རིག་མིན་གྱི་གཟུགས་ལ་དཔྱད་པ། མཆོད་བརྗོད། ཟབ་མོ་ཆོས་རྣམས་གྲུབ་པས་སྟོན་པ་དཔག་བསམ་ཤིང་། །གང་ནས་བདུད་རྩི་ཀུན་འཛག་ལེགས་གསུང་ཆུ་ཤེལ་ཉིད། ། ཚོགས་...
རིག་མིན་གྱི་གཟུགས་ལ་དཔྱད་པ།
མཆོད་བརྗོད།
ཟབ་མོ་ཆོས་རྣམས་གྲུབ་པས་སྟོན་པ་དཔག་བསམ་ཤིང་། །གང་ནས་བདུད་རྩི་ཀུན་འཛག་ལེགས་གསུང་ཆུ་ཤེལ་ཉིད། །
ཚོགས་གཉིས་ལོ་ཏོག་གྱ་ནོམ་འདིར་བསྐྱེད་ཞིང་དམ་པ། །ཤཱཀྱའི་དེ་ལུགས་འཛིན་པའི་དམ་པའི་ཞབས་ལ་ཕྱག་བགྱིའོ། །
རྩམ་པ་དམ་བཅའ་བ་ནི།
ཆོས་རྣམས་རབ་ཏུ་རྣམ་པ་བྱེད་པའི་ལ། །མངོན་པའི་ཤེས་རབ་དེ་ལས་ཐབས་གཞན་དབེན། །
དེ་ཕྱིར་བདག་གི་སྙན་ངག་འདི་ངན་ཡང་། །རིག་མིན་གཟུགས་ལ་དཔྱད་ནས་འབྲི་ལ་སྤྲོ། །
དང་པོ་ངོ་བོ།
རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི། བརྟན་མེད་ཐོགས་མེད་དེ། དེ་ལུས་ངག་གི་སྦྱོར་བ་ལས་རྗེས་སུ་དཔགས་ཏེ་ནང་གི་སེམས་ཀྱི་ངོ་བོ་རིག་པར་མི་རུང་བས་ན་དེ་སྐད་དུ་བྱ། ཅིའི་ཕྱིར་གཟུགས་སུ་བཞག་ན་བཞག་ཅིང་གནོད་པ་བྱར་རུང་བས་ཏེ། ངོ་བོ་དངོས་ལ་དེ་ལྟར་མི་རུང་ཡང་། ཤིང་བཅད་ན་གྲིབ་མ་མེད་པ་བཞིན། འབྱུང་བ་ཆེན་པོ་བཞི་ཉམས་པར་བྱས་པ་ན་དེ་ཡང་ཉམས་པར་འགྱུར་ཏེ་བརྟེན་པའི་མིང་རྟེན་ལ་བཏགས་པ་སྟེ་འགལ་བ་མེད་དོ། །སྡོམ་པ་ལའང་། མཛོད་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་། ཞེས་པས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་བཞག་པ་དང་། དྲིན་ལན་བསབས་པའི་མདོ་ལས། ཐོག་མའི་སེམས་སྐད་ཅིག་མ་དང་པོའི་ཚུལ་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་ནི་ལས་ཞེས་ཀྱང་བྱ། ལས་ཀྱི་ལམ་ཞེས་ཀྱང་བྱ། ཞེས་སོགས་ཀྱིས་རྣམ་པར་རིག་བྱེད་ཀྱི་གཟུགས་སུ་བསྟན་པ་དང་། ཞིབ་ཏུ་ཕྱེ་ན། མཛོད་འགྲེལ་ལས། དང་པོར་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །ཞེས་སོགས་ཀྱི་དོན། ལས་བརྗོད་པ་གསུམ་གྱི་ཐ་མ་ལ་རྣམ་པར་རིག་བྱེད་ཀྱི་གཟུགས་དང་། དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ལས་སམ་དངོས་གཞིར་འདོད་པས་གཉིས་ཀ་ཡོད་པར་བཤད་ལ། གཞན་ཡང་མཛོད་འགྲེལ་ལས། སྲོག་གཅོད་པ་ལྟ་བུ་དཔེར་མཚོན་ན། མཚོན་བསྣུན་པ་གང་ཞིག་རྣམ་པར་རིག་བྱེད་དང་། དེའི་རྗེས་སུ་སྐད་ཅིག་མར་རིག་བྱེད་མ་ཡིན་པ་འབྱུང་བས་ལས་ལམ་དངོས་གཉིས་ཡོད་པར་བཤད་པས་མཚོན་ཏེ། སོ་སོར་ཐར་པའི་སྡོམ་པར་གཟུགས་གཉིས་ཀ་ཡོད་པ་གསལ་ཀྱང་། སྤྱི་ལྡོག་ནས་རྣམ་རིག་བྱེད་མིན་གྱི་གཟུགས་ཁོ་ན་ཤས་ཆེ་བར་བཤད་པས་འགལ་བ་མེད་དེ། སྡོམ་པར་རིག་བྱེད་གཟུགས་ཡོད་ཀྱང་འཇོག་ཚེ་རིག་མིན་གྱི་ལྡོག་པ་གཙོ་ཆེ་བར་འཇོག་སྟེ། དཔེར་ན་རྡུལ་ཕྲ་རབ་དབང་ཤེས་ཀྱི་ཡུལ་ཡིན་ཡང་། དེ་མི་སྣང་བས་ཡུལ་དུ་མི་འཇོག་པ་བཞིན་ནོ། །བྱེ་སྨྲས་རྣམ་པར་རིག་བྱེད་ཀྱི་གཟུགས་ཡོད་པར་འདོད་དེ། རྣམ་རིག་མིན་གྱི་གཟུགས་མེད་ན་སོར་སྡོམ་ཀྱང་མེད་པར་འགྱུར་ཏེ། དེ་སྤོང་བ་ནི་འཆལ་ཚུལ་གྱི་གེགས་བྱེད་པའི་ཆུ་ལོན་ལྟ་བུར་གསུངས་པའི་ཕྱིར་རོ། །ཞེས་འདོད་ལ། ཐེག་ཆེན་པ་དག་རྣམ་རིག་བྱེད་མིན་མེད་དེ་ཚད་མས་ཡུལ་དུ་མ་གྲུབ་པའི་ཕྱིར། སོར་སྡོམ་ཡོད་དེ། ཁས་བླངས་པའི་སེམས་དེས་ལུས་ངག་གི་ལས་བཀག་པའི་སྡོམ་སེམས་དེས་མ་འོངས་པ་ན་དེ་དང་དེ་ཅི་རིགས་སུ་བསྐྱེད་དེ་ཀུན་གཞིའི་རྣམ་ཤེས་ལ་ས་བོན་བཏབ་ནས། དེའི་འོག་ཏུ་བདག་གི་སྲོག་གཅོད་སྤངས་པའོ། །ཞེས་ཡང་དག་པར་བླངས་པའི་དྲན་པ་འབྱུང་སྟེ། དེས་འཛེམ་པའི་བསླབ་པ་དང་མི་འབྲལ་བའི་ཕྱིར། ཡང་དག་བླངས་པའི་སེམས་ཀྱི་ས་བོན་རྒྱུན་ཆགས་དང་བཅས་པ་ནི་སྡོམ་པའོ། །ཞེས་བཤད་དོ། །རྒྱུ་མཚན་དེས་ན་བྱེ་སྨྲ་བས་སྡོམ་པ་གཙོ་བོར་རྣམ་པར་རིག་མིན་གྱི་གཟུགས་སུ་འདོད། རིག་མིན་གྱི་གཟུགས་དེ་ཡང་འབྱུང་བ་ཆེན་པོར་བརྟེན་པའི་ཕྱིར་ཡོད་པར་འདོད། དེ་འདོད་པས་རྟེན་ལུས་བོར་པའི་ཚེ་བརྟེན་པ་སྡོམ་པའང་འཇིག་པར་བཤད་དེ། འབྲི་གུང་པ་སོགས་སྡོམ་པ་གཟུགས་ཅན་དུ་འདོད་པ་བཞིན་དུ་ཤི་བའི་ཚེ་ཡང་རྗེས་སུ་འབྲང་བ་གཉིས་ཀ་འདོད་པ་འགལ་ཏེ། སློབ་དཔོན་དབྱིག་གཉེན་གྱིས་བྱེ་སྨྲ་བས་དགེ་བ་གཟུགས་ཅན་དུ་འདོད་པ་འགོག་པ་ན། དེ་གཟུགས་ཅན་དུ་འདོད་བཞིན་ཤི་ནས་འབྲས་བུ་བདེ་བ་བསྐྱེད་པར་འདོད་པ་ཡང་འགལ་ཏེ། འཇིག་པའི་ཕྱིར་རོ། །ཞེས་སུན་འབྱིན་མཛད་པ་དང་ཚུལ་མཐུན་པར་བཤད་པས་གྲུབ་བོ། །
གཉིས་པ་རིག་མིན་གྱི་གཟུགས་ཡོད་པའི་སྒྲུབ་བྱེད་འགོད་པ།
དེ་ཡང་བྱེ་སྨྲའི་རང་ལུགས་ལ་མདོ་ལས་གནས་གསུམ་གྱི་གཟུགས་ཀྱིས་གཟུགས་ཐམས་ཅད་བསྡུས་པ་ཡིན་ཏེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ཀྱང་ཡོད་དོ། །ཞེས་པའི་ལུང་གིས་རིག་མིན་གྱི་གཟུགས་ཡོད་པར་བསྒྲུབས་ཤིང་། རྫས་ལས་མ་བྱུང་བའི་བསོད་ནམས་བདུན་དུ་གསུངས་པ་རྣམས་ཀྱང་བར་མ་དགེ་བའི་རིག་བྱེད་མ་ཡིན་པ་ཡིན་གྱི། རིག་བྱེད་དང་སེམས་པ་སོགས་ཡིན་ན་ཉལ་བ་སོགས་ཀྱི་གནས་སྐབས་སུ་མི་འབྱུང་བར་ཐལ་བ་ལས་དེ་དག་གི་ཚེ་ཡང་འབྱུང་བར་གསུངས་པའི་ཕྱིར་དང༌། གཞན་ཡང་རིག་བྱེད་མ་ཡིན་པའི་གཟུགས་མེད་ན་ཟག་མེད་ཀྱི་གཟུགས་ཀྱང་མེད་པར་འགྱུར་ལ། དེ་ལྟ་ན་འཕགས་ལམ་ཡན་ལག་བརྒྱད་མེད་པར་འགྱུར་ཏེ། མཉམ་པར་བཞག་པའི་ཚེ་ལུས་ངག་གི་རིག་བྱེད་ནི་མེད་ལ། རིག་བྱེད་མ་ཡིན་པ་ཡང་མེད་ན་ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་རྣམས་མེད་པར་འགྱུར་བ་ལས་དེ་དག་ཡོད་པར་བཤད་པའི་ཕྱིར། ཞེས་པས་རིག་མིན་ཡོད་པར་རིགས་པས་བསྒྲུབས་སོ༎ ཁ་ཅིག་གིས་ནི་མཛོད་རྩའི། གཡེངས་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་པས་རིག་མིན་གྱི་གཟུགས་ཀྱི་ངོ་བོ་བསྟན་པར་ཡང་འདོད་ལ།སློབ་དཔོན་འདུན་བཟང་ནི་དེས་རིག་མིན་གྱི་ངོ་བོ་བསྟན་ན་མི་འཐད་པར་གསུངས་ཤིང་རང་གི་ལུགས་ལ། བྱས་པ་དང་ཡང་མི་འདྲ་བའི། །སེམས་པའང་སེམས་མེད་པ་ལ་གང་། །ལུང་བསྟན་ཐོགས་པ་མེད་པའི་གཟུགས། །དེ་ནི་རྣམ་རིག་བྱེད་མིན་འདོད། །ཅེས་པས་རིག་མིན་གྱི་ངོ་བོ་བསྟན་པར་ཡང་འདོད།
གསུམ་པ་རིག་མིན་གཟུགས་ཡིན་མིན་དཔྱད་པ།
