གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞེས་པའི་གཞུང་དོན་ལ་དཔྱད་པ་བླ་མ་དགྱེས་པའི་ཆོས་སྤྲིན། རྩོམ་པ་པོ། དབང་འདུས་རྣམ་རྒྱལ་རྡོ་རྗེ། དེ་ལ་ཐོག་མར་མཆོད...
གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞེས་པའི་གཞུང་དོན་ལ་དཔྱད་པ་བླ་མ་དགྱེས་པའི་ཆོས་སྤྲིན།
རྩོམ་པ་པོ། དབང་འདུས་རྣམ་རྒྱལ་རྡོ་རྗེ།
དེ་ལ་ཐོག་མར་མཆོད་བརྗོད་པ་དང་། བརྩམ་པར་དམ་བཅའ་བ། བར་དུ་གཞུང་དངོས་བཤད་བ། ཐ་མ་མཇུག་བསྡུ་བའོ།
མཆོད་བརྗོད་ནི།
མ་རིག་དུག་གིས་ལྐོམ་པའི་གདུལ་བྱ་ལ། །ཆོས་ཀྱི་བདུད་རྩིས་འཚིམ་པར་བྱ་བའི་ཕྱིར། །
རྒྱལ་བའི་དགོངས་པ་འཁྲུལ་མེད་བསྐྲུན་མཛད་པའི། །པཎྜི་ཏ་མཆོག་དབྱིག་གཉེན་ཞབས་ལ་འདུད། །
རང་དོན་འོག་མིན་ཞིང་དུ་ཐར་སོན་ཡང་། །བརྩེ་བས་བདག་སོགས་གདུལ་བྱའི་དོན་མཛད་ཕྱིར། །
དམན་པའི་ཚུལ་གྱིས་གཞན་དོན་སྐྱོང་མཛད་པའི། །བཤེས་གཉེན་དམ་པ་རྣམས་ལ་སྙིང་ནས་གུས། །
བརྩམ་པ་དམ་བཅའ་ནི།
རྒྱ་ཆེར་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་ཕོངས་ཞིང་། །གཞུང་ལུགས་གནད་ལ་དཔྱད་པའི་སྤོབ་པ་ནི་མེད་ཀྱང་། །
ཆོས་མངོན་མཛོད་ཀྱི་མཆོད་བརྗོད་དང་པོ་ཡི་གནད་ལ། །རྒྱལ་བ་དགྱེས་ཕྱིར་མདོར་ཙམ་དཔྱད་པ་རུ་སྤྲོའོ། །
དེ་ཡང་མཁས་པ་རྣམས་ཀྱི་སྤྱོད་པ་དང་མཐུན་པ་ཡུལ་དམ་པ་རྣམས་ལ་སྟོད་ཕྱག་སྔོན་དུ་བཏང་ནས་སྐབས་དོན་གླེང་བར་བྱ་བ་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་ཡང་སྒོས་དཔལ་ལྡན་འབྲུག་པ་ཆེན་པོ་ཆེའི་བཀའ་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དེ་ཉིད་འཛིན་སྐྱོང་ལེགས་པར་སྤེལ་བའི་སྲོག་ཤིང་དུ་གྱུར་པ། བཤད་གྲྭ་འདིའི་མཁན་སློབ་རྣམས་ཀྱི་འཁྲུལ་མེད་ལམ་སྟོན་གྱི་བཀའ་དྲིན་ལ་བརྟེན་ནས་ལོ་འདིའི་བགྲོ་གླེང་ཐེང་དང་པོ་ཚོགས་པའི་སྐབས་སུ། བསྟན་བཅོས་ཆེན་མོ་མངོན་པར་མཛོད་གནས་དང་པོའི་དཀའ་གནད་དག་ལ་བརྗོད་གཞི་རང་མོས་ཀྱི་ཐོག་ནས་བགྲོ་གླེང་གི་རྩོམ་ཤོག་འབྲི་བའི་གོ་སྐབས་གནང་བ་ནི་བློ་དམན་་རང་ཉིད་ལ་དེ་དག་གི་གནད་ལ་དཔྱད་པ་དང་རྩོམ་པའི་སྤོབ་པ་གང་ཡང་མེད་ཀྱང་རྒྱལ་བ་དམ་པ་རྣམས་དགྱེས་པའི་ཆོད་པ་དང་། གུས་པ་རང་ཉིད་ལ་བསོད་ནམ་གསོག་པ་དེ་ལས་ལྷག་པར་མེད་སྙམ་ནས་མེ་ཏོག་ཆུང་ཡང་མཆོད་རྫས་ཀྱི་ཚུལ་དུ་མཛོད་གནས་དང་པོའི་མཆོད་བརྗོད་གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞེས་པའི་གཞུང་དོན་ལ་དཔྱད་པ་མདོར་ཙམ་ཞིག་མཁན་སློབ་རྣམས་དང་ཆོས་གྲོགས་ཡོངས་ལུ་སྤྱན་འབུལ་ཞུ་བའི་སྐལ་བཟང་མངོན་དུ་གྱུར་པ་ལ་དགའ་དད་སྤྲོ་གསུམ་གྱིས་འཇུག་པར་འདོད་པ་འདི་ནི་གླེང་གཞི་ཚུལ་དུའོ། །
