ཟག་བཅས་ཟག་མེད་ཀྱི་སྐོར་མུན་པ་རབ་ཏུ་གསལ་བའི་འོད་སྣང་།

མུན་པ་རབ་ཏུ་གསལ་བའི་འོད་སྣང་།  མཆོད་བརྗོད། ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་དང་། །ལུང་རྟོགས་ཆོས་ཀྱི་དམ་པ་མཛོད་ཆེན་པོ། །  བདེན་བཞི་རྟོགས་བྱེ...

མུན་པ་རབ་ཏུ་གསལ་བའི་འོད་སྣང་། 

མཆོད་བརྗོད།
ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་དང་། །ལུང་རྟོགས་ཆོས་ཀྱི་དམ་པ་མཛོད་ཆེན་པོ། ། 
བདེན་བཞི་རྟོགས་བྱེད་འཕགས་པའི་འདུས་ཚོགས་ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །
རྩོམ་པ་དམ་བཅའ།
གང་གི་མཁའ་དབྱིངས་མཐའ་ལྟར་མི་ཟད་པ། །ལིང་ཏོག་རྨོངས་པས་དཔོག་པར་མི་ནུས་ཀྱང་། ། 
མངོན་མཛོད་རྒྱ་མཚོའི་གཞུང་ལ་འཇུག་ཆེད་དང་། །རང་གི་ཡིད་ལ་གོམས་ཕྱིར་སྤྲོ་བས་རྩོམ། །

ཞེས་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བའི་ལེགས་བཤད་གསེར་གྱི་ཕྲེང་བ་སྔོན་དུ་བཏང་ནས། འདིར་གང་ཞིག་ཞུ་བར་བྱ་བ་འདི་ཡང་། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བསྡུ་ན་ཟག་བཅས་དང་ཟག་མེད་གཉིས་སུ་བསྡུས་པ་ཡིན་ཏེ། གལ་ཏེ་ཟག་བཅས་དང་ཟག་མེད་ཀྱི་དོན་ཇི་ལྟ་བ་བཞིན་མ་རྟོགས་ན་སྲིད་པའི་མཚོ་འདིར་འཁྱམས་ཏེ། སངས་རྒྱས་ཀྱི་གོ་འཕང་ནམ་ཡང་རྙེད་པར་མི་འགྱུར་བས། ཟག་བཅས་དང་ཟག་མེད་ཀྱི་དོན་ནི་ནམ་མཁའི་མཐའ་ལྟར་རྒྱ་ཆེ་བས། བློ་གྲོས་དམན་ཞིང་སྦྱངས་པ་ཆུང་བའི་སྐྱེ་བོ་རང་ཉིད་ཀྱིས་རྟོགས་མི་ནུས་ལ། འོན་ཀྱང་དེ་རྟོགས་པའི་ཕྱིར་རིག་པའི་ཞིང་ས་ན་ས་བོན་དང་འདྲ་བའི་རྟེན་འབྲེལ་ཞིག་བསྐྲུན་ཏེ། དད་པའི་སེམས་ཀྱིས་རྩྭ་རྩེའི་ཟིལ་པ་ཙམ་ཞིག་བླངས་ནས་ཅི་ལྕོགས་གང་ཤེས་ཀྱི་སྒོ་ནས་དེ་ཉིད་ཞུ་བར་བྱ་བ་ཡིན་ལགས། །
འདིར་འབྲི་བ་ལ་ས་བཅད་རྣམ་པ་བཞི་སྟེ།

༡༽ ཆོས་མངོན་པ་མཛོད་ཀྱི་བརྗོད་བྱ། ༢༽ བརྗོད་བྱ་དེའི་མཚན་ཉིད། ༣༽ བརྗོད་བྱ་དེའི་དབྱེ་བ། ༤༽ བརྗོད་བྱ་དེ་ལ་བསྡུ་ཚུལ་ལོ། ། དང་པོ། ཆོས་མངོན་པ་མཛོད་ཀྱི་བརྗོད་བྱ། འདི་ལ་བརྗོད་བྱ་ངོས་བཟུང་བ་དང་། ཟག་བཅས་ཟག་མེད་ཀྱི་གོ་དོན། བརྗོད་བྱ་འདི་བཞག་པའི་དགོས་པ་གསུམ་ལས། ༡༽ བརྗོད་བྱ་ངོས་བཟུང་བ་ནི། 
རྩ་བ་ལས།
ཟག་བཅས་ཟག་པ་མེད་ཆོས་རྣམས། །
ཞེས་གསུངས་པ་ལྟར་ཟག་བཅས་དང་ཟག་མེད་ཀྱི་ཆོས་རྣམས་ནི་ཆོས་མངོན་པ་མཛོད་ཀྱི་བརྗོད་བྱ་ཡིན་ལགས། ཀུན་མཁྱེན་ཆེན་པོས་ཀྱང་། “གང་དག་ཆོས་མངོན་པར་བསྟན་པ་ལ་རག་ལས་པའི་རབ་ཏུ་རྣམ་པར་འབྱེད་པར་བྱ་བའི་ཆོས་ནི་ཟག་བཅས་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་སོ། །” ཞེས་གསུངས་སོ། །

