རྣམ་པར་ཤེས་པའི་སྐོར་ལ་དཔྱོད་པ།

རྣམ་པར་ཤེས་པའི་སྐོར་ལ་དཔྱོད་པ། ཟབ་དང་རྒྱ་ཆེ་ཤེས་པའི་བློ་གྲོས་འདྲེན་བྱེད་མེད་ཀྱང་དད་པའི་ཕྱག་གིས་བཙལ་བའོ།།  འགྲོ་མུན་སེལ་ལ་ཟླ་མེད་རྟ་བདུན་དབང་...

རྣམ་པར་ཤེས་པའི་སྐོར་ལ་དཔྱོད་པ།

ཟབ་དང་རྒྱ་ཆེ་ཤེས་པའི་བློ་གྲོས་འདྲེན་བྱེད་མེད་ཀྱང་དད་པའི་ཕྱག་གིས་བཙལ་བའོ།། 
འགྲོ་མུན་སེལ་ལ་ཟླ་མེད་རྟ་བདུན་དབང་པོ་རྐང་གཉིས་གཙོ། །མྱང་འདས་ནུབ་རིའི་ཕྱོགས་སུ་གཡོས་རྗེས་སྟོན་པ་ཉིད་དང་ནི། ། 
དབྱེར་མ་མཆིས་པའི་དབྱིག་གཉེན་བསིལ་ཟེར་ཅན་ལ་ཕྱག་འཚལ་ནས། །གཏིང་དཔོག་སྤོབས་པ་མེད་ཀྱང་རྣམ་ཤེས་སྐོར་ལ་ཅུང་ཟད་འབྲི། ། 

ཅེས་མཆོད་བརྗོད་དང་བརྩམ་པར་དམ་བཅའ་སྔོན་དུ་བཏང་ནས། འདིར་རྣམ་པར་ཤེས་པའི་སྐོར་ལ་ཅུང་ཟད་བཤད་པ་ལ། ཐོག་མར་དགེ་བ་ཀླད་དོན། བར་དུ་དགེ་བ་གཞུང་དོན། ཐ་མར་དགེ་བ་མཇུག་དོན་གསུམ། དང་པོ་ལ་བཞི་སྟེ། རྣམ་པར་ཤེས་པའི ངོ་བོ། ངེས་ཚིག སྒྲ་དོན། དབྱེ་བའོ། །དང་པོ་ནི། 
རྣམ་པར་ཤེས་པའི་ངོ་བོ་ནི་ཡུལ་གྱི་ངོ་བོ་སོ་སོར་རིག་པ་ཙམ་དུ་སྐྱེས་པའི་གཙོ་སེམས་དེ་ཡིན། དེ་ནི་དོན་གྱི་ངོ་བོ་རིག་པ་ཡིན་པས་དེ་ལ་རྣམ་ཤེས་ཞེས་བརྗོད་དོ།། གཉིས་པ་ནི། རྣམ་པར་ཤེས་པའི་ངེས་ཚིག་ནི་དོན་གྱི་ངོ་བོ་རྣམ་པར་རིག་པས་ན་རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ཏེ། དེས་དོན་གྱི་ངོ་བོ་ཙམ་ལ་དམིགས་པ་ཡིན་པའི་ཕྱིར་རོ། ། གསུམ་པ་ནི། ལེགས་སྦྱར་གྱི་སྐད་ནས་རྣམ་པར་ཤེས་པ་ལ་བི་ཛྙཱ་ན་ཞེས་བྱ་བ་ཡིན་ཏེ། དེ་ནི་བི་ཞེས་པ་རྣམ་པ་དང་། ཛྙཱ་ན་ཞེས་པ་ཤེས་པ་ལ་འཇུག་པས་དོན་གྱི་ངོ་བོ་རྣམ་པར་རིག་པས་ན་རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ནོ། ། བཞི་པ་ནི། མིག་གི་རྣམ་པར་ཤེས་པ། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པ་བཅས་དྲུག་གོ ། 

བར་དུ་དགེ་བ་གཞུང་དོན་ལ་བཞི་སྟེ། ཐེག་དམན་གི་འདོད་ཚུལ། ཁམས་གསུམ་གར་རྣམ་ཤེས་དྲུག་ཇི་ལྟར་ཡོད་ཚུལ། རྣམ་ཤེས་ཚོགས་དྲུག་སོ་སོར་ཕྱེ་ཚུལ་ལོ།། དང་པོ་ལ་གཉིས་ཏེ། བྱེ་བྲག་སྨྲ་བའི་འདོད་ཚུལ་དང་། མདོ་སྡེ་པའི་འདོད་ཚུལ་ལོ།།དང་པོ་བྱེ་བྲག་སྨྲ་བའི་འདོད་ཚུལ་ལ་ལྔ་སྟེ། རྣམ་ཤེས་ཚོགས་དྲུག་དང་དེའི་གྲངས་ངེས། རྣམ་ཤེས་རྣམ་མེད་དུ་ཡུལ་འཛིན་ཚུལ། ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་དང་། རྣམ་ཤེས་ཀྱི་བྱེད་ལས་དང་རང་རིག་མི་འདོད་པ་བཤད་པ་དང་། བསྡུས་དོན་ནོ།། དང་པོ་ནི། 
བྱེ་བྲག་སྨྲ་བས་རྣམ་ཤེས་ལ་ཚོགས་དྲུག་ཁོ་ན་འདོད་ཅིང་། ཀུན་གཞི་རྣམ་ཤེས་དང་ཉོན་ཡིད་མི་འདོད་དེ། ལས་ཀྱི་ས་བོན་གང་དུ་འཇོག་པའི་རྟེན་དེ་ཐོབ་པ་ཟེར་བའི་ལྡན་མིན་འདུ་བྱེད་ཀྱི་ཆོས་ཤིག་གིས་བྱེད་པར་འདོད། དེས་ན་ཀུན་གཞི་མི་དགོས་པ་དང་། ང་རྒྱལ་དང་བདག་འཛིན་སོགས་ནི་ཡིད་ཀྱི་རྣམ་ཤེས་དང་འགྲོགས་པའི་ཉོན་མོངས་པ་ཡིན་པར་འདོད་པ་ལས། དེ་དག་གི་རྟེན་དུ་གྱུར་པའི་རྣམ་ཤེས་ལོགས་སུ་ཡོད་པར་མི་འདོད་པའི་ཕྱིར་རོ།། 
གཉིས་པ་ནི། རྣམ་མེད་འདི་ནི་བྱེ་བྲག་སྨྲ་བའི་ཐུན་མོང་མ་ཡིན་པའི་འདོད་པ་ཞིག་ཡིན། ཁོང་ཚོས་ཤེས་པ་ལ་ཕྱི་རོལ་གྱི་དོན་གྱི་རྣམ་པ་ཤར་ནས་འཛིན་པ་མ་ཡིན་པར། ཤེས་པ་དེ་དངོས་སུ་ཕྱི་རོལ་གྱི་དོན་ལ་གཏད་ནས་འཛིན་པར་འདོད། དཔེར་ན། ཤེལ་སྒོ་དྭངས་མས་དངོས་པོ་མཐོང་བ་ལྟར། ཤེས་པའི་སྟེང་དུ་དོན་གྱི་འདྲ་འབག་གམ་རྣམ་པ་གཏོད་མི་དགོས་པར་དོན་དངོས་སུ་རིག་པར་འདོད་དོ། ། 
གསུམ་པ་ནི། བྱེ་བྲག་སྨྲ་བས་ཕྱི་དོན་དོན་དམ་པར་གྲུབ་པར་འདོད་པས། རྣམ་ཤེས་དང་ཡུལ་གཉིས་རྫས་ཐ་དད་དུ་འདོད། མིག་ལ་སོགས་པའི་དབང་པོ་ལྔས་ཡུལ་ལྔ་མཐོང་བ་ན། རྣམ་ཤེས་ལྔས་མཐོང་རྟེན་གྱི་དོན་གྱི་ངོ་བོ་ཙམ་རིག་པ་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པས་མཐོང་རྟེན་ལས་འདས་པའང་རིག་པ་ཡིན་ནོ།། འོ་ན་རྣམ་ཤེས་ཐོགས་མེད་ཡིན་པས་སྒྲིབ་པའི་བར་དུ་ཆོད་པའང་མཐོང་བར་ཐལ་ཞེ་ན། མ་ཡིན་ཏེ། མངོན་མཛོད་གནས་དང་པོ་ལས། 
མིག་གིས་གཟུགས་རྣམ་མཐོང་རྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །
གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་ཕྱིར་རོ། །