བར་དུ་གཞུང་དངོས་འཆད་པ་ལ་མུན་པའི་ངོ་བོ་དང་དབྱེ་བ་སྤྱིར་བསྟན་པ། དབྱེ་བ་སོ་སོའི་མཚན་ཉིད་དང་མཚན་གཞི་ལ་དཔྱད་པ། དེ་དག་སྤང་པའི་ཚད་ངོསབབཟུང་བ། སྤོང་བའི་ཚུལ་ལ་དཔྱད་པ། གྲུབ་པའི་དོན་དང་བཞི། དང་པོ་མུན་པའི་ངོ་བོ་ནི།
དངོས་པོའི་གནས་ཚུལ་ལ་ཕྱིན་ཅི་ལོགས་ཏུ་ཞུགས་པ་སྟེ་མི་ཤེས་པའམ་མ་རིག་པ་ལ་གོ་བ་ཡིན་ཏེ། རང་འགྲེལ་ཤོག ༡ ལས། “མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ། ཞེས་གསུངས་པའི་ཕྱིར། དེས་ན་ཡང་དག་པའི་དོན་མཐོང་བ་ལ་བར་དུ་གཅོད་པའི་རིགས་སུ་གནས་པ་དེ་མུན་པའི་མཚན་ཉིད་དོ། དེ་ཡང་འཇིག་རྟེན་ན་གྲགས་པའི་མུན་པས་གཟུགས་མཐོང་བ་ལ་སྒྲིབ་པ་བཞིན་དུ་གནས་ལུགས་མཐོང་བ་ལ་སྒྲིབ་པའི་དོན་གྱིས་ན་སྒྲིབ་པ་ལ་མུན་པའི་མིང་གིས་བཏགས་པ་དང་། དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་སུ་གྱུར་པའི་གཞི་བདག་ཏུ་འཛིན་པའི་རྩབའི་ཉོནམོངས་དྲུག་སྟེ། གནས་ལྔ་པའི་རྩ་བར། “སྲིད་པའི་རྩ་བ་ཕྲག་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ་དེ་དྲུག་ཀྱང་། །ཞེས་གསུངས་པ་དང་། གཞན་ཡང་ཀུན་དཀྲིས་རྣམ་པ་བཅུ་དང་དྲི་མ་དྲུག་སྟེ། གནས་ལྔ་པའི་རྩ་བར། ”ངོ་ཚ་མེད་དང་ཁྲེལ་མེད་དང་། ཕྲག་དོག་སེར་སྣ་རྒོད་པ་དང་། །འགྱོད་དང་རྨུགས་དང་གཉིས་དང་ནི། ཀུན་ནས་དཀྲིས་པ་རྣམ་པ་བརྒྱད། །ཁྲོ་དང་འཆབ་པའོ་་་།ཞེས་དང་། གཞན་ཡང་ཉོན་མོངས་དྲི་མ་དྲུག །སྒྱུ་དང་གཡོ་དང་རྒྱགས་པ་དང་། །དེ་བཞིན་འཚིག་དང་ཁོན་འཛིན་དང་། །རྣམ་འཚེ་ཞེས་གསུངས་པ་རྣམས་སོ། མུན་པ་དེ་ལ་དབྱེ་ན་ཉོན་མོངས་ཅན་གྱི་མུན་པ་དང་། ཉོན་མོངས་ཅན་མ་ཡིན་པའི་མུན་པ་གཉིས་ཡོད་དེ། འགྲེལ་པ་མངོན་པའི་རྒྱནཤོག ༥ ལས། ཟག་བཅས་ལའང་གཉིས་ལས་ཉོན་མོངས་ཅན་ནི་མུན་པ་དང་པོ་ཉིད་ཡིན་པས་ཉོན་མོངས་ཅན་མ་ཡིན་པ་དགེ་བ་ཟག་བཅས་དང་མ་བསྒྲིབས་ལུང་མ་བསྟན་གྱི་བྱེ་བྲག་འོག་ནས་འབྱུང་བའི་མི་ཤེས་པའི་རྒྱུ་བཞི་ལྟ་བུ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། མི་ཤེས་པའི་རྒྱུ་བཞི་ནི། ངོ་བོ་ཤིན་ཏུ་ཕྲ་བས་མི་ཤེས་པ། དུས་ཀྱི་བསྐལ་པས་མི་ཤེས་པ། ཡུལ་གྱི་བསྐལ་པས་མི་ཤེས་པ། རྣམ་པའི་དབྱེ་བ་མཐའ་ཡས་པས་མི་ཤེས་པའོ། དེ་དག་གི་མཚན་གཞི་རྒྱས་པར་འགྲེལ་པ་མངོན་པའི་རྒྱན་དང་འཛོད་འགྲེལ་སོགས་ལས་གསལ་བས་མ་བྲིས་སོ། འོན་ཀྱང་ཉོན་མོངས་ཅན་མ་ཡིན་པའི་མུན་པ་ལ་དེ་བཞི་རུ་གྲངས་ངེས་པ་ནི་མ་ཡིན་ཏེ། གོང་དུ་དགེ་བ་ཟག་བཅས་དང་མ་བསྒྲིབས་ལུང་མ་བསྟན་ཞེས་གསུངས་པས་དགེ་བ་ཟག་བཅས་ཀྱི་ངོ་བོར་གྱུར་པའི་དད་པ་དང་མཚུངས་ལྡན་གྱི་བྱིང་བ་ཕྲ་མོ་ལ་སོགས་པའང་ཡོད་དོ། །