༢༽ ཟག་བཅས་ཟག་མེད་ཀྱི་གོ་དོན་ནི། གང་ཟག་པ་ནི་རྩ་བའི་ཉོན་མོངས་པ་ལྔ་ (ཡང་ན་དྲུག་) དང་ཉེ་བའི་ཉོན་མོངས་པ་ཉི་ཤུ་ལ་གོ་དགོས་པ་ཡིན་ལ། དེ་དག་གི་སྒོ་ནས་འཁོར་བ་ལས་མ་ཐར་བར་ཟག་པར་བྱེད་པས་ན་“ཟག་པ་”ཞེས་བཞག་པ་ཡིན། ཟག་བཅས་ནི། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་པར་འགྱུར་བའི་ཆོས། དཔེར་ན་བུད་མེད་མཛེས་པ་ལྟ་བུ་ཟག་བཅས་ཀྱི་ཡུལ་ལོ། །
ཟག་མེད་ནི། དམིགས་པའམ་མཚུངས་ལྡན་གང་རུང་གི་སྒོ་ནས་ཀྱང་ཟག་པ་མ་རྒྱས་པའི་ཆོས། དཔེར་ན་ཟག་མེད་ཀྱི་ལམ་ལྟ་བུའོ། ། (དགྲ་བཅོམ་པའི་རྒྱུད་ཀྱི་ཟག་མེད་ཀྱི་ཆོས་ལྟར་རོ།)

༣༽ བརྗོད་བྱ་བཞག་པའི་དགོས་པ་ནི། ཆོས་མངོན་པ་མཛོད་ཀྱི་སྐབས་སུ་བརྗོད་བྱ་གཙོ་བོ་ཟག་བཅས་དང་ཟག་མེད་དུ་བཞག་སྟེ། འདུས་བྱས་དང་འདུས་མ་བྱས་ཞེས་གཙོ་བོར་མ་བཞག་པའི་དགོས་པ་ནི། གང་ཟག་བཅས་ཡིན་ན་ཐ་གཅིག་ཏུ་ (གཏན་དུ་) སྤང་བྱ་ཡིན་པས་ཁྱབ་པ་དང་། ཟག་མེད་ཡིན་ན་ཐ་གཅིག་ཏུ་བླང་བྱ་ཡིན་པས་ཁྱབ་པའི་རྒྱུ་མཚན་གྱིས་ཡིན། འདུས་བྱས་ཡིན་ན་ཐ་གཅིག་ཏུ་སྤང་བྱ་ཡིན་པས་མ་ཁྱབ་སྟེ། ལམ་གྱི་བདེན་པ་ནི་རྒྱུ་རྐྱེན་ལས་སྐྱེས་པའི་འདུས་བྱས་ཡིན་ཡང་། ལམ་བདེན་ནི་སྤང་བྱ་མ་ཡིན་པར་བླང་བྱ་ཡིན་པའི་ཕྱིར་རོ། །(ཟག་བཅས་ནི་ཉོན་མོངས་པའི་སྙིང་པོ་ཅན་ཡིན་པས་སྤང་བྱ་ཉིད་དོ།) དེ་བས་མཁས་མཆོག་དབྱིག་གཉེན་གྱིས་ཆོས་མངོན་པ་མཛོད་ཀྱི་སྐབས་སུ་བརྗོད་བྱའི་རྩ་བ་འདུས་བྱས་དང་འདུས་མ་བྱས་ཀྱི་སྒོ་ནས་མ་བཞག་པར། ཟག་བཅས་དང་ཟག་མེད་ཀྱི་སྒོ་ནས་འཇོག་པ་ཡིན་ནོ། །