ཞེས་སོ།། དབང་པོ་རྟེན་བཅས་ཀྱིས་ཡུལ་མཐོང་བ་ལའང་ཁྱད་པར་ཡོད་དེ། མིག་ཡིད་རྣ་བ་གསུམ་གྱིས་ནི་ཡུལ་དང་མ་ཕྲད་པ་དང་། སྣ་ལྕེ་ལུས་གསུམ་གྱིས་ནི་ཡུལ་དང་ཕྲད་ནས་འཛིན་ཏེ། ཇི་སྐད་དུ། མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད་གསུམ་གཞན་དུ། །སྣ་ལ་སོགས་པ་གསུམ་གྱིས་ནི། །ཡུལ་ནི་མཉམ་པར་འཛིན་པ་ར་འདོད། །ཞེས་སོ།། 
བཞི་པ་ནི། རྣམ་ཤེས་ཀྱིས་ཡུལ་གྱི་ངོ་བོ་ཙམ་རིག་པར་བྱེད་པ་ལས། ཡུལ་གྱི་ཁྱད་པར་རྣམས་ནི་འདུ་ཤེས་ལ་སོགས་པའི་སེམས་བྱུང་གཞན་གྱིས་འཛིན་པར་འདོད། བྱེ་བྲག་སྨྲ་བས་ཤེས་པས་རང་ཉིད་རང་གིས་རིག་པའི་རང་རིག་མི་འདོད་དེ། ཤེས་པ་ནི་ཕྱི་རོལ་གྱི་ཡུལ་ལ་ཁ་ཕྱོགས་པ་ཞིག་ལས། རང་གིས་རང་མཐོང་བ་ནི་རལ་གྲིའི་སོ་ཡིས་རང་ཉིད་མི་གཅོད་པ་དང་། མཛུབ་མོའི་རྩེ་མོས་རང་ལ་མི་རེག་པ་ལྟར་ཡིན་པར་འདོད་དོ། ། 
ལྔ་པ་ནི། བྱེ་བྲག་སྨྲ་བའི་ལུགས་ལ་རྣམ་ཤེས་ནི་ཕྱི་རོལ་གྱི་དོན་དངོས་སུ་འཛིན་བྱེད་ཀྱི་རྣམ་པ་མེད་པའི་གསལ་རིག་ཅིག་ཡིན་པ་དང་། དེ་ཡང་དབང་པོ་ལ་བརྟེན་ནས་ཡུལ་གྱི་ངོ་བོ་ཙམ་འཛིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། 

གཉིས་པ་མདོ་སྡེ་པའི་འདོད་ཚུལ་ལ་བཞི་སྟེ། རྣམ་ཤེས་ཀྱི་རྣམ་གྲངས་སམ་དབྱེ་བ་དང་། རྣམ་ཤེས་ཀྱིས་ཡུལ་མཐོང་ཚུལ་ལམ་འཛིན་སྟངས་དང་། འཛིན་རྣམ་གྱི་དབྱེ་བ་དང་། བསྡུས་དོན་ནོ།། དང་པོ་ནི། 
མདོ་སྡེ་པས་རྣམ་ཤེས་ལ་ཚོགས་དྲུག་ཁོ་ན་འདོད་པ་ལས། སེམས་ཙམ་པས་འདོད་པའི་ཀུན་གཞི་རྣམ་ཤེས་དང་ཉོན་མོངས་ཅན་གྱི་ཡིད་གཉིས་མི་འདོད་དོ། །རྣམ་ཤེས་ཚོགས་དྲུག་ནི། དབང་ཤེས་ལྔ་ནི། མིག་ཤེས། རྣ་ཤེས། སྣ་ཤེས། ལྕེ་ཤེས། ལུས་ཤེས་བཅས་ཕྱིའི་དབང་པོ་ལ་བརྟེན་ནས་སྐྱེ་བའི་ཤེས་པ། ཡིད་ཀྱི་རྣམ་ཤེས་ནི། ཡིད་དབང་ལ་བརྟེན་ནས་སྐྱེ་བའི་ནང་གི་ཤེས་པའོ། ། 