གཉིས་པ་དབྱེ་བ་སོ་སོའི་མཚན་ཉིད་དང་མཚན་གཞི་ལ་དཔྱད་ནི། གཙོ་བོ་ཐར་པ་ཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པའི་རིགས་སུ་གནས་པ་དེ། ཉོན་མོངས་ཅན་གྱི་མུན་པའི་མཚན་ཉིད། དེ་གང་ཞིག གཙོ་བོ་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པའི་རིགས་ལུ་གནས་པ་དེ། ཉོན་མོངས་ཅན་མ་ཡིན་པའི་མུན་པའི་མཚན་ཉིད། ཁ་ཅིག་ན་རེ། གོང་དུ་མི་ཤེས་པའི་རྒྱུ་བཞི་ཞེས་པ་རྒྱུ་མཚན་བཞི་པོ་དེ་ལ་འདོད་དོ་ཞེས་ན། མི་འཐད་དེ། དེར་བཤད་པའི་རྒྱུ་མཚན་བཞི་པོ་ཚུལ་ཁྲིམས་ཀྱི་ཕུང་པོ་ཟབ་ཅིང་ཕྲ་བ་དང་།དུས་ཀྱི་བསྐལ་པ་དང་། ཡུལ་གྱི་བསྐལ་པ་དང་། རྣམ་པའི་དབྱེ་བམཐའ་ཡས་པ་སོགས་གཙོ་བོ་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་ཀྱིས་རྒྱུད་ལ་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ཟབ་ཅིང་ཕྲ་བ་དེ་ཡོད་པ་གང་ཞིག དེ་མི་ཤེས་པའི་རྒྱུ་མཚན་བཞི་པོ་གང་རུང་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། གང་ཞིག་ཀུན་ལ་མུན་པ་གཏན་ཅོམ་ཞེས་པའི་སྐབས་ཀྱི་གཞུང་གིས་ཁྱད་པར་གྱི་སྒྲ་སྦྱར་བའི་སྒོ་ནས་མཆོད་བརྗོད་ཀྱི་ཡུལ་དུ་འཇོག་མི་རིག་པར་ཐལ། ཁྱོད་ཀྱིས་མུན་པ་གཏན་ནས་མ་བཅོམ་པའི་ཕྱིར་ཏེ། ཉོན་མོངས་ཅན་མ་ཡིན་པའི་མུན་པ་མ་བཅོམ་པའི་ཕྱིར། གཞན་ཡང་རང་འགྲེལ་ཤོག ༢ ལས། ”དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཉེན་པོ་བརྙེས་ནས་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་གཏན་ནས་ཡེ་བཅོམ་པ་སྟེ་དེའི་ཕྱིར་འདི་ནི་ཀུན་ལ་མུན་པ་གཏན་བཅོམ་པའོ། ཞེས་གསུངས་པ་དང་ཡང་འགལ་ལོ། ཡང་ཁ་ཅིག ཉོན་མོངས་ཅན་མ་ཡིན་པའི་མུན་པ་ནི་མི་ཤེས་པ་སྐྱེད་བྱེད་ཀྱི་རྒྱུ་མུན་པའི་བག་ཆགས་ལ་འཇོག་དགོས་ཏེ། འགྲེལ་པ་མངོན་པའི་རྒྱན་ཤོག ༦ ལས། ”འདིས་ནི་ཉན་ཐོས་ལ་སོགས་པ་ལས་སྤངས་པ་ཁྱད་པར་ཅན་དུ་བསྟན་ཏེ། དེ་དག་ལ་ཉོན་ (མོངས་པ་ཅན་གྱི་མུན་པ་)སྒྲིབ་སྤངས་པ་ཙམ་ཡོད་ཀྱང་བག་ཆགས་དང་བཅས་པ་མ་སྤངས་པས་ཉམས་པ་སྲིད་པའི་ཕྱིར་དང༌། ཞེས་གསུངས་པའི་ཕྱིར་ཞེས་ཟེར། དེ་ནི་མི་འཐད་དེ། བྱེ་བྲག་སྨྲ་བས་བག་ཆགས་ཀྱི་རྣམ་བཞག་ཁས་མི་ལེན་པའི་ཕྱིར་ཏེ། འགྲེལ་པ་མངོན་པའི་རྒྱན་གནས་བརྒྱད་པའི་པའི་ཤོག ༤༤༠ ལས། ”བྱེ་བྲག་ཏུ་སྨྲ་བ་བག་ཆགས་ཀྱི་རྣམ་གཞག་མི་འདོད་པས་སྔོན་བསམ་གཏན་གོམས་པའི་སྐལ་མཉམ་གྱི་རྒྱུ་ལས་འབྱུང་བ་ལ་འདོད་དོ། །ཞེས་གསུངས་པའི་ཕྱིར་དང་། གཞན་ཡང་གནས་བཞི་པའི་རྩ་བར། “དམ་པའི་དོན་དུ་དགེ་རྩ་བ། །ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། །དེ་དག་དང་ལྡན་མཚུངས་ལྡན་གྱིས། །བྱ་བ་ལ་སོགས་ཀུན་སློང་བས། །བཟློག་པ་མི་དགེ་དོན་དམ་པར། །ཞེས་དགེ་བ་ལ་དོན་དམ་པ་དང་། ངོ་བོ་ཉིད་ཀྱི་དང་། མཚུངས་ལྡན་དང་། ཀུན་སློང་གི་དགེ་བ་བཅས་བཞི་ལས་རྗེས་འབྲེལ་གྱི་དགེ་བ་མི་འཇོག་པའི་རྒྱུ་མཚན་ལས་ཤེས་ནུས་ཏེ། རྗེས་འབྲེལ་གྱི་དགེ་བ་ཞེས་པ་མངོན་པ་ཀུན་བཏུས་ཤོག ༡༣༥་ལས། “རྗེས་སུ་འབྲེལ་བའི་དགེ་བ་གང་། དེ་དག་ཉིད་ཀྱི་བག་ཆགས་གང་ཡིན་པའོ། །ཞེས་བག་ཆགས་ལ་ངོས་འཛིན་འཇོག་པའི་ཕྱིར། ཡང་ཁ་ཅིག གོང་དུ་དགེ་བ་ཟག་བཅས་དང་མ་སྒྲིབ་ལུང་མ་བསྟན་ཞེས་གསུངས་པ་བཤད་བྱེད་དུ་བྱེད་ནས། དགེ་བ་ཟག་བཅས་དང་མ་སྒྲིབ་ལུང་མ་བསྟན་གྱི་བློ་ཡིན་ན་ཉོན་མོངས་ཅན་མ་ཡིན་པའི་མུནཔ་ཡིན་པས་ཁྱབ་ཟེར་བའང་མི་འཐད་དེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་དང་མིག་ལ་སོགས་པ་རྣམས་ཀྱི་མ་ངེས་པའི་ཕྱིར་ཏེ། མཛོད་འགྲེལ་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ཤོག ༣ ལས། ”དེ་ཡང་སངས་རྒྱས་ལ་ཡང་སོ་ཐར་དང་མིག་ལ་སོགས་པ་ཡོད་པས་དེའི་བྱེ་བྲག་འོག་ནས་འབྱུང་བའི་མི་ཤེས་པའི་རྒྱུ་བཞི་ལྟ་བུའོ།། ཞེས་གསངས་པའི་ཕྱིར། དེས་དེ་དག་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་ཟིན་པའི་ཕྱིར་ཏེ། བྱེ་སྨྲ་བའི་ལུགས་ལ་སྤོང་གཉེན་མ་འོང་པས་སྤང་བྱ་ད་ལྟ་བ་སྤོང་བ་ཡོད་པའི་ཕྱིར། དེས་ན་དེ་དག་སྤངས་པའི་ཚད་ནི། དེ་དག་སོ་སོར་སླར་མི་སྐྱེ་བའམ་་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་པ་དང་། འདུན་པ་ལ་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་ཚུལ་གཉིས་གཉིས་ཡོད་དེ། གོང་དུ་རང་འགྲེལ་ལས། “གཏན་ནས་ཡེ་བཅོམ་པ་སྟེ་དེའི་ཕྱིར་འདི་ནི་ཀུན་ལ་མུན་པ་གཏན་བཅོམ་པའོ། ཞེས་གསུང་པའི་ཕྱིར་དང་། འགྲེལ་པ་མངོན་པའི་རྒྱན་ཤོག ༧ ལས། “དེ་དག་གིས་ཉོན་སྒྲིབ་ནི་ངོའང་སྤངས་ལ། ཤེས་སྒྲིབ་ནི་འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་ཏེ། མདོ་ལས། དགེ་སློང་དག་ཁྱེད་ཀྱིས་མིག་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་སྤོང་ཤིགདང་། དེ་ལྟར་ན་ཁྱེདཀྱིས་མིག་དེ་སྤངས་པར་འགྱུར་རོ་ཞེས་གསུངསཔ་ལྟ་བུའོ།། ཞེས་གསུངས་པའི་ཕྱིར། མུན་པ་དེ་གཉིས་བྱེ་བྲག་པས་འདུན་པ་ལ་འདོད་ཆགས་དང་འབྲལ་བའི་ཚུལ་གྱི་སྤངས་པའི་གཉེན་པོ་ནི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེས་འཛིན་མན་ཆད་ལངའ་ཡོད་སྲིད་ཀྱང་། ཐོབ་པ་ཆད་པའི་ཚུལ་གྱི་སྤངས་ཚུལ་ལ། ཉོན་མོངས་ཅན་གྱི་མུན་པ་ཡིན་ན། སྒོམ་སྤངས་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེས་འཛིན་དང་། ཉོན་མོངས་ཅན་མ་ཡིན་པའི་མུན་པ་ནི། སྲིད་པ་མཐའ་མའི་སྔ་རོལ་དུ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང་། སྲིད་པ་ཐ་མ་པའི་ཚེ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་གཉིས་ཟུང་དུ་འཇུག་པའི་སྟོབས་ཀྱིས་ཐོབསཔའི་སངས་རྒྱས་སའི་སྟོབས་བཅུ་པོ་དེ་ཉིད་དོ། འོན་ཀྱང་སངས་རྒྱས་ཀྱི་སར་དེ་སྤང་པའི་གཉེན་པོ་ཡོད་དགོས་པ་མ་ཡིན་ཏེ། སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེས་འཛིན་གྱི་དུས་སུ་སྤང་བྱ་ད་ལྟ་བ་ཉོན་མོངས་ཅན་མ་ཡིན་པའི་མུན་པ་དེ་ཉིད་གཉེན་པོ་མ་འོང་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སྤངས་པ་ཡོད་པའི་ཕྱིར། དཔེར་ན་མར་མེ་མ་འོང་པ་སྐྱེས་ཟིན་པ་དང་། དེའི་འགལ་ཟླ་མུན་པ་བསལ་ཟིན་པ་དུས་མཉམ་པ་བཞིན་ནོ། དེ་ཡང་མཛོད་གནས་དྲུག་པའི་རྩ་བར། འཇིག་རྟེན་པ་ཡི་ཆོས་མཆོགས་ལས། །ཆོས་ཀྱི་བཟོད་པ་ཟག་པ་མེད། །ཅེས་པའི་རང་འགྲེལ་ཤོག ༢༩༧ ལས།”འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་ཆོས་ཤེས་པའི་བཟོད་པ་ཟག་པ་མེད་པ་སྐྱེའོ། ཞེས་དང་། དེ་སྐྱེས་ན་འཕགས་པའི་གང་ཟག་ཅེས་བྱའོ། །མ་འོངས་པས་ནི་སོ་སོའི་སྐྱེ་བོ་ཉིད་ཟློག་པར་བྱེད་དོ། །མ་འོངས་པ་དེའི་བྱ་བ་ནི་དེ་ཁོ་ན་ཡིན་པར་ཁས་ལེན་གྱི་གཞན་ནི་མ་ཡིན་ཏེ། མར་མེ་དང་སྐྱེ་བ་བཞིན་ནོ། ཞེས་གསུངས་པའི་ཕྱིར། དེ་ཡང་ལྷག་མེད་མྱང་འདས་ཐོབ་པར་ངེས་པ་ལ་ཡིན་གྱི་ཐམས་ཅད་ལ་ནི་མ་ཡིན་ཏེ། ལུགས་འདིར་སྒྲ་བཅོམ་ཉམས་པ་སྲིད་པའི་ཕྱིར་རོ།།
