ཚུལ་ཁྲིམས་རྡོ་རྗེ། བསྟན་བཅོས་མཁན་ལོ་ངོ་དང་པ། སྤྱི་ལོ་ ༢༠༢༦ རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་དཔྱད་པ་བློ་དམན་བྱིས་པའི་རྟོག་བཟོ། མཆོད་བརྗོད། ...

ཚུལ་ཁྲིམས་རྡོ་རྗེ།
བསྟན་བཅོས་མཁན་ལོ་ངོ་དང་པ།
སྤྱི་ལོ་ ༢༠༢༦
རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་དཔྱད་པ་བློ་དམན་བྱིས་པའི་རྟོག་བཟོ།

བསྟན་བཅོས་མཁན་ལོ་ངོ་དང་པ།
སྤྱི་ལོ་ ༢༠༢༦
མཆོད་བརྗོད།
སྐྱེ་བ་ལྔ་བརྒྱར་པཎྡི་ཏར་གྱུར་ཏེ། །གཅེན་གྱི་དྲིན་ལས་ཕྱིར་མི་ལྡོག་ཐོབ་པ། །
གཞུང་ལུགས་འབུམ་སྡེ་གོ་དགུའི་གླེགས་བམ་ཆེ། །དབྱིག་གཉེན་སངས་རྒྱས་གཉིས་པར་གྲགས་ལ་འདུད། །
བརྩམ་པར་དམ་བཅའ།
མཁས་པའི་དགོངས་པ་ཇི་བཞིན་རྟོགས་པ་ཡི། །རྣམ་དཔྱོད་བློ་དམན་བདག་ལ་མི་ལྡན་ཡང། །
དེ་ལ་འཇུག་པའི་འདུན་པ་མ་རྫོགས་པས། །སྤྲོ་བའི་སེམས་ཀྱིས་གང་ཤེས་འདི་ལྟར་འབྲི། །
ཞེས་ལེགས་ཚིག་མཆོད་བརྗོད་ཀྱི་མེ་ཏོག་དང་རྩོམ་པའི་དམ་བཅའ་བ་སྔོན་དུ་བཏང་ནས་གང་ཞིག་ཞུ་བར་བྱ་བའི་ཆོས་ཀྱི་རིམ་པ་ཡང་སྤྱིར་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་དེ་གཉིས་ཀྱིས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བཞེད་ཚུལ་ལ་མི་འདྲ་སྟེ། བྱེ་སྨྲས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་རྫས་ཡོད་དུ་འདོད་པ་དང་། མདོ་སྡེ་པས་རིག་མིན་གྱི་གཟུགས་ནི་བཏགས་ཡོད་དུ་འདོད་དེ་དེ་དག་གིས་འདོད་ཚུལ་ལ་ཁྱད་པར་ཡོད་ཀྱང་། དེ་རིང་སྐབས་སུ་བབ་པ་རང་ཉིད་ཀྱི་དཔྱད་རྩོམ་དེ་ཉིད་བྱེ་བྲག་སྨྲ་བའི་ལུགས་གཞིར་གཞག་ནས་དོན་ཚན་རྣམ་པ་ལྔའི་སྒོ་ནས་འཆད་པར་བྱེད་པ་ལ།
དེ་ཡང་འཕྲོས་པའི་གཞི་ངོས་བཟུང་བ། མཚན་ཉིད། དབྱེ་བ། མཚན་གཞི། ཁྱད་པར་བཞི་ལྡན་དང་ལྔ་ལྡན་དང་དྲུག་ལྡན་ཚུལ་ལ་དཔྱད་པ་དང་བཅས་ལྔའོ། །དང་པོ་འཕྲོས་གཞི་ནི།
སྤྱིར་གཟུགས་ཕུང་པོ་ལ་དབྱེ་ན། གཞུང་ལས།
གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །
ཅེས་གསུངས་ལྟར། དབང་པོ་ལྔ་པོ་མིག་དང་རྣ་བ་དང་། །སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་རྣམས་དང་། དོན་ལྔ་པོ་མིག་ལ་སོགས་པ་རྣམས་དེ་དག་ཉིད་ཀྱི་ཡུལ་གང་དག་ཡིན་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བཅས་བཅུ་གཅིག་ཡོད་དེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་གཟུགས་ཀྱི་ཕུང་པོ་ལས་འཕྲོས་པའོ། །
གཉིས་པ་མཚན་ཉིད་ནི། ཇི་སྐད་དུ།
རྣམ་པར་རིག་བྱེད་འབྱུང་འགྱུར་ནི། །དགེ་དང་མི་དགེ་གང་ཡིན་པ། །
སེམས་མེད་པར་ཡང་རྗེས་འབྲེལ་བ། །འདི་ནི་རིག་བྱེད་མིན་ཞེས་བྱ། །
ཞེས་པ་ལྟར། ཁྱད་པར་བཞི་དང་ལྡན་པ་གང་ཞིག་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་སོ། །
གསུམ་པ་དབྱེ་བ་ནི། གཞུང་ལས།
རྣམ་རིག་མིན་རྣམ་གསུམ་ཞེ་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །
ཞེས་གསུངས་པ་ལྟར། སྡོམ་པ་དང་རྗེས་སུ་འབྲེལ་པའི་གཟུགས། སྡོམ་པ་མ་ཡིན་པ་དང་རྗེས་སུ་འབྲེལ་བའི་གཟུགས། སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་རྗེས་སུ་འབྲེལ་བའི་གཟུགས་སོ། །
བཞི་པ་མཚན་གཞི་བཞག་ན། གཞུང་ལས།
སྡོམ་པ་སོ་སོར་ཐར་ཅེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །
ཞེས་གསུངས་པ་ལྟར། སྡོམ་པ་སྟེ་སོ་སོར་ཐར་པའི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང༌། ཟག་པ་མེད་པའི་སྡོམ་པ་གསུམ་པོ་གང་ཡང་རུང་བས་བསྡུས་པ་ལ་དེ་ནི་དགེ་བ་ཡིན་པ་དང་། ཡང་ན་སྡོམ་པ་མ་ཡིན་པའི་གཟུགས་ཏེ། དེ་ནི་མི་དགེ་བ་ཡིན་པ་དང་། ཡང་ན་བར་མའི་དགེ་བ་དང་བར་མའི་མི་དགེ་བ་སྟེ། དེ་རྣམས་ནི་རྣམ་པར་རིག་བྱེད་མ་ཡིན་པ་ ཞེས་བྱ་བའི་གཟུགས་ཀྱི་མཚན་གཞི་ཡིན་པར་འདོད་དོ། །
ལྔ་པ་ཁྱད་པར་གྱི་ཆོས་ལྡན་ཚུལ་ལ་དཔྱད་པ་ནི། གཞུང་ལས།
གཡེངས་དང་སེམས་མེད་པ་ཡི་ཡང༌། །དགེ་དང་མི་དགེ་རྗེས་འབྲེལ་གང་། །
འབྱུང་བ་ཆེ་རྣམས་རྒྱུར་བྱེད་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །
ཅེས་གསུངས་པ་ལྟར། སྤྱིར་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ཁྱད་པར་གྱི་ཆོས་ལྡན་ཚུལ་ལ་ལ་ལས་ཁྱད་པར་དྲུག་དང་ལྡན་པར་འདོད་དེ། དེ་ཡང་སེམས་གཡེང་བའི་གནས་སྐབས་ཀྱི་ཁྱད་པར། སྙོམས་འཇུག་གི་གནས་སྐབས་ཀྱི་ཁྱད་པར། སེམས་དང་བཅས་པའི་གནས་སྐབས་ཀྱི་ཁྱད་པར། དགེ་བ་དང་མི་དགེ་བ་ཁོ་ནར་ངེས་པ་ཡིན་པས་མིག་དང་རྣ་བ་ལ་སོགས་པའི་དབང་པོ་གཟུགས་ཅན་པ་རྣམས་དང་ཡང་མི་འདྲ་བའི་ཁྱད་པར་དང་། རྟག་ཏུ་རྒྱུན་རྗེས་སུ་འབྲེལ་བའི་ཁྱད་པར། འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པའི་ཁྱད་པར་བཅས་དྲུག་དང་ལྡན་པར་འདོད་པ་དང་། ལ་ལས། གནས་སྐབས་ཀྱི་ཁྱད་པར། ངོ་བོའི་ཁྱད་པར། དུས་ཀྱི་ཁྱད་པར། རྒྱུའི་ཁྱད་པར། ངེས་ཚིག་གི་ཁྱད་པར་བཅས་ལྔར་འདོད་པ་དང་། རང་ཉིད་ཀྱི་བསམ་ཚུལ་ནི། སེམས་གཡེང་བ་དང་། སེམས་མེད་པ་སྟེ་འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་འཇུག་ལ་གནས་པ། ཡང་ཞེས་པ་མ་ཡེངས་སེམས་བཅས་ཀྱི་སྐབས་ཐམས་ཅད་ནི་སེམས་ཀྱི་གནས་སྐབས་ཡིན་པའི་ཕྱིར་ན་གནས་སྐབས་ཀྱི་ཁྱད་པར་དུ་འདོད་པ་དང་། དགེ་བ་དང་མི་དགེ་བ་གང་རུང་ཡིན་པས་ངོ་བོའི་ཁྱད་པར་དང་། རྒྱུན་སྔ་མ་ལས་ཕྱི་མ་རྗེས་སུ་འབྲེལ་བས་དུས་ཀྱི་ཁྱད་པར་དང་། འབྱུང་བ་ཆེན་པོ་རྣམས་རྒྱུ་བྱས་པས་རྒྱུའི་ཁྱད་པར་བཅས་བཞིར་འདོད་དོ། །
ཞེས་བློ་དམན་རང་ཉིད་སྐྱེས་སྟོབས་ཀྱི་རིག་པ་དང་སྦྱངས་པའི་རིག་པ་གཏད་ནས་མེད་པས་ནོར་འཁྲུལ་ཡོད་ངེས་པས་དམ་པ་རྣམས་ལ་བཟོད་པར་གསོལ་བ་དང་བཅས་བདག་གིས་བགྱིས་པའི་བསོད་ནམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པ་དང་མ་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བའི་ཕྱིར་དུ་བསྔོ་བར་ཞུའོ། །
བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ༌སྐྱེས༌པ༌རྣམས༌སྐྱེ༌གྱུར༌ཅིག །
སྐྱེས་པ་ཉམས་པ་མེད་པ་དང། །གོང་ནས་གོང་དུ་འཕེལ་བར་ཤོག །
བསམ་འཆར།