འཇམ་དབྱངས་རིན་ཆེན། བསྟན་བཅོས་མཁན་ལོ་ངོ་གཉིས་པ། སྤྱི་ལོ་ ༢༠༢༦ གཉིས་འཛིན་འཁྲུལ་བ་གཅད་པའི་མངོན་སུམ་ཚད་མ། [ནང་དོན་གནད་བསྡུས།] ནང་པའི་གཏན་ཚིགས་ར...

འཇམ་དབྱངས་རིན་ཆེན།
བསྟན་བཅོས་མཁན་ལོ་ངོ་གཉིས་པ།
སྤྱི་ལོ་ ༢༠༢༦
གཉིས་འཛིན་འཁྲུལ་བ་གཅད་པའི་མངོན་སུམ་ཚད་མ།

བསྟན་བཅོས་མཁན་ལོ་ངོ་གཉིས་པ།
སྤྱི་ལོ་ ༢༠༢༦
[ནང་དོན་གནད་བསྡུས།] ནང་པའི་གཏན་ཚིགས་རིག་པའི་གཞུང་ལུགས་བཤད་པའི་རྒྱུད་རིམ་ནང་ནས་མངོན་སུམ་ཚད་མའི་སྐོར་ལ། འཕགས་བོད་གཉིས་ཀྱི་མཁས་དང་གྲུབ་མང་པོས་གསུངས་ཚུལ་མི་མཐུན་པའི་ངག་རྒྱུན་དང་ཡིག་ཆ་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་པས། མཁས་པ་དེ་དག་གི་བཞེད་ཚུལ་མི་འདྲ་བ་ཁག་ལ་གཤིབ་སྡུར་གྱི་ལམ་ནས་མངོན་སུམ་ཚད་མ་ཞེས་པ་གང་འདྲ་ཞིག་ཡིན་ན་གསལ་སྟོན་བྱས་ཡོད།
[གནད་ཚིག] མངོན་སུམ། མངོན་སུམ་ཚད་མ། མཚན་ཉིད།
སྔོན་དུ་གླེང་བའི་གཏམ།
དེ་ཡང་རིག་གནས་ཆེ་བ་ལྔའི་ཡ་གྱལ་དུ་གྱུར་པའི་གཏན་ཚིགས་རིག་པའི་གནས་འདི་ནི་གཞུང་ལུགས་ཀུན་ལ་འཇུག་པའི་སྒོ་མོ་ཡིན་ཞེས་གསུངས་ཡོད་པ་ལྟར་དུ། རྒྱ་གར་འཕགས་པའི་ཡུལ་དུ་སྐྱེས་འགྲོ་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞིང་རིག་པའི་སྒྲོན་མེ་སྤར་བའི་མེས་པོ་དམ་པ་འཛམ་གླིང་མཛེས་པའི་རྒྱན་གྱི་མཆོག་སློབ་དཔོན་ཆེན་མོ་ཕྱོགས་གླང་ཆོས་གྲགས་རྣམས་ཀྱིས་རིག་པའི་སྒོ་མོ་འབྱེད། བོད་ཁ་བ་ཅན་གྱི་མཁས་ལྡན་རྣམས་ཀྱིས་དར་ཞིང་རྒྱས་པར་མཛད་ནས་བཟུང་། བཅུ་ཕྲག་རིག་པའི་གནས་མཐའ་དག་ཡར་ངོའི་ཟླ་ལྟར་རིམ་གྱིས་འཕེལ་ནས་ཤེས་བྱ་རིག་པའི་རྟ་བདུན་གྱི་འོད་སྟོང་ས་འཛིན་འདིའི་སྟེང་དུ་འཚེར་ནས་སྣང་བའི་གཟི་བྱིན་འབར་བ་འདིའི་ནང་ནས། ནང་པ་ཐུན་མོང་མ་ཡིན་པའི་གཏན་ཚིགས་རིག་པའི་གཞུང་འདི་ཉིད་ལས་བཤད་པའི་མངོན་སུམ་གྱི་རྣམ་གཞག་སོགས་ལ་རང་ཉིད་ཤེས་འདོད་ཀྱི་འདུན་པ་ཆེ་བ་དང༌། མཁས་པ་སྔ་མ་ཚོས་གསུངས་པ་རྣམས་འདོད་ཚུལ་རིགས་མི་འདྲ་བ་སྣ་ཚོགས་པ་ཞིག་ཡོད་པར་བརྟེན་གཤིབ་སྡུར་དང་། དེ་དག་གི་ལེགས་ཆ་རྣམས་གཅིག་བསྡུས་ཚུལ་དུ་གང་ནུས་ཀྱིས་དཔྱད་དེ་བྲི་རྒྱུ་ཡིན།
མངོན་སུམ་ཚད་མའི་མཚན་ཉིད་སྤྱི་བཤད།
ནང་པ་སངས་རྒྱས་པའི་གཏན་ཚིགས་རིག་པའི་རྣམ་བཞག་བཤད་པའི་རྒྱུད་རིམ་ནང་། ཤེས་བྱ་ཐམས་ཅད་འཇལ་བྱེད་ཀྱི་ཚད་མ་ལ་རྗེས་དཔག་ཚད་མ་དང་མངོན་སུམ་ཚད་མ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། གཞལ་བྱ་སྤྱི་མཚན་གཟུང་ཡུལ་དུ་བྱས་ནས་ཡུལ་རྟོགས་པའི་ཚད་མ་ལ་རྗེས་དཔག་ཚད་མ་དང། གཞལ་བྱ་རང་མཚན་གཟུང་ཡུལ་དུ་བྱས་ནས་ཡུལ་རྟོགས་པའི་ཚད་མ་ལ་མངོན་སུམ་ཚད་མ་ཞེས་བརྗོད་པ་ཡིན། དེ་གཉིས་ལས་མངོན་སུམ་ཚད་མའི་མཚན་ཉིད་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་<<ཚད་མ་མདོའམ་ཀུན་ལས་བཏུས་>>ལས།
