ཆོས་མངོན་པའི་མཛོད་ལས་བཤད་པའི་རྣམ་རིག་མིན་པའི་གཟུགས་ལ་ལྟ་བའི་ སེངྒེའི་ང་རོ་བཞུགས་སོ། ། ཕ་རོལ་བདེ་མོར་བགྲོད་པའི་རྒྱ་ཆེའི་ལམ། །སྐལ་ལྡན་པདྨའི་...
ཆོས་མངོན་པའི་མཛོད་ལས་བཤད་པའི་རྣམ་རིག་མིན་པའི་གཟུགས་ལ་ལྟ་བའི་སེངྒེའི་ང་རོ་བཞུགས་སོ། །
ཕ་རོལ་བདེ་མོར་བགྲོད་པའི་རྒྱ་ཆེའི་ལམ། །སྐལ་ལྡན་པདྨའི་འདབ་ལ་འོད་འཕྲོ་བ། །
དཔལ་ལྡན་དབྱིག་གཉེན་གང་གིས་གསལ་མཛད་པ། །གཞུང་ལུགས་བུམ་ཆུའི་བདུད་རྩི་འཐུང་ལ་སྤྲོ། །
ཞེས་དམ་པའི་རྗེས་སུ་དང་མཐུན་པར་གང་ལ་ལེགས་ཚིག་གསེར་གྱི་མེ་ཏོག་མཐོར་བ་སྔོན་དུ་བཏང་ནས། འདིར་གང་ཞིག་ཞུ་བར་རྒྱུ་བའི་དཔྱད་གཞི་དེ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་འདི་ཡིན་ལགས། དེ་རྣམ་པར་བཞག་པ་ལ། དེའི་ངོ་བོ། དབྱེ་བ། དོན་ནམ་རྒྱུ་མཚན། དེ་ལ་དཔྱད་པ། བསྔོ་བ་དང་ལྔ་ལས་དང་པོ་ནི།
༡༽ དེའང་བྱེ་བྲག་སྨྲ་བ་ལྟར་སློབ་དཔོན་གྱིས།
གཡེངས་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །
འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །
ཅེས་རྣམ་རིག་མ་ཡིན་པའི་གཟུགས་ཀྱི་ངོ་བོ་བསྟན་པ་ཡིན་ཏེ་ཁྱད་ཆོས་ལྔ་ལྡན། དེ་དག་གང་ཞེ་ན་འབྱུང་བ་བཞི་རྣམས་རྒྱུར་བྱས་པ་དང་། སེམས་གཡེང་བ་དང་སེམས་མེད་པ་སྟེ་འདུ་ཤེས་མེད་དང་འགོག་པའི་སྙོམས་འཇུག་ལ་གནས་པ། ཡང་སྒྲས་མ་ཡེངས་པ་སྟེ་སེམས་བཅས་ཀྱི་གནས་སྐབས་ཐམས་ཅད་དང་། དགེ་མི་དགེའི་རང་བཞིན་ཅན་དང་། དེ་དག་གི་རྗེས་སུ་འབྲེལ་བ་སྟེ་རྒྱུན་ཆགས་སུ་འཇུག་པ་དང་། རྣམ་པར་རིག་བྱེད་བཞིན་དུ་གཞན་དག་ལ་རྣམ་པར་རིག་བྱེད་མ་ཡིན་པའོ། །
༢༽ ད་ནི་དབྱེ་བ་ལ།
རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །
རྣམ་པ་གསུམ་གསུངས་པ་ཡིན་ལགས། དགེ་བའི་ཕྱོགས་ཀྱི་རྣམ་རིག་མིན་པའི་གཟུགས། སོ་ཐར་དང་བསམ་གཏན་གྱི་སྡོམ་པ་ལྟ་བུ། མི་དགེ་བའི་ཕྱོགས་ཏེ་སྡིག་པ་བྱེད་པའི་དམ་བཅའ་ཅན་ནམ་ལས་ངན་གྱི་རྒྱུན། ཐ་མ་ནི་སྡོམ་དང་སྡོམ་མིན་ལྟར་དམ་བཅའ་བ་མེད་པར་དགེ་མི་དགེ་ཤུགས་དྲག་པོ་བྱས་པ་ལས་བྱུང་བའི་རྒྱུན་ཏེ། རིམ་པ་བཞིན་སྡོམ་པ་དང་སྡོམ་མིན་དང་བར་མའི་རྣམ་རིག་མིན་པའོ། །
༣༽ རྒྱུ་མཚན་ནི།
རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་རྣམ་པར་བཞག་དགོས་པ་ནི་ཅི་ཡིན་ཞེ་ན། བསོད་ནམས་འཕེལ་བའི་མདོ་ལས། ཀུན་དགའ་བོ་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཟང་ཟིང་མ་ཡིན་པའི་བསོད་ནམས་ཀྱི་བྱ་བའི་དངོས་པོ་བདུན་པོ་འདི་དག་སྒྲུབ་ན། དེ་དག་ཉལ་ལམ་སད་ཀྱང་རུང་། བསོད་ནམས་ཀྱི་རྒྱུན་ནི་རྟག་ཏུ་འཕེལ་ཞིང་འབྱུང་བར་འགྱུར་རོ། །
ཞེས་གསུངས་པའི་བསོད་ནམས་འཕེལ་ཚུལ་གྱི་གནད་དོན་ལ་གཞི་བཅོལ་ནས་བཞག་པ་ཡིན་ལགས། དངོས་སུ་ལས་ཀ་བྱེད་བཞིན་པ་མིན་པའི་སྐབས་དཔེར་ན་ཉལ་བའི་སྐབས་ལའང་བསོད་ནམས་འཕེལ་བར་གསུངས་ན། དེ་ནི་སེམས་ཀྱི་ལས་ཙམ་མ་ཡིན་པར། རྒྱུད་ལ་ཡོད་པའི་གཟུགས་ཀྱི་ངོ་བོར་གྱུར་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེའི་ནུས་པ་ཡིན་དགོས་པར་འདོད། བཅོམ་ལྡན་འདས་ཀྱིས་མདོ་ལས་དགེ་བའི་ཆོས་རྣམས་ཀྱི་འཕེལ་བ་གསུངས་པ་དེ་རྣམ་རིག་མ་ཡིན་པའི་གཟུགས་ཡོད་པའི་རྟགས་སུ་འདོད་དོ། །
གནད་འགག་ནི། རྣམ་རིག་མ་ཡིན་པའི་གཟུགས་འདི་དག་ལུས་ངག་གི་བྱ་བ་དངོས་དེ་འགགས་ཟིན་ཀྱང་དེའི་འཕེན་པའམ་ནུས་པ་ཞིག་རྒྱུད་ལ་རྒྱུན་ཆད་མེད་པར་གནས་ཡོད་པ་དེ་ཡིན་ནོ། །
འཕེན་པ་རྣམ་རིག་བྱས་པ་ལས། །བྱུང་བའི་དགེ་མེ་དགེ་བའི་རྒྱུན། །
སེམས་མེད་པའི་ཡང་རྗེས་འབྲང་བ། །དེ་ནི་རྣམ་རིག་བྱེད་མིན་བཤད། །
འདི་ཉིད་ཕུང་པོ་ལྔའི་ནང་ནས་གཟུགས་ཀྱི་ཕུང་པོ་ཁོངས་སུ་བསྡུ་བའི་དོན་ནི་འབྱུང་བ་བཞི་རྒྱུ་བྱས་པ་ལས་བྱུང་བའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔ་གསུངས་པའི་སྐབས། ལས་དང་བསོད་ནམས་ཀྱི་རྒྱུན་རྣམས་གཟུགས་ཀྱི་ཕུང་པོའི་ཁོངས་སུ་བསྡུ་བར་མཛད་པ་དེ་ལུང་གི་རྩ་བར་ཡིན། དཔེར་ན། སྡོམ་པ་ནི་དགེ་བའི་ལས་ཡིན་ལ་དེ་གཟུགས་ཀྱི་ཕུང་པོར་གཏོགས་པར་གསུངས་པ་ལྟ་བུའོ། །ཐོགས་མེད་ཀྱི་རང་བཞིན་ནི་གཟུགས་གཞན་ལྟར་གོ་ས་འཛིན་པ་དང་། ཕན་ཚུན་ཐོགས་པ་མེད་པས་ཡིད་ ཀྱི་ཤེས་པའི་སྤྱོད་ཡུལ་དུ་གྱུར་པ་ཡིན། གོང་གི་བདུན་པོ་དེ་གང་ཞེ་ན། ཀུན་དགའ་ར་བ་འབུལ་བ། གཙུག་ལག་ཁང་བརྩིགས་པ། ཉལ་ཁྲི་དང་གདན་ འབུལ་བ། གཞི་བཏིང་བ། འགྲུལ་པ་ལ་ཟས་སྦྱིན་པ། ནད་པ་ལ་བསྙེན་བཀུར་བྱེད་པ་དང་། གྲིབ་བསིལ་དང་ཆུ་ སྦྱིན་པ་སྟེ་ཟང་ཟིང་མ་ཡིན་པའི་བསོད་ནམས་ཀྱི་བྱ་བའི་དངོས་པོ་བདུན། གལ་ཏེ་རྣམ་པར་རེག་བྱ་མ་ཡིན་པའི་གཟུགས་འདི་ཉིད་མེད་ན་ཉིན་མཚན་དུ་བསོད་ནམས་འཕེལ་བའི་རྒྱུ་མཚན་གཞན་མེད་པར་བྱེ་བྲག་སྨྲ་བས་འདོད་དོ། །