རྗེ་ཐམས་ཅད་མཁྱེན་པ་ལྷ་མོ་དོན་གྲུབ་ཀྱི་ཞལ་ནས་སློབ་དཔོན་དབྱིག་གཉེན་གྱིས་མཛོད་ཀྱི་འཇིག་རྟེན་བསྟན་པ་རྩོམ་སྐབས་རང་གིས་ཀྱང་ལུགས་དེར་ཡིད་ཆེས་ཅི་ཙམ་བྱས་ཡོད་མི་ཤེས་གསུངས་པ་ལྟར། བྱེ་སྨྲའི་གྲུབ་མཐའ་འཆད་པའི་སློབ་དཔོན་དག་གིས་ཀྱང་རིག་མིན་གྱི་གཟུགས་འཆད་སྐབས་རིག་མིན་གྱི་གཟུགས་ཡོད་པར་ཡིད་ཆེས་ག་ཚོད་བྱས་ཡོད་མི་ཤེས། རྒྱུ་མཚན། བྱེ་སྨྲའི་ལུགས་ལ་མདོ་ལས་བསྟན་དུ་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ཤིག་ཡོད་པར་གསུངས་པ་ཙམ་གྱིས་རྫས་ལས་བྱུང་བའི་བསོད་ནམས་བདུན་སོགས་ཤེས་པ་དང་རིག་བྱེད་ནི་མིན་པས་རིག་མིན་ལས་འོས་མེད་དོ་ཞེས་པ་ཙམ་ལས། རྩ་བའི་ཆ་ནས་བསྟན་མེད་ཐོགས་མེད་ཀྱི་ངོ་བོར་གྱུར་བའི་རིག་མིན་གྱི་གཟུགས་ཤིག་ཡོད་པའམ་ཡོད་ན་གཟུགས་ཡིན་པར་སྒྲུབ་པའི་རིགས་པ་ནི་མེད་ཅིང་། ལྷག་ཏུ་རིག་མིན་གཟུགས་ཡིན་ན་གཟུགས་ཀྱི་མཚན་ཉིད་ལ་མ་ཁྱབ་པའི་སྐྱོན་ཡོད་པར་ཐལ་བའམ་རིག་མིན་གྱི་གཟུགས་རིག་མིན་གྱི་གཟུགས་མ་ཡིན་པར་ཐལ་ཏེ། གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ཡིན་ལ། གཟུགས་སུ་རུང་མི་རུང་གི་དོན་ནི་ཕན་ཚུན་འཕྲད་པས་འགྱུར་བ་བསྐྱེད་རུང་མི་རུང་ལས་གཞན་དུ་འཆད་པའི་སྐབས་མེད་ན། རིག་མིན་ནི་བསྟན་དུ་མེད་ལ་ཐོགས་པའང་མེད་པ་ཞིག་ཡིན་པས་གཟུགས་སུ་མི་རུང་སྟེ། ཐོགས་མེད་ཡིན་ན་འཕྲད་པ་མེད་ཅིང་འཕྲད་པ་ཡོད་ན་ཐོགས་མེད་དུ་མི་རུང་བའི་ཕྱིར། དེས་ན་གཟུགས་སུ་རུང་བ་དང་བསྟན་མེད་ཐོགས་མེད་ཡིན་པ་གཉིས་ནི་མཐའ་གཅིག་ཏུ་འགལ་བ་མ་ཡིན་ནམ།
གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་དང་། །བསྟན་དུ་མེད་ལ་ཐོགས་པ་མེད་པ་གཉིས། །
གཅིག་གི་རྣམ་གཞག་གཅིག་གིས་བཤིགས་མཐོང་ནས། །རིག་མིན་གཟུགས་སུ་འཇོག་ལ་བློ་མ་བདེ། །
ཡོད་པའི་སྒྲུབ་བྱེད་མདོ་ཡི་ལུང་ལ་གཏུགས། །མདོ་ཡི་ལུང་དོན་གྲུབ་མཐའི་འདོད་པས་འཁྲིད། །
གཅིག་གི་རྒྱབ་རྟེན་གཅིག་གིས་བྱེད་མཐོང་ནས། །རིག་མིན་གཟུགས་སུ་འཇོག་ལ་བློ་མ་བདེ། །