གཉིས་པ་ནི། མདོ་སྡེ་པའི་ཁྱད་ཆོས་གཙོ་བོ་ནི་ཕྱི་དོན་ལྐོག་གྱུར་དུ་འདོད་པ་དེ་ཡིན། བྱེ་བྲག་སྨྲ་བས་དབང་ཤེས་ཀྱིས་ཕྱི་དོན་རྗེན་པར་ཐད་ཀར་མཐོང་བར་འདོད་ཀྱང་། མདོ་སྡེ་པས་དེ་ལྟར་མི་འདོད་པར། རྣམ་ཤེས་ཀྱིས་ཕྱི་རོལ་གྱི་དོན་དེ་ཐད་ཀར་མི་མཐོང་བར། ཡུལ་ལྐོག་ན་མོས་རྣམ་པ་གཏད་པ་དང་ཤེས་པ་ཡུལ་གྱི་རྣམ་པར་སྐྱེ་བ་ལ་དོན་རྟོགས་ཞེས་འདོད་དོ། །གཏད་བྱེད་དེ་ལ་ལྐོག་ན་མོ་ཞེས་བརྗོད་དོ།། རྣམ་པ་གཏད་ཚུལ་ནི། ཕྱི་རོལ་གྱི་དངོས་པོ་དཔེར་ན་བུམ་པ་དེས་རང་དང་འདྲ་བའི་རྣམ་པ་ཞིག་དབང་ཤེས་ལ་གཏད་པར་བྱེད། རྣམ་པ་ཤར་ཚུལ་ནི། དབང་ཤེས་དེ་ཡུལ་དེའི་རྣམ་པ་བུམ་པའི་དབྱིབས་དང་ཁ་དོག་སོགས་སུ་ཤར་བ་ཡིན། དཔེར་ན། མེ་ལོང་གི་ངོས་སུ་གཟུགས་བརྙན་ཤར་བ་ལྟར། ཕྱི་དོན་དངོས་དེ་མེ་ལོང་ནང་དུ་མེད་ཀྱང་དེའི་འདྲ་བརྙན་ཤར་བ་ལ་བརྟེན་ནས་ཕྱི་དོན་ཡོད་པར་རྗེས་སུ་དཔག་པ་ཡིན། དེས་ན་སྔོ་འཛིན་ཤེས་པ་ལ་སྔོན་པོའི་རྣམ་པ་གཏད་ནས་སྐྱེ་བ་ཞེས་གསུངས་སོ།། 
གསུམ་པ་ནི། ཡུལ་གྱི་རྣམ་པ་དང་དེ་འཛིན་པའི་ཤེས་པ་གཉིས་ཀྱི་གྲངས་ཀྱི་ཆ་ནས་མདོ་སྡེ་པའི་ནང་གསེས་སུ་འདོད་ཚུལ་མི་འདྲ་བ་གསུམ་བྱུང་ཡོད། ༡༽གཟུང་འཛིན་གྲངས་མཉམ་པ། འདི་ནི་བལྟ་བྱའི་ཡུལ་གྱི་རྣམ་པ་ཇི་ཙམ་ཡོད་པ་དེ་ཙམ་གྱི་ཤེས་པ་ཡང་ཡོད་པར་འདོད་པའི་ཚུལ་ཏེ། དཔེར་ན། ཁྲ་བོ་འཛིན་པའི་དབང་ཤེས་ཀྱི་སྐབས་སུ། ཡུལ་གྱི་སྟེང་ན་སྔོ་སེར་དཀར་དམར་སོགས་ཀྱི་རྣམ་པ་མི་འདྲ་བ་ལྔ་ཡོད་ན། དེ་འཛིན་པའི་ཤེས་པ་ཡང་ལྔ་ཅིག་ཅར་དུ་སྐྱེ་བར་འདོད་པ་ཡིན། དཔེ་སྣམ་བུ་ཁྲ་བོ་གཅིག་ལ་བལྟས་ཚེ་རྣམ་པ་རེ་རེར་ཤེས་པ་རེ་རེ་གྲངས་མཉམ་དུ་སྐྱེ་བའོ།། ༢༽སྒོ་ང་ཕྱེད་ཚལ་བ། འདི་ནི་ཡུལ་གྱི་རྣམ་པ་མི་འདྲ་བ་དུ་མ་ཡོད་ཀྱང་། དེ་འཛིན་པའི་ཤེས་པ་ནི་ངོ་བོ་གཅིག་ལས་མེད་པར་འདོད་པའི་ཚུལ་ཏེ། ཡུལ་ཁྲ་བོ་ལྟ་བུ་གཅིག་གི་སྟེང་ན་རྣམ་པ་མི་འདྲ་བ་དུ་མ་ཡོད་ཀྱང་། དེ་འཛིན་པའི་ཤེས་པ་ནི་ངོ་བོ་གཅིག་ཡིན་པར་འདོད། འོན་ཀྱང་ཤེས་པ་གཅིག་པོ་དེའི་སྟེང་དུ་ཡུལ་གྱི་རྣམ་པ་དུ་མ་དེ་དག་ལྷན་ཅིག་ཏུ་ཤར་བར་འདོད་དོ།། དཔེར་ན། སྒོ་ང་གཅིག་གི་ནང་ན་སེར་རིལ་དང་དཀར་སྤྲིན་གཉིས་ཡོད་པ་ལྟར། ཤེས་པ་གཅིག་གི་སྟེང་དུ་རྣམ་པ་དུ་མ་ཡོད་པས་ན་སྒོ་ང་ཕྱེད་ཚལ་བ་ཞེས་བཏགས་པ་ཡིན་ནོ།། ༣༽སྣ་ཚོགས