གཉིས་པ། བརྗོད་བྱ་དེའི་མཚན་ཉིད། འདི་ལ་ཟག་བཅས་ཀྱི་མཚན་ཉིད། ཟག་མེད་ཀྱི་མཚན་ཉིད། འདུས་མ་བྱས་གསུམ་གྱི་མཚན་ཉིད་དེ་གསུམ་ལས། ༡༽ ཟག་བཅས་ཀྱི་མཚན་ཉིད། 
དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་ཟག་པ་རྒྱས་སུ་རུང་བ།
༢༽ ཟག་མེད་ཀྱི་མཚན་ཉིད། དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་ཟག་པ་རྒྱས་སུ་མི་རུང་བ། རྩ་བ་ལས། ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། ། ཞེས་གསུངས་སོ། །
༣༽ འདུས་མ་བྱས་གསུམ་གྱི་མཚན་ཉིད་ལ། ནམ་མཁའི་མཚན་ཉིད།  ཀུན་མཁྱེན་ཆེན་པོས་མཛད་པའི་འགྲེལ་པ་ལས། མི་སྒྲིབ་པ་སྟེ་གང་ན་གཟུགས་ཀྱི་གོ་འབྱེད་པའོ། ། སོ་སོར་བརྟགས་འགོག་གི་མཚན་ཉིད། བར་ཆད་མེད་པའི་ལམ་གྱིས་བསྡུས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཐོབ་པར་བྱ་བའི་འགག་བྱ་ཟག་བཅས་དང་བྲལ་བའི་ཆའོ། ། སོ་སོར་བརྟགས་མིན་འགོག་པའི་མཚན་ཉིད། རྐྱེན་མ་ཚང་བའི་སྟོབས་ཀྱིས་ཆོས་མ་འོངས་པ་རྣམས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའོ། །
གསུམ་པ། བརྗོད་བྱ་དེའི་དབྱེ་བ། འདི་ལ་ཟག་བཅས་ཀྱི་དབྱེ་བ་དང་ཟག་མེད་ཀྱི་དབྱེ་བ་གཉིས་ལས། ༡༽ ཟག་བཅས་ཀྱི་དབྱེ་བ། ལམ་གྱི་བདེན་པ་མ་གཏོགས་པའི་འདུས་བྱས་ཀྱི་ཆོས་ཐམས་ཅད་ཟག་བཅས་ཡིན་ནོ། །
༢༽ ཟག་མེད་ཀྱི་དབྱེ་བ། འདུས་བྱས་ལས་ལམ་གྱི་བདེན་པ་དང་། འདུས་མ་བྱས་གསུམ་སྟེ་ནམ་མཁའ། སོ་སོར་བརྟགས་པའི་འགོག་པ། སོ་སོར་བརྟགས་མིན་གྱི་འགོག་པ་བཅས་བཞིའོ། །གཞུང་ལས། ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམས་གསུམ་ཡང་སྟེ། ། ཞེས་གསུངས་སོ། །

བཞི་པ། བརྗོད་བྱ་དེ་ལ་བསྡུ་ཚུལ། འདི་ལ་ཁམས་བཅོ་བརྒྱད་ཟག་བཅས་ཟག་མེད་དུ་བསྡུ་ཚུལ་དང་། དབང་པོ་ཉེར་གཉིས་ཟག་བཅས་ཟག་མེད་དུ་བསྡུ་ཚུལ་གཉིས་ལས། ༡༽ ཁམས་བཅོ་བརྒྱད་ཟག་བཅས་ཟག་མེད་དུ་བསྡུ་ཚུལ་ནི། 
ཀུན་མཁྱེན་གྱི་འགྲེལ་ལུགས་ལས། ཁམས་བཅོ་བརྒྱད་ལས་ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ་དེ་དག་གསུམ་ནི་ཟག་བཅས་དང་ཟག་མེད་གཉིས་ཀ་ཡིན་ལ། ལྷག་མ་བཅོ་ལྔ་པོ་རྣམས་ནི་ཟག་བཅས་ཁོ་ན་ལས། ཟག་མེད་མ་ཡིན་ནོ། །ཞེས་གསུངས་པ་ལྟར། ཟག་བཅས་ནི། གཟུགས་ཅན་གྱི་དབང་པོ་ལྔ་དང་དོན་ལྔ། མིག་གི་རྣམ་ཤེས་སོགས་སྒོ་ལྔའི་རྣམ་ཤེས་ཁམས་ལྔ་སྟེ་བཅོ་ལྔ་པོ་ནི་ཟག་བཅས་ཁོ་ན་ཡིན་ལ། ཡིད་དང་། ཆོས་། ཡིད་ཤེས་གསུམ་གྱི་ནང་གི་ཟག་བཅས་ཀྱི་ཆའོ། ། ཟག་མེད་ནི། ཡིད་དང་ཡིད་ཤེས་ཀྱི་ཁམས་ལས་ལམ་གྱི་བདེན་པས་བསྡུས་པ་དང་། ཆོས་ཀྱི་ཁམས་ལས་ལམ་བདེན་དང་འདུས་མ་བྱས་གསུམ་གྱིས་བསྡུས་པ་རྣམས་སོ། ། གཞུང་ལས།
གཟུགས་ཅན་མིན་པ་ཡིད་དང་ནི། །
ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། །
དེ་གསུམ་ཟག་བཅས་ཟག་པ་མེད། །
ཞེས་གསུངས་སོ། །