གསུམ་པ་སྤོང་ཚུལ་ལ་དཔྱད་པ་ལ། ཁོ་ན་རེ། ཉན་རང་སྒྲ་བཅོམ་པ་ཡིན་ན་ཉོན་མོངས་དང་ཉོན་མོངས་ཅན་མ་ཡིན་པའི་མུན་པ་གཉིས་ཀ་སྤངས་པས་ཁྱབ་སྟེ། དེ་ཡིན་ན་སྡུག་བསྔལ་ལས་མཐར་དགོས་པ་གང་ཞིག དེ་མ་སྤངས་ན་སྡུག་བསྔལ་ལས་མཐར་མི་ནུས་པའི་ཕྱིར་ཏེ། མདོ་ལས། ཆོས་གཅིག་ཡོངས་སུ་མ་ཤེས་ཤིང་མ་སྤངས་པར་ཡང་སྡུག་བསྔལ་གྱི་མཐར་བྱེད་པ་ང་མི་སྨྲའོ་ཞེསགསུངས་པའི་ཕྱིར་ཞེ་ན། དེ་ལྟར་གསུངས་པ་ནི། དེ་དག་སྤངས་ཚུལ་ལ་གཉིས་ཡོད་པས་དེ་གཉིས་གང་རུང་གི་སྒོ་ནས་ཆོས་གཅིག་ཡོངས་སུ་མ་ཤེས་ཤིང་མ་སྤངས་པ་ལ་དགོངས་པ་ཡིན་གྱི། ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་ཚུལ་ཙམ་ལ་དགོངས་པ་ནི་མ་ཡིན་ཏེ། རང་འགྲེལ་ཤོག ༢ ལས། ”རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར་ཀུན་ལ་མུན་པ་བཅོམ་པ་ནི་འདོད་མོད་ཀྱི། གཏན་ནས་ནི་མ་ཡིན་ཏེ། འདི་ལྟར་དེ་དག་ལ་སངས་རྒྱས་ཀྱི་ཆོས་དང་། ཡུལ་དང་། དུས་ཤིན་ཏུ་བསྐལ་པ་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེ་པ་ཡོད་པ་ཉིད་དོ། ཞེས་དང། འགྲེལ་པ་ལུགས་ཤོག ༢༤ ལས་ཀྱང་། ”དེས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཉོན་མོངས་པ་ཅན་གྱི་མུན་པ་ཙམ་ལས་གཞན་མ་བཅོམ་པར་བསྟན་ཏེ། ཞེས་གསུངས་པའི་ཕྱིར། འོན་ཀྱང་དེ་དག་ནི་ཉམས་པའི་ཆོས་ཅན་དུ་གྱུར་པའི་དགྲ་བཅོམ་པའི་དབང་དུ་བྱེད་དགོས་པ་སྣང་སྟེ། འགྲེལ་པ་མངོན་པའི་རྒྱན་ཤོག ༦ ལས། ”འདིས་ནི་ཉན་ཐོས་ལ་སོགས་པ་ལས་ལས་སྤངས་པ་ཁྱད་པར་ཅན་དུ་བསྟན་ཏེ། དེ་དག་ལ་ཉོན་མོངས་(པ་ཅན་གྱི་མུན་པ་)སྒྲིབ་སྤངས་པ་ཙམ་ཡོད་ཀྱང་(བག་ཆགས་དང་བཅས་པ་མ་སྤངས་པ) ཉམས་པ་སྲིད་པའི་ཕྱིར། ཞེས་ཉམས་པ་སྲིད་པའི་རྒྱུ་མཚན་ཙམ་ལས་ཉན་ཐོས་དགྲ་བཅོམ་པས་ཉོན་མོངས་ཅན་མ་ཡིན་པའི་མུན་པ་གཏན་ནས་མ་བཅོམ་པའི་རྒྱུ་མཚན་གཞན་མི་སྣང་བའི་ཕྱིར། དེའི་ཕྱིར་ཉན་རང་དགྲ་བཅོམ་ཡིན་ན་ཉོན་མོངས་ཅན་མ་ཡིན་པའི་མུན་པ་གཏན་ནས་མ་བཅོམ་པས་ཁྱབ་པ་ཁས་ལེན་ཐུབ་མ་ཐུབ་ལ་དཔྱད་དགོས་པར་སྣང་ངོ།།
བཞི་པ་གྲུབ་པའི་དོན་ནི། བྱེ་སྨྲ་བའི་ལུགས་ལ་ཉོན་མོངས་དང་ཉོན་མོངས་ཅན་མ་ཡིན་པའི་མུན་པ་ཞེས་སྒྲིབ་པ་ལ་གཉིས་སུ་བྱེད་པ་ནི། ངོ་བོ་དང་མཚན་གཞི་དེ་དག་འཇོག་ཚུལ་མི་འདྲ་བ་ཙམ་ལས་དོན་དུ་ཐེག་ཆེན་པས་འདོད་པ་བཞིན་དུ་སྒྲིབ་པ་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ལས་མི་འདའ་སྟེ། ཐ་སྙད་ལ་ཤེས་སྒྲིབ་ཀྱི་རྣམ་བཞག་མི་བྱེད་པར་ཡོངས་སུ་གྲགས་ཀྱང་། འགྲེལ་པ་མངོན་པའི་རྒྱན་ཤོག ༧ ལས། ”ཤེས་སྒྲིབ་ནི་འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་ཏེ། ཞེས་གསུངས་པ་སོགས་ཀྱིས་དོན་ལ་ཡོད་པ་གོ་ནུས་པའི་ཕྱིར། ལུགས་འདིར་ཤེས་སྒྲིབ་མི་འདོད་པ་ནི། སྒྲིབ་པ་ལ་ཤེས་སྒྲིབ་ཞེས་པའི་ཐ་སྙད་ཐོག་མར་གྲུབ་མཐའ་གོང་མ་ནས་བྱུང་བ་ཡིན་པ་དང་། ཤེས་སྒྲིབ་འདོད་ན་དེའི་གཉེན་པོ་བདེན་མེད་རྟོགས་པའི་ཤེས་རབ་ཁས་ལེན་དགོས་ལ། དེ་འདོད་ན་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པའི་རང་གི་གྲུབ་པའི་མཐའ་དང་འགལ་བ་འགྱུར་བའི་ཕྱིར་དང་། ཆོས་ཐམས་ཅད་ལ་ཤེས་བྱའི་སྒྲིབ་པ་དེ་བཅོམ་ན་ཆོས་ཐམས་གཅིག་ཅར་དུ་མཁྱེན་པའི་ཡེ་ཤེས་ཀྱང་ཁས་ལེན་དགོས་པས། འགྲེལ་པ་མངོན་པའི་རྒྱན་ཤོག ༣༠༡ ལས། ”གལ་ཏེ་ཤེས་པ་གཅིག་གིས་ཆོས་ཐམས་ཅད་ཅིག་ཅར་དུ་ཤེས་པར་འགྱུར་བ་ཡོད་དམ་ཞེས་ན། དེ་ནི་མེད་དེ། མདོ་ལས། དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་གང་ཅིག་ཅར་ཐམས་ཅད་ཤེས་པའམ་མཐོང་བ་དེ་ནི་གང་ཡང་མེད་དོ་ཞེས་འབྱུང་བའི་ཕྱིར་རོ། ཞེས་དང་མཛོད་ཀྱི་དཀའ་གནས་རྣམ་བཤད་ཤོག ༥ ལས། ”འདིར་ཤེས་བྱིའི་སྒྲིབ་པར་མི་འཇོག་སྟེ། འདི་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཇི་སྙེད་པ་ཡང། སེམས་དང་སེམས་ལས་བྱུང་བའི་ངོ་བོར་འོས་པའི་ཕྱིར་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་ཕྱི་རོལ་གྱི་དོན་ལ་སོགས་པའི་གཟུངས་བྱ་ཇི་སྙེད་པ་རྣམ་མེད་རྗེན་ཆར་དུ་འཛིན་པས་ན། འཛིན་པའི་ངོ་བོར་ཡོད་པའི་ཕྱིར་ན། དེ་ཡང་ཤེས་བྱའི་སྒྲིབ་པ་ཉིད་དུ་ཐལ་བར་འགྱུར་བས་སོ། ཞེས་གསུངས་པའི་ཕྱིར། དེས་ན་ལུགས་འདིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་རང་ཉིད་གི་སྐད་ཅིག་ལ་རང་ཉིད་རྟོགས་མི་ནུས་པར་ཁས་ལེན་པའི་གྲུབ་མཐའ་དང་འགལ་བ་མངས་པོ་ཡོང་བ་བཀག་པའི་ཕྱིར་ཡིན་པར་བསམ། གཞན་ཡང་རང་འགྲེལ་ལས། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཉེན་པོ་བརྙེས་ནས་ཞེས་གསུངས་པའི་གཉེན་པོ་ནི། སངས་རྒྱས་སའི་སྟོབས་བཅུ་ཡིན་ཏེ།་མཛོད་ཀྱི་དཀའགནས་རྣམ་ཤེས་ཤོག ༨ ལས། ”མི་ཤེས་པའི་རྒྱུ་བཞི་པོ་སེལ་བྱེད་ཀྱི་གཉེན་པོ་དངོས་ནི་སློབ་ལམ་ན་ཡོད་པར་མ་ཡིན་སྟེ། དེ་དང་འཛིན་སྟངས་འགལ་བའི་རྣམ་པ་ཅན་གྱི་ཤེས་རབ་མེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སངས་རྒྱས་ཀྱི་སའི་སྟོབས་བཅུ་པོ་དེ་ཉིད་དོ། ཞེས་གསུངས་པའི་ཕྱིར། སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པར་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། སེམས་ཅན་གྱི་ཁམས་དང་མོས་པ། དབང་པོ་མཆོག་དང་མཆོག་མ་ཡིན་པ་སྣ་ཚོགསམཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། བསམས་གཏན་དང་རྣམ་པར་ཐར་པའི་ཏིང་ངེས་འཛིན་དང་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཐམས་ཅད་མཁྱེན་པའི་སྟོབས། སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་དྲན་པའི་སྟོབས། ཟག་པ་དང་ཟད་པ་འཁྱེན་པའི་སྟོབས་བཅས་སོ། །