“མིང་དང་རིགས་སོགས་སྦྱོར་བ་ཡི། རྟོག་པ་དང་བྲལ་མངོན་སུམ་མོ། །”
ཞེས་གསུངས་ཡོད་པ་དང་། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་<<ཚད་མ་རྣམ་འགྲེལ་>>ལས།
“མངོན་སུམ་རྟོག་དང་བྲལ་བར་ནི། །མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །”
ཞེས་གསུངས་ཤིང་ཡང་སློབ་དཔོན་དེ་ཉིད་ཀྱིས་མཛད་པའི་<<ཚད་མ་རྣམ་ངེས་>>ལས།
“མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །”
ཞེས་བཤད་ཅིང་མངའ་བའི་གཞུང་དེ་དག་གིས་མངོན་སུམ་ཚད་མའི་མཚན་ཉིན་དང་དེ་ལ་ཁྱད་ཆོས་གང་འདྲ་ཞིག་ལྡན་དགོས་མིན་སོགས་བསྟན་ཡོད། དེ་ཡང་མིང་དང་རིགས་སོགས་སྦྱོར་བའི་རྟོག་པ་ནི། <<ཚད་མ་རྣམ་ངེས་>>ལས།
“རྟོག་པ་སྒྲ་དོན་འཛིན་པ་ཡིན། །”
ཞེས་གསུངས་པ་བཞིན་དུ་སྒྲ་སྤྱི་དོན་སྤྱི་འདྲེས་པའི་ཤེས་པར་བཞག་པ་དང་། མ་འཁྲུལ་བ་ནི་འཕྲལ་གྱི་འཁྲུལ་རྒྱུ་སྟེ། རྟེན་ལ་ཡོད་པའི་འཁྲུལ་རྒྱུ། མིག་ལ་རབ་རིབ་ཡོད་པ་ལྟ་བུ་དང་། ཡུལ་ལ་ཡོད་པའི་འཁྲུལ་རྒྱུ། མགལ་མེ་མྱུར་དུ་བསྐོར་བས་འཁོར་ལོར་སྣང་བ་ལྟ་བུ། གནས་ལ་ཡོད་པའི་འཁྲུལ་རྒྱུ། གྲུ་ལ་བསྡད་ནས་འགྲོ་སྐབས་ངོགས་ཀྱི་ཤིང་རྣམས་འགྲོ་བར་སྣང་བ་ལྟ་བུ། དེ་མ་ཐག་རྐྱེན་ལ་ཡོད་པའི་འཁྲུལ་རྒྱུ། སེམས་ཧ་ཅང་འཁྲུགས་པ་དང་ཁོང་ཁྲོའི་དབང་གིས་ས་གཞི་དམར་པོར་སྣང་བ་ལ་སོགས་པ་ལྟ་བུ་དང་བྲལ་བ་ན་མངོན་སུམ་དུ་གྲུབ་པར་བསྟན་འདུག
བྱེ་བྲག་མཁས་པ་རྣམས་ཀྱི་བཞེད་ཚུལ།
དེ་བཞིན་དུ་མཁན་པོ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་<<ཚད་མ་རིགས་པའི་གཏེར་གྱི་རང་འགྲེལ་མཆན་བུ་ཅན་>>ལས། “མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་བྱ་བ་ཡིན་ནོ། །དེ་ཡང་ལོག་རྟོག་སེལ་བའི་དབང་དུ་བྱས་ན་རྟོག་བྲལ་མ་འཁྲུལ་པའི་རིག་པའམ་རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན་མ་འཁྲུལ་བའི་རིག་པ་སྟེ། མངོན་སུམ་གྱི་མཚན་ཉིད་ཡིན་ཞིང་དེ་ཉིད་མངོན་སུམ་ཚད་མའི་མཚན་ཉིད་ཀྱང་ཡིན་ཏེ། <<རྣམ་ངེས་>> ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་གསུངས་པའི་ཕྱིར། དེ་ཉིད་ཚད་མ་ཡིན་པའི་དབང་དུ་བྱས་ནས་མངོན་སུམ་ཚད་མ་ལ་མཚན་ཉིད་གཞན་མ་གསུངས་པའི་ཕྱིར་རོ། །བྲལ་བྱ་རྟོག་པ་དེ་ནི་མིང་ལ་བརྟེན་ནས་དོན་ཚོལ་བ་ཡིན་པས་རྟོག་པ་དང་བྲལ་བ་དང་། མ་འཁྲུལ་པ་གཉིས་དཔྱད་དོ། །དེའང་རྟོག་པའི་མཚན་ཉིད་ལུང་ལས་གྲགས་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང་སེམས་རྩིང་པར་འཇུག་པ་ཙམ་མ་ཡིན་གྱི། རྟོག་པ་སྒྲ་དོན་འཛིན་པ་ཡིན། ། <<རྣམ་འགྲེལ་>>ལས། ཤེས་པ་གང་ཞིག་ཡུལ་གང་ལ་སྒྲ་དོན་འཛིན་པར་སོང་