ཆོས་མངོན་པ་ལ་བློ་ཆུང་གིས་དཔྱད་པ། མཆོད་བརྗོད། རྣམ་དག་ཆོས་སྐུའི་ས་ལ་གདོད་ནས་ཕྱིན། །རྣམ་མང་མུན་པར་འཐུམས་པའི་འགྲོ་བ་རྣམས། ། རྣམ་གྲོལ་ཐར་ལམ་འད...
ཆོས་མངོན་པ་ལ་བློ་ཆུང་གིས་དཔྱད་པ།
མཆོད་བརྗོད།
རྣམ་དག་ཆོས་སྐུའི་ས་ལ་གདོད་ནས་ཕྱིན། །རྣམ་མང་མུན་པར་འཐུམས་པའི་འགྲོ་བ་རྣམས། །
རྣམ་གྲོལ་ཐར་ལམ་འདྲེན་པའི་འོད་སྟོང་བདག །རྣམ་འདྲེན་བཞི་པ་ཤཱཀྱའི་སྲས་པོར་འདུད། །
རྩོམ་པ་དམ་བཅའ།
གང་གི་གཞུང་ལུགས་རྒྱ་མཚོའི་མཐའ་ལས་ཟབ། །ཁོ་བོའི་ཤེས་རབ་མུན་པའི་ནང་དུ་ཐིམ། །
མཁས་པའི་གཞུང་ལ་དཔྱད་པ་གད་མོའི་གནས། །འོན་ཀྱང་ཡིད་ལ་གོམས་ཕྱིར་འཇུག་པར་སྤྲོ། །
ཞེས་ཤཱཀྱའི་རྒྱལ་པོ་ལ་ཕྱིར་མི་ལྡོག་པའི་དད་པས་མཆོད་པ་དང་རྩོམ་པ་དམ་བཅའི་སྔོན་བསུ་སྟེ། གང་ཞིག་དཔྱད་པར་བྱ་བའི་གཞི་ནི། སློབ་དཔོན་དབྱིག་གཉེན་གྱིས་བརྩམས་པའི་བསྟན་བཅོས་《ཆོས་མངོན་པའི་མཛོད་》ནས་བཤད་པའི་“ཆོས་མངོན་པ་”འདི་ཉིད་ཡིན། དེ་ཡང་རྩ་བ་ལས།
ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །དེ་འཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། །
འདིར་དེ་དོན་དུ་ཡང་དག་ཆུད་ཕྱིར་རམ། །འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། །
ཞེས་གསུངས་པ་ལྟར་རོ། །
ཆོས་མངོན་པའི་རྣམ་གཞག་བཤད་པ་ལ་གསུམ། ༡༽ དབྱེ་བ། ༢༽ མཚན་ཉིད། ༣༽ མཐའ་དཔྱོད་དོ། ། དང་པོ། དབྱེ་བ།
ཆོས་མངོན་པ་ལ་དབྱེ་ན་གཉིས་ཏེ། དོན་དམ་པའི་ཆོས་མངོན་པ་དང་། བརྡར་བཏགས་པའི་ཆོས་མངོན་པའོ། ། ༡༽ དོན་དམ་པའི་ཆོས་མངོན་པ་ལ། ཟག་མེད་ཀྱི་ལམ་སྟེ། མཐོང་ལམ་དང་། སྒོམ་ལམ་ཟག་མེད། མི་སློབ་པའི་ལམ་ (མི་སློབ་ལམ་) བཅས་སོ། ། ༢༽ བརྡར་བཏགས་པའི་ཆོས་མངོན་པ་ལ། བརྗོད་བྱའི་ངོ་བོར་གྱུར་པའི་ཆོས་མངོན་པ་དང་། རྗོད་བྱེད་ཀྱི་ངོ་བོར་གྱུར་པའི་ཆོས་མངོན་པ་གཉིས། དང་པོ་བརྗོད་བྱའི་ངོ་བོར་གྱུར་པའི་ཆོས་མངོན་པ་ལ། ཟག་བཅས་ཀྱི་ཤེས་རབ་བཞི་སྟེ། སྐྱེས་ཐོབ་ཀྱི་ཤེས་རབ། ཐོས་བྱུང་གི་ཤེས་རབ། བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་བོ། ། གཉིས་པ་རྗོད་བྱེད་ཀྱི་ངོ་བོར་གྱུར་པའི་ཆོས་མངོན་པ་ལ། བཀའ་དང་བསྟན་བཅོས་གཉིས་སོ། །
གཉིས་པ། མཚན་ཉིད་བཤད་པ།