ཐ་མར་མཇུག་བསྡུ་བ་ནི། རང་ཅག་སྤྱིར་མཉམ་མེད་ཤཱ་ཀྱ་ཐུབ་པའི་རྗེས་འཇུག་ཡིན་པའི་ཆ་ནས་ཁོང་གི་བཀའ་དང་རྗེས་མཇུག་མཁས་པའི་བསྟན་བཅོས་སོགས་ལ་ཐོས་པས་སྒྲོ་འདོགས་གཅོད་རྒྱུ་དང་། བསམ་པས་ངེས་ཤེས་དྲོང་། སྒོམ་པས་རང་སེམསའདུལ་བའི་ཉམས་ལེན་རྣལ་མ་བྱེད་རྒྱུ་ལས་གཞན་མེད་པར་བསམ་ནས། བཤད་གྲྭ་འདིའི་མཁྱེན་སློབ་རྣམས་ཀྱིསམཛོད་གནས་དང་པོའི་དཀའ་གནད་ཐོག་ལ་་བགྲོ་གླེང་གི་རིམ་པ་འདི་ལྟ་བུ་ཞིག་ལ་རྩོམ་ཤོག་འབྲི་བའི་བགོ་སྐབས་བསྩལ་བ་འདི་ནི་གོ་སྐབས་དམ་འཛིན་དུ་བྱེད་པའི་ཁུལ་གྱིས་གུས་པ་རང་ཉིད་ལ་སྐྱེས་སྟོབས་དང་སྦྱངས་སྟོབས་ཀྱི་ཆ་གང་གི་ཐད་ནས་ཀྱང་ཆོས་མངོན་པར་མཛོད་ཀྱི་དཀའ་གནད་ཟུར་ཙམ་ཡང་སྨྲ་བའི་གདེང་སྤོབས་མེད་མོད། འོན་ཀྱང་སྔོན་བྱོན་རྒྱལ་བ་རྣམས་དང་ཚེ་འདིར་རང་ཉིད་ལ་བླང་དོར་གྱི་གནས་ཚུལ་བཞིན་དུ་བསླབ་པའི་བཤེ་གཉེན་དམ་པ་རྣམས་ཀྱི་བཀའ་དྲིན་དྲན་པ་དང་སྒྲུབ་པའི་མཆོད་པ་རུ་དམིགས་ནས་བློ་དམན་རང་གིས་མཛོད་གནས་དང་པོའི་མཆོད་བརྗོད། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞེས་པའི་གཞུང་དོན་ལ་དཔྱད་པ་བླ་མ་དགྱེས་པའི་མཆོད་སྤྲིན་ཞེས་པའི་དཔྱད་གཏམ་འདི་ཉིད་ཡུལ་དམ་པ་རྣམས་ལ་མཆོད་པ་ལྷུར་ལེན་གྱི་ཚུལ་དུ་བྲིས་པའོ། །
སླར་སྨྲས་པ།
ཚུལ་འདིར་བརྩོན་པའི་དགེ་བ་ཅི་མཆིས་པ། །སྤྱིར་གྱི་མཉམ་མེད་རྒྱལ་བའི་བསྟན་པ་དང་། །
ཡང་སྒོས་དཔལ་ལྡན་འབྲུག་པའི་བསྟན་པ་ཉིད། །ཕྱོགས་དུ་ཀུན་ཏུ་དར་ཞིང་རྒྱས་པར་སྨོན། །
རྣམ་རྒྱལ་རྡོ་རྗེ།
བསྟན་བཅོས་མཁན་ལོ་ངོ་དང་པ།
སྤྱི་ལོ་ ༢༠༢༦
རྒྱབ་རྟེན་ཡིག་ཆ།
མཛོད་རྩ་བ། རྩ་བ་ཕྱོགས་སྒྲིག ས་རཱ་པར་མ། ༢༠༡༥
མཛོད་རང་འགྲེལ། ཝཱ་ཎ་པར་མ། ༢༠༡༡
འཆིམ་མཆན། རྣམ་རྒྱལ་གྲྭ་ཚང་པར་མ། ༢༠༡༤
ཀུན་བཏུས་རང་འགྲེལ། སྡེ་དགེ་བསྟན་འགྱུར།
ཀུན་མཁྱེན་གོ་རམས་པའི་མཛོད་འགྲེལ་གཞུང་དོན་རབ་ཏུ་གསལ་བའི་ཉི་མ། གསུང་འབུམ་བ་པ། ཐེ་ཝེན་པར་མ།༢༠༡༡
ཀུན་མཁྱེན་ཆེན་པོའི་འགྲེལ་པ་ལུགས། ཀུན་མཁྱེན་གསུང་འབུམ། གཞུང་གྲྭ་ཚང་པར་མ། ༢༠༢༠
པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་མཛོད་ཀྱི་དཀའ་གནས་རྣམ་བཤད། ཐེ་ཝེན་པར་མ། ༢༠༡༡
བསམ་འཆར།