་གཉིས་མེད་པ། འདི་ནི་ཡུལ་གྱི་རྣམ་པ་དུ་མ་ཡོད་ཀྱང་། ཤེས་པའི་ངོས་ནས་དེ་དག་ཐམས་ཅད་རྣམ་པ་གཅིག་ཏུ་འཛིན་པར་འདོད་པའི་ཚུལ་ཏེ། ཡུལ་གྱི་སྟེང་ན་ཁྲ་བོའི་རྣམ་པ་དུ་མ་ཡོད་པ་བདེན་ཡང་། དེ་འཛིན་པའི་ཤེས་པ་དེ་རྣམ་པ་དུ་མ་རུ་མི་སྐྱེ་བར། ཁྲ་བོ་ཞེས་པའི་སྤྱིའི་རྣམ་པ་གཅིག་གི་ངོ་བོར་སྐྱེ་བར་འདོད། འདིས་ཤེས་པ་ལ་རྣམ་པ་སྣ་ཚོགས་པ་མེད་པར་འདོད་པས་ན་སྣ་ཚོགས་གཉིས་མེད་པ་ཞེས་ཟེར་རོ།། 

བཞི་པ་ནི། མདོ་སྡེ་པས་ཕྱི་དོན་རང་མཚན་པ་ཡོད་པར་འདོད་ཀྱང་། དེ་དག་རྣམ་ཤེས་ལ་ལྐོག་གྱུར་ཡིན་ཞིང་། རྣམ་ཤེས་ཀྱིས་ཡུལ་གྱི་རྣམ་པ་ལ་བརྟེན་ནས་ཕྱི་དོན་རྟོགས་པར་འདོད་པ་ནི་ཁོང་ཚོའི་ལྟ་གྲུབ་ཀྱི་སྲོག་ཤིང་ལྟ་བུ་ཡིན་ནོ།། གཉིས་པ་ཁམས་གསུམ་གར་རྣམ་ཤེས་དྲུག་ཇི་ལྟར་ཡོད་ཚུལ། ༡༽འདོད་ཁམས་ཀྱི་རྣམ་ཤེས་དྲུག་ཡོད་དེ། འདོད་ཁམས་ཀྱི་སེམས་ཅན་མི། དུད་འགྲོ། འདོད་ཁམས་ཀྱི་ལྷ་སོགས་རྣམས་ལ་ཕྱི་རོལ་གྱི་ཡུལ་ལྔ་སྟེ་གཟུགས། སྒྲ། དྲི། རོ། རེག་བྱ་བཅས་ལ་འདོད་ཆགས་ཤུགས་ཆེན་པོ་ཡོད་ཅིང་། རགས་པའི་ལུས་ཕུང་ལ་བརྟེན་ནས་འཚོ་བ་རོལ་གྱི་ཡོད། དེར་བརྟེན་ཡུལ་དེ་དག་ལ་ལོངས་སྤྱོད་པའི་ཆེད་དུ་མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་བར་ཏེ་རྣམ་ཤེས་ཚོགས་དྲུག་པོ་ཆ་ཚང་ཡོད་དོ།། ༢༽གཟུགས་ཁམས་ལ་རྣམ་ཤེས་བཞི་ཡོད་དེ། མིག་གི་རྣམ་ཤེས། རྣ་བའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས་བཅས་ཡོད་ཀྱི། སྣའི་རྣམ་ཤེས་དང་ལྕེའི་རྣམ་ཤེས་གཉིས་མེད་དེ། མིག་དང་རྣ་བ་ནི་སངས་རྒྱས་མཇལ་བ་དང་ཆོས་ཉན་པའི་ཆེད་དུ་ཡོད་ལ། ལུས་ནི་བསམ་གཏན་གྱི་བདེ་བ་མྱོང་ཆེད་དང་ཡིད་ཀྱི་རྣམ་ཤེས་ནི་ཏིང་ངེ་འཛིན་གྱི་ཆེད་དང་། འདིར་རགས་པའི་ཟས་མི་ཟ་བར་ཏིང་ངེ་འཛིན་གྱི་ཟས་ཀྱིས་འཚོ་བ་དང་། དྲི་དང་རོ་སོགས་རགས་པའི་འདོད་ཡོན་ལ་ཆགས་པ་སྤངས་ཟིན་པས་དེ་གཉིས་ཀྱི་དབང་པོ་དང་རྣམ་ཤེས་དགོས་པ་མེད་དོ།། ༣༽གཟུགས་མེད་ཁམས་སུ་རྣམ་ཤེས་གཅིག་པུ་ཡིན་ཏེ། གཟུགས་མེད་ཁམས་ཀྱི་སེམས་ཅན་རྣམས་ལ་གཟུགས་ཀྱི་ཕུང་པོ་རགས་པ་དང་ཕྲ་བ་གང་ཡང་རྩ་བ་ནས་མེད་དེ། དབང་པོ་གཟུགས་ཅན་པ་མེད་པའི་སྟབས་ཀྱིས་མིག་རྣ་བ་སྣ་ལྕེ་ལུས་བཅས་ཀྱི་དབང་པོའི་རྣམ་ཤེས་ལྔ་པོ་སྐྱེ་བའི་རྟེན་གཞི་མེད། དེར་བརྟེན་ཁོང་ཚོར་ཏིང་ངེ་འཛིན་ལ་མཉམ་པར་འཇོག་མཁན་གྱི་ཡིད་ཀྱི་རྣམ་ཤེས་རྐྱང་པ་གཅིག་ལས་མེད་དོ། ། 

གསུམ་པ་རྣམ་ཤེས་ཚོགས་དྲུག་སོ་སོར་ཕྱེ་ཚུལ་ལ་བཞི་སྟེ། འདུས་བྱས་འདུས་མ་བྱས་དང་། ཟག་བཅས་ཟག་མེད་དང་། དགེ་མི་དགེ་ལུང་མ་བསྟན་དང་། ཐོགས་ཐོགས་མེད་དོ།། དང་པོ་ནི། 
རྣམ་ཤེས་ཚོགས་དྲུག་པོ་ནི་འདུས་བྱས་ཡིན་ཏེ། རྒྱུ་དང་རྐྱེན་ལས་སྐྱེ་ཞིང་། སྐད་ཅིག་མར་འཇིག་པའི་ཆོས་ཡིན་པས་སོ། ། 
གཉིས་པ་ནི། རྣམ་ཤེས་ཚོགས་དྲུག་པོ་ནི་ཟག་བཅས་ཡིན་ཏེ། འདིར་བཤད་པའི་སོ་སྐྱེའི་རྒྱུད་ཀྱི་རྣམ་ཤེས་དག་ནི་ཉོན་མོངས་པའི་ས་བོན་དང་བཅས་པ་ཡིན་པས་སོ། ། འཕགས་པའི་མཉམ་བཞག་ཡེ་ཤེས་ནི་ཟག་མེད་ཡིན་ནོ།། 
གསུམ་པ་ནི། སྤྱིར་རྣམ་ཤེས་དྲུག་པོས་ཡུལ་འཛིན་པ་ཙམ་གྱིས་ནི་ཐམས་ཅད་ངོ་བོ་ཉིད་ཀྱིས་ལུང་མ་བསྟན་ཡིན་ཡང་། རྣམ་ཤེས་ཚོགས་དྲུག་པོ་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་གའང་སྲིད་དེ། ཀུན་སློང་དགེ་བ་དང་མཚུངས་པར་ལྡན་ན་དགེ་བ་དང་། ཉོན་མོངས་དང་ལྡན་ན་མི་དགེ་བ་དང་། གང་དུ་ཡང་མ་གཏོགས་པ་ལུང་མ་བསྟན་ཡིན་ནོ།། 
བཞི་པ་ནི། རྣམ་ཤེས་དྲུག་པོ་ནི་ཐོགས་མེད་ཡིན་ཏེ། རྣམ་ཤེས་ནི་གཟུགས་ཅན་མ་ཡིན་པར་གསལ་རིག་གི་བདག་ཉིད་ཡིན་པས། རེག་བྱ་དང་གཟུགས་ལྟར་བར་དུ་གཅོད་པའི་ཐོགས་པ་མེད་དོ།། 

ཐ་མར་མཇུག་གི་དོན་ལ་གཉིས་ཏེ། ཁོ་བོའི་རྨོངས་དཔྱད་དང་། དགེ་བསྔོའོ། ། དང་པོ་ལ་གསུམ་སྟེ། འཛིན་ཚུལ་ལ་དཔྱད་པ་དང་། སེམས་སེམས་འབྱུང་ལ་དཔྱད་པ་དང་། མཐར་ཐུག་ཤེས་པ་གཅིག་ཁོ་ན་ཡིན་མིན་ལ་དཔྱད་པའོ།། དང་པོ་ནི། 