༡༽ དོན་དམ་པའི་ཆོས་མངོན་པའི་མཚན་ཉིད། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དྲི་མ་མེད་པ་རྗེས་སུ་འབྲང་བའི་འཁོར་ཕུང་པོ་ལྔའམ་བཞི་དང་བཅས་པའོ། ། རྗེས་སུ་འབྲང་བའི་ཚུལ་ནི། རང་གི་སེམས་རྟེན་གང་ལ་ཡོད་པའི་སེམས་དེ་དང་མཚུངས་ལྡན་དུ་སྐྱེ་བའི་ཕུང་པོ་རྣམས་སོ། ། ཕུང་པོ་ལྔའམ་བཞི་དང་བཅས་ཚུལ་ནི། ཟག་མེད་ཀྱི་སྡོམ་པ་སྟེ་“ཟག་མེད་ཀྱི་ཚུལ་ཁྲིམས་”ཡོད་མེད་ཀྱི་སྒོ་ནས་འཁོར་ཕུང་པོ་བཞི་ (གཟུགས་ཕུང་མེད་པའི་བསམ་གཏན་གྱི་ས་ལྟ་བུ་) འམ་ལྔ་དང་བཅས་པ་ཡིན་ནོ། ། ༢༽ བརྡར་བཏགས་པའི་ཆོས་མངོན་པའི་མཚན་ཉིད། དོན་དམ་པའི་ཆོས་མངོན་པ་དེ་ཐོབ་པའི་ཐབས་སུ་གྱུར་པའི་ལམ་དང་གཞུང་གི་ཚོགས་གང་ཡང་རུང་བའོ། །
བརྗོད་བྱའི་ངོ་བོར་གྱུར་པའི་བརྡར་བཏགས་པའི་ཆོས་མངོན་པའི་མཚན་ཉིད། དོན་དམ་པའི་ཆོས་མངོན་པ་ཐོབ་པའི་ཕྱིར་དུ་ཞུགས་པའི་ཟག་པ་དང་བཅས་པའི་ཤེས་རབ་རྗེས་འབྲང་དང་བཅས་པའོ། །(དེ་ལ་ཟག་བཅས་ཀྱི་ཤེས་རབ་ཅེས་པས་ཟག་མེད་ཀྱི་སྒོམ་ལམ་རྣམས་མ་གཏོགས་པ་ཡིན།) རྗོད་བྱེད་ཀྱི་ངོ་བོར་གྱུར་པའི་བརྡར་བཏགས་པའི་ཆོས་མངོན་པའི་མཚན་ཉིད། བརྗོད་བྱ་དོན་གྱི་མངོན་པ་རབ་ཏུ་སྟོན་པའི་བཀའ་དང་བསྟན་བཅོས་ཀྱིས་བསྡུས་པའི་སྒྲ་ཚོགས་སོ། །
གསུམ་པ། མཐའ་དཔྱོད།
རྩོད་པ། ཁ་ཅིག་ན་རེ། ཆོས་མངོན་པ་ཡིན་ན་ཤེས་རབ་ཡིན་པས་ཁྱབ་པར་གསུངས་ན། འོ་ན་བརྡར་བཏགས་པའི་ཆོས་མངོན་པའི་འཁོར་དུ་གྱུར་པའི་གཟུགས་ཀྱི་ཕུང་པོ་ (ཐོས་བསམ་གྱི་རྗེས་འབྲང་གི་ངག་གི་རིག་བྱེད་ལྟ་བུ་) འདི་ཡང་ཤེས་རབ་ཡིན་པར་མི་འགྲོའམ་ཞེ་ན། ལན། སྐྱོན་དེ་མི་འཇུག་སྟེ། བརྡར་བཏགས་པའི་ཆོས་མངོན་པ་ཡིན་ན། ངོ་བོ་ཤེས་རབ་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །
རྩོད་པ། ཁ་ཅིག་ན་རེ། འོ་ན་འདོད་ཁམས་ཀྱི་གཟུགས་ཀྱི་ཕུང་པོ་ཐམས་ཅད་ཀྱང་བརྡར་བཏགས་པའི་ཆོས་མངོན་པ་ཡིན་པར་ཐལ། ཤེས་རབ་མ་ཡིན་པར་མཚུངས་པའི་ཕྱིར་ཞེ་ན། ལན། མི་མཚུངས་ཏེ། འདོད་ཁམས་ཀྱི་གཟུགས་ཕུང་ཐམས་ཅད་ནི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱི་རྗེས་སུ་འབྲང་བའི་ཆོས་ (དཔེར་ན་ཆོས་ཉན་པའི་ངག་གི་རིག་བྱེད་ལྟ་བུ་) མ་ཡིན་པའི་ཕྱིར་རོ། །
བཟོད་གསོལ།
སྐྱེས་སྦྱངས་གཉིས་ཀྱིས་དབེན་པའི་རྩོམ་ཤོག་འདི། །མང་ཐོས་གདམས་པར་ཤར་བའི་བློ་ཆུང་བས། །
མ་རྟོགས་ལོག་རྟོག་ཉེས་ཚོགས་འཁྲུལ་སྲིད་ན། །བཤེས་གཉེན་རྣམས་དང་མཁས་ཚོགས་དབུས་སུ་བཤགས། །
བསམ་འཆར།