་བ་དང་། འདོད་ཆགས། ཞེ་སྡང་སོགས་ཀྱིས་ཀུན་ནས་བསླངས་པའི་རྨོངས་པ་ཡིན། འདིས་སེམས་ཅན་རྣམས་འཁོར་བ་ནས་འཁོར་བར་འཁྲིད་པར་བྱེད་པ་དེ་ཡིན་ནོ། །༢.༣ ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ། འདི་ནི་ཉོན་མོངས་པའི་ས་བོན་སྤངས་ཀྱང་། དེའི་ཤུགས་ཀྱིས་བཞག་པའི་བག་ཆགས་སམ་ཤེས་བྱའི་ཡུལ་ལ་མི་གསལ་བའི་རྨོངས་པ་ཞིག་ཡིན། འདིས་འཁོར་བར་འཆིང་མི་སྲིད་ཀྱང་། ཀུན་མཁྱེན་གྱི་ཡེ་ཤེས་ལ་སྒྲིབ་པར་བྱེད་པ་དེ་ཡིན་ནོ། ། 

ས་བཅད་གསུམ་པ། མུན་པ་བཅོམ་པའི་གོ་དོན་དང་གང་ཟག ཉན་རང་དགྲ་བཅོམ་པ། 
༣.༡ ཉན་ཐོས་དང་རང་སངས་རྒྱས་ཀྱི་དགྲ་བཅོམ་པ་རྣམས་ལ་་མུན་པ་བཅོམ་པ་ཞེས་བརྗོད་དེ། ཁོང་རྣམས་ཀྱིས་རང་ཉིད་འཁོར་བ་ལས་ཐར་བར་བྱེད་པའི་གཉེན་པོ་རྟོགས་ཟིན་པའི་ཕྱིར། ༣.༢ བཅོམ་པའི་ངོ་བོ། ཁོང་རྣམས་ཀྱིས་ཉོན་མོངས་ཅན་གྱི་མི་ཤེས་པ་མ་ལུས་པ་བཅོམ་ཟིན། དེ་ཡང་བདེན་པ་བཞིའི་དོན་མངོན་སུམ་དུ་རྟོགས་པ་ལ་བརྟེན་ནས། འདོད་ཁམས་དང་། གཟུགས་ཁམས། གཟུགས་མེད་ཁམས་བཅས་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་པའོ།། ༣.༣ མུན་པ་བཅོམ་ཡང་ཡོན་ཏན་མ་རྫོགས་པའི་རྒྱུ་མཚན། འོན་ཀྱང་ཉན་རང་རྣམས་ལ་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་བཞི་ལྷག་མར་ཡོད་དེ། {༡} སངས་རྒྱས་ཀྱི་ཆོས་ལ་མི་ཤེས་པ། སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་སོགས་ཀྱི་ཡོན་ཏན་ལ་རྨོངས་པ། {༢} ཡུལ་བསྐལ་པ་ལ་མི་ཤེས་པ། ཡུལ་ཤིན་ཏུ་རྒྱང་རིང་བའི་དངོས་པོ་ལ་རྨོངས་པ། {༣} དུས་བསྐལ་པ་ལ་མི་ཤེས་པ། དུས་ཤིན་ཏུ་རིང་བའི་ལོ་རྒྱུས་ལ་རྨོངས་པ་དཔེར་ན་ཤཱ་རིའི་བུས་རྒད་པོ་ཞིག་གི་ཐར་པའི་ས་བོན་མ་གཟིགས་པ་ལྟ་བུ། {༤} ཆོས་ཀྱི་བྱེ་བྲག་ལ་མི་ཤེས་པ། དངོས་པོ་སོ་སོའི་རྒྱུ་རྐྱེན་རྣམ་གྲངས་མཐའ་ཡས་པ་ལ་རྨོངས་པའོ། ། 

ས་བཅད་བཞི་པ། 
མུན་པ་གཏན་ནས་བཅོམ་པའི་ཁྱད་པར་བཤད་པ། སངས་རྒྱས་ཁོ་ན་ལ་མུན་པ་གཏན་ནས་བཅོམ་པ་ཞེས་པའི་མཚན་ཉིད་འདི་ཚང་བ་ཡིན། འདི་ལ་ཁྱད་པར་གསུམ་གྱི་སྒོ་ནས་དབྱེ་ཞིབ་བྱ་སྟེ། ༤.༡ གཏན་ནས་ཞེས་པའི་ཚིག་གི་དོན། འདིས་སྤངས་པ་ཕུན་སུམ་ཚོགས་པ་སྟོན་ཏེ། ཉོན་མོངས་ཅན་གྱི་མི་ཤེས་པ་ཙམ་མ་ཟད། དེའི་བག་ཆགས་སམ་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཡང་མ་ལུས་པ་གཏན་ནས་སྤངས་པའོ།། ཇི་ལྟར་སྣོད་ནང་གི་སྒོག་པ་བཏོན་ཡང་དྲི་མ་ལྷག་པ་ལྟ་བུ་མ་ཡིན་པར། དྲི་མ་དང་བཅས་པ་དག་པར་མཛད་པའོ།། ༤.༢ ཀུན་ལ་ཞེས་པའི་ཁྱབ་ཁོངས། སངས་རྒྱས་ཀྱིས་ཤེས་བྱ་ཇི་ལྟ་བ་གནས་ལུགས་སྟོང་པ་ཉིད་དང་ཇི་སྙེད་པ་ཡུལ་དུས་རྣམ་གྲངས་ཐམས་ཅད་ལ་མི་ཤེས་པའི་མུན་པ་སངས་ཟིན་པས། ཅི་ཡང་མི་མཁྱེན་པ་མེད་པ་དེ་ཡིན་ནོ། ། ༤.༣ གཉེན་པོ་ཤེས་རབ་ཀྱི་ཁྱད་པར། ཉན་རང་གི་ཤེས་རབ་ནི་སྒྲོན་མེ་ཆུང་ངུ་ལྟར་རང་གི་མདུན་གྱི་ལམ་ཙམ་གསལ་བར་བྱེད་པ་དང་། སངས་རྒྱས་ཀྱི་མཁྱེན་རབ་ནི་ཉི་མ་ཤར་བ་ལྟར་འཇིག་རྟེན་ཐམས་ཅད་ཅིག་ཅར་དུ་གསལ་བར་བྱེད་པའི་ཁྱད་པར་ཡོད་དོ། ། 

ས་བཅད་ལྔ་པ། མཇུག་བསྡོམས་དང་བཟོད་གསོལ་བསྔོ་བ། 
༥.༡ མདོར་ན། ཆོས་མངོན་པའི་གཞུང་དུ་སངས་རྒྱས་ལ་ཕྱག་འཚལ་བའི་སྐབས་སུ། མུན་པ་གཏན་ནས་བཅོམ་པ་ཞེས་པའི་ཚིག་འདི་སྦྱར་བ་ནི། སངས་རྒྱས་ཀྱི་མཁྱེན་པ་དང་སྤངས་པ་གཉིས་ཀ་མཐར་ཐུག་པ་བསྟན་པའི་དོནཡིན་ནོ། ། ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱིས་རང་དོན་དུ་འཁོར་བའི་མུན་པ་བཅོམ་ནས་ཐར་པ་ཐོབ་ཀྱང་། གཞན་དོན་དུ་ཤེས་བྱ་ཐམས་ཅད་ལ་རྨོངས་པ་མེད་པའི་ཀུན་མཁྱེན་གྱི་གོ་འཕང་མ་ཐོབ་པས། ཁོང་རྣམས་ལ་བཅོམ་པ་ཞེས་པའི་ཚིག་ཙམ་ལས་གཏན་ནས་ཞེས་པའི་ཆོས་མ་ཐོབ་པ་ཡིན་ནོ། །འདི་ནི་སངས་རྒྱས་དང་ཉན་རང་བར་གྱི་སྤངས་རྟོགས་ཀྱི་ཁྱད་པར་རམ་གནད་འགག་ཆེན་པོ་ཞིག་ལགས་པས། བདག་ལྟ་བུ་ཤེས་རྒྱ་ཆུང་ཞིང་སྦྱངས་པ་དམན་པ་ཞིག་གིས། ཟབ་ཅིང་རྒྱ་ཆེ་བའི་གནད་དོན་འདི་འདྲའི་སྐོར་ལ་དཔྱད་པ་བརྗོད་པ་ནི། མཁའ་ལྡིང་འདབ་ཆགས་ཀྱི་རྗེས་སུ་བྱེའུ་ཆུང་གིས་སྙེག་པ་ལྟར་རང་གི་ནུས་ཚོད་དང་མ་འཚམ་པ་ཞིག་ལགས་མོད་ཡིན་ཀྱང་ཚེ་རབས་ཀྱི་འཕྲེང་བ་གཞན་དུ་ཡང་བརྒྱུད་ལ་བག་ཆགས་བཟང་པོ་འཇོག་པའི་ཆེད་དུ་མདོར་ཙམ་བྲི་པའོ། །བཟོད་གསོལ་ལམ་གཤགས་པ། 

༥.༢ རྒྱལ་བའི་གསུང་རབ་མངོན་པའི་རྒྱ་མཚོ་ལས། །ཟབ་མོའི་གནད་དོན་དཔྱད་པ་འདི་བགྱིས་པས། ། 
བདག་བློ་རྨོངས་པས་འཁྲུལ་དང་མ་རྟོགས་པ། །ཅི་མཆིས་མཁས་པའི་མདུན་སར་བཤགས་པར་བགྱི། ། 

ཇི་ལྟར་མཁའ་ལ་འདབ་ཆགས་འཕུར་བ་ན། །རང་གི་རྩལ་ལས་ནམ་མཁའི་མཐའ་མི་རྙེད། ། 
དེ་བཞིན་རྒྱལ་བའི་མཁྱེན་རབ་ཟབ་མོའི་དོན། །བདག་བློས་ཇི་བཞིན་མ་རྟོགས་བཟོད་པར་གསོལ། ། 

ལུང་རིགས་གཏེར་གྱི་མཛོད་ཁང་འབྱེད་པ་ལ། །རྣམ་དཔྱོད་ལྡེ་མིག་རྣོ་བ་མ་མཆིས་པས། ། 
ཚིག་དོན་འགལ་དང་ནོངས་པའི་ཆ་ཀུན་ལ། །ཆོས་སྤྱན་མངའ་བའི་ལྷ་རྣམས་བཟོད་པར་མཛོད། 

དགེ་བ་བསྔོ་བ། 
༥.༣འདི་བགྱིས་དགེ་བའི་སྣང་བ་དཀར་པོ་དེས། །འགྲོ་བའི་སེམས་ཀྱི་མི་ཤེས་མུན་བཅོམ་སྟེ། ། 
ཀུན་མཁྱེན་ཉི་མ་གསལ་བའི་གོ་འཕང་ལ། །མྱུར་དུ་རེག་པའི་རྒྱུ་རུ་བསྔོ་བར་བགྱི། ། 

སྤངས་པ་མཐར་ཐུག་མུན་པ་གཏན་བཅོམ་ནས། །རྟོགས་པ་མཐར་ཐུག་ཤེས་བྱ་ཀུན་མཁྱེན་ཏེ། ། 
སྨྲ་བའི་ཉི་མ་ཐུབ་པའི་དབང་པོ་བཞིན། །འགྲོ་བའི་མགོན་དུ་བདག་ཉིད་འགྱུར་བར་ཤོག ། 

དགེ་བ་འདི་ཡིས་སྐྱེ་བ་ཐམས་ཅད་དུ། །དམ་པའི་ཆོས་དང་ནམ་ཡང་མི་འབྲལ་ཞིང་། ། 
རང་དོན་མུན་པ་བཅོམ་པའི་དགྲ་བཅོམ་དང་། །གཞན་དོན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག ། 
ཅེས་སྨོན་པའང་དགེའོ།།                 །། 

དར་དཀར་ འཕྲིན་ལས་དབང་ཕྱུག

བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,13,དྲིས་ལན་སྣ་ཚོགས།,16,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,10,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,17,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: མུན་པ་བཅོམ་པ་དང་གཏན་ནས་བཅོམ་པའི་རྣམ་བཞག་མངོན་པའི་ལུགས་བཟང་གསལ་བའི་སྒྲོན་མེ།
མུན་པ་བཅོམ་པ་དང་གཏན་ནས་བཅོམ་པའི་རྣམ་བཞག་མངོན་པའི་ལུགས་བཟང་གསལ་བའི་སྒྲོན་མེ།
https://blogger.googleusercontent.com/img/b/R29vZ2xl/AVvXsEiRXt5LefEFCToufPfZUSj4AGbbFxcJ0AmdE7TAqdTXyecVJu6xbPCu27KE5Tiuv9ziMg-dIngKJ4dTwXGmfKMqxdPJRmrNmD5lsWTLDNwDyBWq-g5vCZ1rK47VnJab2hbB0P9QEqQxe_o3SKUEOqEVMpTQn4imo3-l6l_BMrOKbeRGuknViJ4aRjLDtEM/s320/IMG_7541.jpeg
https://blogger.googleusercontent.com/img/b/R29vZ2xl/AVvXsEiRXt5LefEFCToufPfZUSj4AGbbFxcJ0AmdE7TAqdTXyecVJu6xbPCu27KE5Tiuv9ziMg-dIngKJ4dTwXGmfKMqxdPJRmrNmD5lsWTLDNwDyBWq-g5vCZ1rK47VnJab2hbB0P9QEqQxe_o3SKUEOqEVMpTQn4imo3-l6l_BMrOKbeRGuknViJ4aRjLDtEM/s72-c/IMG_7541.jpeg
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2026/05/blog-post_120.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2026/05/blog-post_120.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content