མངོན་མཛོད་གནས་དང་པོར། གཞན་ནི་ཆེས་རིང་མྱུར་འཇུག་ཕྱིར། །ཞེས་གསུངས་པ་འདི་ལ། མིག་སོགས་ཀྱི་གོ་རིམ་བཞག་པ་དེ་ནི་ལ་ལས་ཐག་རིང་བ་དང་ཉེ་བ་ལ་འཛིན་ཚུལ་ལ་བཞག་པ་དེ་ནི་ཅུང་ཟད་འཐད་པར་མི་སྙམ་སྟེ། འབྲུག་སྒྲ་ཐོས་ཀྱང་དེའི་གཟུགས་མཐོང་བ་མེད་པ་དང་། དེང་སང་གི་དཔེ་ཞིག་བརྗོད་ན། རེ་ཞིག་སྐབས་མཁའ་གྲུའི་སྒྲ་དེ་ཐོས་ཀྱང་དེའི་གཟུགས་མི་སྣང་བ་དང་། གས་རྫས་ཆེན་པོ་ལྟ་བུའང་མིག་ཤེས་འཛིན་མི་ནུས་པའི་སར་འགས་པའི་སྒྲ་ཐོས་པར་སྲིད་ཀྱང་དེར་ཡོད་པའི་གཟུགས་ནི་མིག་ཤེས་འཛིན་མི་ནུས་སོ།། རྣ་བ་དང་སྣ་གཉིས་ཀྱང་གོ་རིམ་མི་འཐད་པར་སྙམ་སྟེ། སྒྲ་ཐོས་པར་མི་སྲིད་པའི་ས་ནས་བྱུང་བའི་དྲི་རྡུལ་དེ་སྣ་བའི་དབང་པོ་དང་ཕྲད་སྲིད་པར་སྙམ་མོ།། དེས་ན་ཆེས་རིང་བ་དང་མྱུར་འཇུག་གཉིས་ཀྱི་དོན་དེ། གཅིག་ཏུ་འབྲེལ་ནས་བཤད་དགོས་པར་སྙམ་ཏེ། ཆེས་རིང་བའམ་ཉེ་བའི་གཟུགས་དང་སྒྲ་དང་། དྲི་ལྟ་བུ་ལ་ཤེས་པ་དེ་མྱུར་བ་འཇུག་མ་འཇུག་ལ་བཞག་པར་སྙམ་སྟེ། མིག་ཤེས་དེས་གཟུགས་འཛིན་པར་ཡུལ་ཇི་ལྟར་རིང་ཡང་བར་ལ་དུས་ཡུན་མི་འགོར་བར་མྱུར་བ་ཉིད་དུ་འཛིན་པ་དང་། རྣ་བའི་ཤེས་པས་སྒྲ་འཛིན་སྐབས་རིང་བའི་སྒྲ་ཡིན་ན་བར་ལ་དུས་ཡུན་མི་འགོར་བར་མི་ཐོས་ཏེ། དཔེར་ན། རྒྱང་གྲགས་གཅིག་གི་སར་མི་ཞིག་གིས་མི་ཤིང་གཅོད་པའི་སྐབས་སྟ་རེ་ཤིང་ལ་ཕོག་པ་དང་སྒྲ་མི་ཐོས་ཏེ། སྟ་རེ་ཡར་གསོར་བ་ལ་ཐོས་པ་ཡིན་ནོ།། དྲི་ནི་དེའི་རྡུལ་དབང་པོ་ལ་ཕྲད་པའི་བར་དུས་ཡུན་ནི་གོང་གྱི་བར་གྱི་དུས་ཡུན་ལས་མང་པོ་འགོར་བར་སྙམ་མོ།། 
གཉིས་པ་ནི། སྤྱིར་མཚུངས་པར་ལྡན་པ་རྣམ་པ་ལྔ་ཞེས་པ་ནི། གཙོ་བོ་སེམས་དང་སེམས་བྱུང་གཉིས་ཕན་ཚུན་འབྲེལ་བ་གྲུབ་ཚུལ་གྱི་ཁྱད་པར་ལྔ་ལ་བཞག་འདུག རྣམ་པ་ལྔ་དེ་ཡང་། རྟེན་དང་། དམིགས་པ་དང་། རྣམ་པ་དང་། དུས་དང་། རྫས་སོ།། རྟེན་མཚུངས་པ་ཞེས་པའི་སྐབས། དཔེར་ན། རྟེན་མིག་དབང་ལ་གཙོ་སེམས་མིག་ཤེས་དང་སེམས་བྱུང་ཁྱད་འཛིན་གཉིས་དེ་དུས་གཅིག་ལ་བྱུང་བ་ཡིན་ནམ་སྔ་ཕྱི་ཡོད་དམ། གལ་ཏེ་དུས་གཅིག་ལ་ཡིན་ན་ཅིའི་ཕྱིར་གཙོ་སེམས་ཀྱིས་དོན་གྱི་ཁྱད་པར་འཛིན་མི་ནུས་སམ། དེ་ནི་ཤེས་པ་ཡིན་པས་འཛིན་ནུས་པར་སྙམ། ཡང་དུས་གཅིག་ལ་ཡིན་ན་གཉིས་དགོས་པ་མེད་པར་སྙམ་མོ།། གལ་ཏེ་སྔ་ཕྱི་ཡོད་ན་མཚུངས་ལྡན་རྣམ་པ་ལྔ་མེད་པར་སྙམ་སྟེ། དུས་མི་མཚུངས་བས་སོ།། དམིགས་པ་མཚུངས་པ་ལྟ་བུ་ལ་ནི། གཙོ་སེམས་མིག་ཤེས་གཟུགས་ལ་དམིགས་པ་དང་སེམས་བྱུང་ཀྱང་དེ་ལ་དམིགས་ན་ཤེས་པ་གཉིས་ཀྱིས་ཡུལ་གཅིག་ལ་དུས་གཅིག་ཏུ་དམིགས་པར་སྙམ། གལ་ཏེ་ཡིན་ན་དམིགས་ཐོགས་མེད་པར་གྱུར་ཏེ། མིག་ཤེས་གཟུགས་ལ་དམིགས་པའི་སྐབས་རྣ་བའི་ཤེས་པ་སོགས་ཀྱིས་ཀྱང་དུས་གཅིག་ཏུ་རང་སོའི་ཡུལ་དམིགས་ནུས་པར་འགྱུར་སྙམ། དུས་མཚུངས་པ་ལྟ་བུ་དེ་ཡང་། སེམས་བྱུང་གིས་དོན་དེའི་ཁྱད་པར་འཛིན་པ་དང་གཙོ་སེམས་དེས་ཀྱང་དོན་དེ་འཛིན་དགོས་པར་སྙམ་མོ།། 
དེས་ན་རང་གི་འདོད་པ་ནི། དོན་གྱི་ངོ་བོ་འཛིན་པའི་ཆ་ལ་གཙོ་སེམས་དང་། དེའི་ཁྱད་པར་འཛིན་པའི་ཆ་ལ་སེམས་བྱུང་ཞེས་བཞག་པ་ལས་ལོགས་སུ་ཡོད་པར་མི་སྣང་ངོ་།། 
གསུམ་པ་ནི། མཐར་ཐུག་རྒྱུད་གཅིག་ལ་ཤེས་པ་གཅིག་ལས་མེད་པར་སྙམ་སྟེ། ཤེས་པ་དྲུག་པོས་སྐད་ཅིག་གཅིག་ལ་རང་སོའི་ཡུལ་འཛིན་མི་ནུས་པར་སྙམ་མོ།། དཔེ་གསར་ཞིག་བཞག་ན། སྣུམ་འཁོར་དེད་གཡོག་པའི་སློབ་སྦྱོང་གསར་པའི་ཤེས་པ་ལྟ་བུའོ།། 

གསུམ་པ་བསྔོ་བ་ནི། 
དུས་དེར་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་དང་། །བརྟན་པའི་འཁོར་ལོའི་ཡང་སྤྲུལ་ཉིད་སྤྲུལ་མང་པོས་ཀྱང་། ། 
ཤེས་པའི་རགས་ཕྲ་མཁྱེན་པ་དཀའ་ན་བདག་འདྲའི་བླུན། །ནོར་ཡོད་བཟོད་ཕུལ་གཞུང་མཐུན་གྱུར་རྣམས་རྟག་ཏུ་བསྔོ། །

ངག་དབང་ཆོས་གྲགས་རྒྱ་མཚོ་ནས་སོ།།

བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,13,དྲིས་ལན་སྣ་ཚོགས།,16,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,10,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,17,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: རྣམ་པར་ཤེས་པའི་སྐོར་ལ་དཔྱོད་པ།
རྣམ་པར་ཤེས་པའི་སྐོར་ལ་དཔྱོད་པ།
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2026/05/blog-post_778.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2026/05/blog-post_778.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content