གཞན་ཡང་གཟུགས་ཡིན་ན་བེམ་པོ་ཡིན་དགོས་ལ། བེམ་པོ་ཡིན་ན་རྡུལ་གྲུབ་ཡིན་དགོས་པའི་ཕྱིར་ཡང་། རིག་མིན་གྱི་གཟུགས་གཟུགས་སུ་མི་འཐད་དེ། རྡུལ་གྲུབ་ནི་ཡིན་ལ་བསྟན་མེད་ཐོགས་མེད་ཡིན་པ་ཞིག་འགལ་བ་མ་ཡིན་ནམ་སྙམ་མོ།། གལ་ཏེ་གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་དུ་མི་འཇོག་པའམ་གཟུགས་སུ་རུང་བའི་དོན་གཞན་ཞིག་འདོད་ན་ནི་རིག་མིན་གྱི་གཟུགས་གཟུགས་ཡིན་མིན་ཡང་དཔྱད་སྒོ་གཞན་ཞིག་རེད་ལ། འོ་ན་རྫས་ལས་བྱུང་བའི་བསོད་ནམས་བདུན་སོགས་རིག་མིན་དུ་བཤད་པ་དག་བེམ་ཤེས་ལྡན་མིན་འདུ་བྱེད་གང་རེད་ཟེར་ན་དེ་ཡང་དཔྱད་སྒོ་གཞན་ཞིག་རེད་དོ༎ དེ་ལྟ་ནའང་དེ་དག་རིག་མིན་ནི་མི་འདོད། དེ་ལས་གཞན་ནི་འདི་རེད་ཅེས་སྨྲ་རྒྱུ་མེད་ན། སྔར་ཡོད་ནི་བོར། གསར་བཏོད་ནི་མི་ཤེས་པའི་དེང་སང་གི་དགག་རྐྱང་རང་ལུགས་པ་དངོས་མ་ཞིག་གི་རང་ཞལ་བསྟན་པས། དེ་དག་གི་དོན་ནི་མདོ་སྡེ་པ་ལྟར་འཆད་དགོས་སམ་གཞན་ཞིག་ཏུ་འཇོག་སླད་ནས་རང་ཅག་གིས་གཟུ་བོར་གནས་ཏེ་རིམ་གྱིས་དཔྱད་འོས་ལ། རིག་མིན་གྱི་གཟུགས་མི་འདོད་ན་དེ་དང་འབྲེལ་བའི་རྣམ་གཞག་ཐམས་ཅད་ཞིག་པར་འགྱུར་བས་ཧ་ཅང་ཐལ་ལོ་ཞེ་ན་དེའང་བདེན་མོད་ཀྱང་འདོད་ན་གཟུགས་ཀྱི་རྣམ་གཞག་རྣམས་ཀྱང་ཞིག་པ་དངོས་གནས་ཡིན་འདྲ་བས་དེའང་སླད་ནས་བློ་ལྡན་གཟུར་གནས་དག་གིས་དཔྱད་འཚལ་ལོ༎
བཞི་པ་མཆན་འགྲེལ་དང་རང་འགྲེལ་ལྟར་མཚན་ཉིད་ལ་རྩོད་སྤོང་།
༡) རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་ལ་ལྟ་བ།
སློབ་དཔོན་འདུན་བཟང་གིས།
འདི་ལ་མ་ཚང་བསྟན་བཅོས་འགལ། །ཉམས་དང་དེ་མིན་དེ་ཉིད་ཐལ། ། ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱད་པར་མ་བྱས་སོ། ། ཞེས་སུན་འབྱིན་པར་བྱེད་དེ། དེ་ལ་སློབ་དཔོན་རྒྱལ་པོའི་སྲས་ཀྱི་སྐྱོན་སྤོང་དང་སྦྱར་ནས་སྟོན་པ་གཤམ་གསལ་ལྟར།
༡༽ རྒྱུན་གྱི་སྐྱོན་དང་དེའི་ལན།