༢༽ དབང་པོ་ཉེར་གཉིས་ཟག་བཅས་དང་ཟག་མེད་དུ་བསྡུ་ཚུལ་ནི། རྩ་བ་ལས།
གསུམ་ཡིན་གསུམ་ནི་དྲི་མ་མེད། །
གཟུགས་ཅན་སྲོག་དང་སྡུག་བསྔལ་དག ། 
ཟག་དང་བཅས་པ་དགུ་རྣམ་གཉིས། །
ཞེས་གསུངས་པ་ལྟར། ཟག་མེད་ཁོ་ན་ནི། ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ། ཀུན་ཤེས་ལྡན་པའི་དབང་པོ་སྟེ་ཟག་མེད་ཀྱི་དབང་པོ་གསུམ་མོ། ། ཟག་བཅས་ཁོ་ན་ནི། གཟུགས་ཅན་མིག་སོགས་ལྔ་དང་ཕོ་མོའི་དབང་པོ་གཉིས་ཏེ་བདུན། སྲོག་གི་དབང་པོ། སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་སྟེ་ཁྱོན་དབང་པོ་བཅུ་ནི་ཟག་བཅས་ཁོ་ནའོ། ། རྣམ་པ་གཉིས་ཀ་ (ཟག་བཅས་ཟག་མེད་གཉིས་ཀ་) ནི། དད་སོགས་ལྔ་ (དད་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ།) དང་། ཡིད་ཀྱི་དབང་པོ། བདེ་བ། མཆོག་ཏུ་དགའ་བ། (ཡིད་བདེ།) བཏང་སྙོམས་ཀྱི་དབང་པོ་བཅས་དགུ་ནི་ཟག་བཅས་ཟག་མེད་གཉིས་ཀར་འགྱུར་རོ། །
མདོར་ན་གཞུང་གི་རྩ་བའི་སྡོམ་ནི།
ཟག་བཅས་ཟག་པ་མེད་ཆོས་རྣམས། །ལམ་མ་གཏོགས་པའི་འདུས་བྱས་རྣམས། ། 
ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། ། 
ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམས་གསུམ་ཡང་སྟེ། ། 
ནམ་མཁའ་དང་ནི་འགོག་པ་གཉིས། །དེ་ལ་ནམ་མཁའ་མི་སྒྲིབ་པའོ། ། 
སོ་སོར་བརྟགས་པའི་འགོག་པ་གང་། །བྲལ་བ་སོ་སོར་སོ་སོར་ཡིན། ། 
སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །
ཞེས་གསུངས་པ་ལྟར་རོ། །
བཟོད་གསོལ།
རིག་པ་དམན་ཞིང་སྦྱངས་པ་ཆུང་སྟོབས་ཀྱིས། །དེ་ལྟར་ཡི་གེའི་སྡེབ་སྦྱོར་ཚིག་དོན་སོགས། ། 
སྐྱོན་འཁྲུལ་ནོངས་པ་ཇི་སྙེད་མཆིས་པ་རྣམས། །མཁྱེན་ཅན་དམ་པ་རྣམས་ཀྱི་བཟོད་གསོལ་ཞུ། །
བསྔོ་བ།
དེ་ལྟར་གང་ཤེས་བརྩམས་པའི་དགེ་བ་དེས། །འགྲོ་བ་རིགས་དྲུག་ཕ་མ་སེམས་ཅན་རྣམས། ། 
ཟག་བཅས་ཟག་མེད་ཆོས་ཀྱི་དོན་རྟོགས་ནས། །མྱུར་དུ་རྣམ་མཁྱེན་གོ་འཕང་འཐོབ་པར་ཤོག །

འཇམ་དབྱངས་ཀུན་དགའ་པས་སོ།།

བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,13,དྲིས་ལན་སྣ་ཚོགས།,16,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,10,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,17,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: ཟག་བཅས་ཟག་མེད་ཀྱི་སྐོར་མུན་པ་རབ་ཏུ་གསལ་བའི་འོད་སྣང་།
ཟག་བཅས་ཟག་མེད་ཀྱི་སྐོར་མུན་པ་རབ་ཏུ་གསལ་བའི་འོད་སྣང་།
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2026/05/blog-post_157.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2026/05/blog-post_157.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content