༤༽ དེ་ལ་དཔྱད་པ་ནི།
ངོ་བོ་ལ་དཔྱད་པའི་སྤོབས་པ་བདག་ལ་མེད་པས་རེ་ཞིག་བཏང་སྙོམས་སུ་བཞག་ལགས། ད་ནི་གཟུགས་དེ་ཉིད་ཟག་བཅས་ཟག་མེད་གང་ཡིན་ལ་དཔྱད་པ། སྤྱིར་འདུས་བྱས་ཀྱི་ཆོས་ཡིན་ན་ཟག་བཅས་ཟག་མེད་གང་རུང་ཡིན་པར་འདོད་པ་ལ། རྒྱུ་མཚན་ཅི་ཞིག་ཡོད། བུམ་པ་ཞིག་ལ་མཚོན་ན་མཚུངས་ལྡན་མ་ཡིན་པ་དང་དམིགས་བཅས་ཤེས་པ་དང་བྲལ་བའི་བུམ་པ་རང་དགར་བ་གནས་པའི་དུས་དེ་ཉིད་ཀྱི་བུམ་པ་འདི་ཟག་བཅས་སམ་ཟག་མེད། དེ་ཉོན་མོངས་དང་མཚུངས་ལྡན་མ་ཡིན་པ་དང་ཁྱོད་ལ་བལྟོས་པའི་ཤེས་པ་མེད་པས་ཟག་བཅས་མ་ཡིན་ཏེ། དམིགས་པའི་སྒོ་ནས་མ་ཡིན་ལ་མཚུངས་ལྡན་གྱི་སྒོ་ནས་ཀྱང་མ་ཡིན་པའི་ཕྱིར། དེ་ལྟ་བུའི་བུམ་པ་ཟག་མེད་ཀྱང་མ་ཡིན་ཏེ། གང་ལ་བལྟོས་ཀྱང་ཟག་པ་རྒྱས་སུ་མི་རུང་བའི་ཆོས་མ་ཡིན་པའི་ཕྱིར། མདོར་ན་འདུས་བྱས་ཡིན་ན་ཟག་བཅས་ཟག་ མེད་གང་རུང་ཡིན་མི་དགོས་པར་འདོད་པ་ཡིན། གྲོགས་པ་དག་གིས་དཔྱོད་པ་གནང་བར་ཞུ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་དེ་ལྟ་བུ་ཡིན་ཞེ་ན་མ་ཡིན་ཏེ། བཤད་པ་གཟུགས་དེ་ཉིད་ཆོས་ཁམས་སུ་གཏོགས་པས་ཡང་ན་ཟག་བཅས་དང་ཟག་མེད་གང་རུང་ཡིན་དགོས་ཏེ། གང་ལ་ཡིད་ཀྱི་རྣམ་པར་ཤེས་པ་མཐའ་ཡས་པ་མ་སྐྱེས་པའམ་སྐྱེ་བར་མི་འགྱུར་བའི་ཆོས་ཀྱི་ཁམས་གང་ཡིན་པ་དེ་ནི་འགའ་ཡང་མེད་པས་སོ། །འཕགས་པའི་གང་ཟག་ལ་ནི་ཟག་མེད་དེ། འདི་ལྟར་འཕགས་པའི་གང་ཟག་ཐམས་ཅད་ལ་ནི་གདོན་ མི་ཟ་བ་ཆོས་ཐམས་ཅད་བདག་མེད་དོ་སྙོམ་པའི་སེམས་འདི་སྐྱེའོ། །དེ་ཡང་འགྲེལ་པ་ལུགས་ལ། དེ་བས་ན་ཆོས་ཞེས་བྱ་བའི་ཁམས་ནི་རྟག་ཏུ་བརྟེན་པ་དང་བཅས་པའོ། །ལྷག་མ་མིག་ནས་ཡིད་ཀྱི་བར་ནི་རང་གི་ཡུལ་ལ་བྱེད་པས་དེ་དག་རྟེན་བཅས་སུ་བཞག་གོ །སོ་སྐྱེ་དང་ཉམས་བཞག་མ་ཡིན་པའི་སྒོམ་ལམ་དག་གིས་ དམིགས་པའི་ཚེ་ན་རྣམ་རིག་མ་ཡིན་པའི་གཟུགས་ཉིད་ཟག་བཅས་སུ་བཞག་པ་ཡིན་ནོ། །དེ་ལྟར་དཔྱོད་དགོས་པ་ནི་གཞུང་འདིའི་བརྗོད་བྱ་ཟག་བཅས་ཟག་མེད། གཟུགས་དེ་ཉིད་དེ་དག་གི་ཁོངས་སུ་གཏོགས་དགོས་པས་སོ། །
༥༽ བསྔོ་བ་ནི།
དེ་ལྟར་གཞུང་ལུགས་ཆེན་པོ་ལ། །ལོང་བས་ལྟ་ལས་གང་བྱུང་བ། །
དེ་ནི་འགྲོ་བ་ཐམས་ཅད་ཀྱི། །ཡང་དག་མཐོང་བའི་མིག་འགྱུར་ཅིག །

བསམ་འཆར།