སློབ་དཔོན་འདུན་བཟང་གིས་སྐྱོན་སྟོན་པ། མཚན་ཉིད་དུ་ "རྗེས་སུ་འབྲེལ་བ་" (རྒྱུན་) དགོས་པར་གསུངས་ན། རིག་བྱེད་མིན་པའི་གཟུགས་ཀྱི་སྐད་ཅིག་མ་དང་པོ་དེ་ལ་རྒྱུན་མེད་པས་མཚན་ཉིད་མ་ཚང་བའི་སྐྱོན་ཡོད།
སློབ་དཔོན་རྒྱལ་པོའི་སྲས་ཀྱིས་སྐྱོན་སྤོང་བ། སྐད་ཅིག་མ་དང་པོ་དེ་ནི་རྒྱུན་གྱི་ "རྒྱུ་" འམ་འགོ་འཛུགས་ས་ཡིན་པས། དེ་ཉིད་རྒྱུན་གྱི་ཁོངས་སུ་གཏོགས་པ་ལས་མཚན་ཉིད་མ་ཚང་བའི་སྐྱོན་མེད་དོ། །
༢༽ རྫས་དང་བཏགས་པའི་སྐྱོན་དང་དེའི་ལན།
སློབ་དཔོན་འདུན་བཟང་གིས་སྐྱོན་སྟོན་པ། "རྒྱུན་" ཞེས་པ་ནི་བཏགས་ཡོད་ཡིན་ལ། རིག་བྱེད་མིན་པ་ནི་རྫས་ཡོད་ཡིན་པས། རྫས་ཀྱི་མཚན་ཉིད་དུ་བཏགས་པའི་ཆོས་སྨོས་པ་ནི་ བསྟན་བཅོས་དང་འགལ་ ལོ། །
སློབ་དཔོན་རྒྱལ་པོའི་སྲས་ཀྱིས་སྐྱོན་སྤོང་བ། རིག་བྱེད་མིན་པ་ནི་རྫས་སུ་གྲུབ་པའི་ "འབྱུང་བ་ཆེན་པོ་བཞི་" རྒྱུར་བྱས་ནས་སྐྱེས་པ་ཡིན་པས། དེ་ཉིད་རྫས་སུ་གྲུབ་པ་ལས་བཏགས་པ་ཙམ་མ་ཡིན་པས་འགལ་བ་མེད་དོ། །
༣༽ མཉམ་བཞག་ལ་མ་ཁྱབ་པའི་སྐྱོན་དང་དེའི་ལན།
སློབ་དཔོན་འདུན་བཟང་གིས་སྐྱོན་སྟོན་པ། གལ་ཏེ་གཡེངས་པ་དང་སེམས་མེད་པའི་གནས་སྐབས་ཁོ་ན་ལ་ཡོད་དགོས་ན། མཉམ་བཞག་གི་ཚེ་ན་ཡོད་པའི་ བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ རྣམས་མཚན་ཉིད་འདིའི་ཁོངས་སུ་མི་འདུ་བས་མཚན་ཉིད་ཉམས་སོ། །
སློབ་དཔོན་རྒྱལ་པོའི་སྲས་ཀྱིས་སྐྱོན་སྤོང་བ། མཚན་ཉིད་དུ་ "ཡང་" གི་སྒྲ་སྨོས་པས། གཡེངས་པ་དང་སེམས་མེད་པའི་ཚེ་ཙམ་མ་ཟད། མ་གཡེངས་སེམས་བཅས་ཀྱི་ཚེ་ནའང་ཡོད་པར་བསྟན་པས་སྡོམ་པ་དེ་དག་ལའང་ཁྱབ་བོ། །
༤༽ རིག་བྱེད་དང་འཁྲུལ་བའི་སྐྱོན་དང་དེའི་ལན།
སློབ་དཔོན་འདུན་བཟང་གིས་སྐྱོན་སྟོན་པ། གལ་ཏེ་མ་གཡེངས་སེམས་བཅས་ཀྱི་ཚེ་ནའང་འབྲེལ་བར་འདོད་ན། དགེ་མི་དགེའི་ "རྣམ་པར་རིག་བྱེད་" (ལུས་ངག་གི་བྱ་བ་) ཀྱང་རིག་བྱེད་མིན་པར་ཐལ་བར་འགྱུར་ཏེ། དེ་ལའང་རྒྱུན་ཡོད་པའི་ཕྱིར།
སློབ་དཔོན་རྒྱལ་པོའི་སྲས་ཀྱིས་སྐྱོན་སྤོང་བ། རིག་བྱེད་ཀྱི་གཟུགས་ལ་ནི་ "ལུང་མ་བསྟན་" ཡོད་ལ། རིག་བྱེད་མིན་པ་ནི་ "དགེ་མི་དགེ་" ཁོ་ནར་ངེས་པས་དེ་གཉིས་འཁྲུལ་བའི་སྐྱོན་མེད་དོ། །
༥༽ ཡང་སྒྲ་ལྷག་པའི་སྐྱོན་དང་དེའི་ལན།
སློབ་དཔོན་འདུན་བཟང་གིས་སྐྱོན་སྟོན་པ། སེམས་གཡེངས་པའི་ཚེ་འབྲེལ་བར་བསྟན་པས། མ་གཡེངས་པའི་ཚེ་འབྲེལ་བ་ནི་ཤུགས་ལ་གྲུབ་པས་ "ཡང་" གི་སྒྲ་དེ་ལྷག་པར་བརྗོད་པ་ལས་དགོས་པ་མེད་དོ། །
སློབ་དཔོན་རྒྱལ་པོའི་སྲས་ཀྱིས་སྐྱོན་སྤོང་བ། "ཡང་" གི་སྒྲ་ནི་སེམས་ཀྱི་གནས་སྟངས་མི་འདྲ་བ་ཀུན་ལ་རྒྱུན་ཆགས་སུ་ཡོད་པ་ གསལ་བར་བྱེད་པ་ལ་དགོས་པ་ཤིན་ཏུ་ཆེ་བས་ལྷག་པ་མ་ལགས་སོ། །
༦༽ ཁྱད་པར་མ་བྱས་པའི་སྐྱོན་དང་དེའི་ལན།
སློབ་དཔོན་འདུན་བཟང་གིས་སྐྱོན་སྟོན་པ། རིག་བྱེད་མིན་པ་ནི་ "ཐོགས་པ་མེད་པའི་གཟུགས་" ཡིན་པའི་ཁྱད་པར་དེ་མཚན་ཉིད་དུ་མ་སྨོས་པས། གཟུགས་ཅན་གཞན་དང་ཁྱད་པར་མ་ཕྱེད་དོ། །
སློབ་དཔོན་རྒྱལ་པོའི་སྲས་ཀྱིས་སྐྱོན་སྤོང་བ། མངོན་པ་ལས་ཁམས་གཟུགས་ཅན་བཅུ་ཁོ་ན་ཐོགས་བཅས་སུ་བཤད་པས། དེ་ལས་གཞན་པའི་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་རིག་བྱེད་མིན་པ་ནི་ "ཐོགས་མེད་" དུ་རང་བཞིན་གྱིས་གྲུབ་པས་ཟུར་དུ་སྨོས་མི་དགོས་སོ། །
སློབ་དཔོན་འདུན་བཟང་གིས་སློབ་དཔོན་དབྱིག་གཉེན་གྱི་མཚན་ཉིད་ལ་སྐྱོན་བརྗོད་ནས། རང་གི་ལུགས་ལ་འདི་ལྟར་བཞག་སྟེ།
བྱས་པ་དང་ཡང་མི་འདྲ་བའི། །སེམས་པའང་སེམས་མེད་པ་ལ་གང༌། །
ལུང་བསྟན་ཐོགས་པ་མེད་པའི་གཟུགས། །དེ་ནི་རྣམ་རིག་བྱེད་མིན་འདོད། །
འོན་ཀྱང་། མཚན་ཉིད་འདི་ལའང་ "ཁྱབ་ཆེས་པའི་སྐྱོན་" དང་ "མ་ཁྱབ་པའི་སྐྱོན་" གཉིས་ཀ་ཡོད་པར་མཁས་པ་རྣམས་ཀྱིས་གཤམ་གསལ་ལྟར་བཞེད་དོ། །
ཐ་མ་བསྔོ་བ་ནི།
དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་གིས། །
སྲིད་དང་ཞེ་བའིི་མཐའ་ལ་མི་གནས་པའི། །ཟག་མེད་བའི་ཤེས་རབ་རྒྱུད་ལ་རྙིད་པ་ཤོག །
ངོ་མིང་བསམ་གྲུབ། དགེའོ། །
བསམ་འཆར།