བའི་། །ཤེས་པ་དེ་ནི་ཡུལ་དེ་ལ་མངོན་སུམ་མིན་ཏེ་རྟོག་པར་བརྗོད་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །<<རྣམ་ངེས>> ལས་ཀྱང་། རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བར་སྣང་བའི་ཤེས་པ། ཞེས་གསུངས་པའང་དེ་ཡིན་ནོ། །དོན་སྤྱི་འཛིན་པ་ཞེས་བརྗོད་ཀྱང་དེ་ཉིད་ལས་མ་འདས་སོ། །”[1] ཞེས་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ <<ཚད་མ་རྣམ་འགྲེལ་དང་རྣམ་ངེས་>> སོགས་ཀྱི་ལུང་དྲངས་ནས། ལོག་རྟོག་སེལ་བའི་དབང་དུ་བྱས་ན་རྟོག་བྲལ་མ་འཁྲུལ་པའི་རིག་པའམ་རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན་མ་འཁྲུལ་བའི་རིག་པ་སྟེ། མངོན་སུམ་གྱི་མཚན་ཉིད་བསྟན་ཡོད་པ་དང་། དེ་སྐབས་ཀྱི་རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བར་སྣང་བའི་ཤེས་པ་ཞེས་བརྗོད་བྱེད་ཀྱི་དོན་སྤྱི་འཛིན་པ་ལས་མ་འདས་པར་གསུངས་ཤིང་གདའ།
ཡང་དེ་བཞིན་དུ། མཁན་པོ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་ <<ཚད་མ་རིགས་པའི་ཐིགས་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་མཆན་འགྲེལ་>> ལས། “དེ་ལ་མངོན་སུམ་ཚད་མ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའོ། །བྲལ་བྱ་རྟོག་པ་ནི། ཤེས་པ་ལ་ཚིག་ཏུ་བརྗོད་པ་དང་འདྲེར་རུང་བ་ཤར་བའམ་སྣང་བ་སྟེ་དེ་དང་བྲལ་བའོ། །རབ་རིབ་ལྟ་བུའི་ནད་དང་། མགལ་མེ་ལྟ་བུ་མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་སོགས་དང་། ཁོང་ཁྲོས་འཁྲུགས་པ་ལ་སོགས་པས་འཁྲུལ་པ་མ་སྐྱེས་པའི་ཤེས་པ་ཚད་མ་ནི་མངོན་སུམ་མོ། །” [2] ཞེས་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ནི་མངོན་སུམ་ཚད་མའི་མཚན་ཉིད་དང་། དེའི་རྟོག་པ་ནི་ཤེས་པ་ལ་ཚིག་ཏུ་བརྗོད་པ་དང་འདྲེར་རུང་བ་ཤར་བའམ་སྣང་བ་དང་། འཁྲུལ་པ་ནི་རབ་རིབ་ལྟ་བུའི་ནད་དང་། མགལ་མེ་ལྟ་བུ་མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་སོགས་དང་། ཁོང་ཁྲོས་འཁྲུགས་པ་ལ་སོགས་ཡིན་པ་གསུངས་ཤིང་མཆིས།
ཡང་དེ་བཞིན་དུ། མཁན་པོ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་ <<ཚད་མ་རྣམ་པར་ངེས་པའི་འགྲེལ་མཆན་བློ་གསལ་གཞོན་ནུ་དགྱེས་པའི་རོལ་དབྱངས>> ལས། “མངོན་སུམ་ཚད་མ་ལ་མཚན་ཉིད་ནི་རྟོག་བྲལ་མ་འཁྲུལ་བ་ཡིན་པ་སྟེ། །རབ་རིབ་དང་མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པའི་འཁྲུག་པ་ལ་སོགས་པས་འཁྲུལ་པ་མ་བསྐྱེད་ཅིང་རྣམ་པར་རྟོག་པ་མེད་པའི་ཤེས་པ་ནི་མངོན་སུམ་མོ། །བྲལ་བྱའི་རྟོག་པ་དེ་ཡང་གང་ཞེ་ན། <<རྣམ་འགྲེལ་>> ལས། ཤེས་པ་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པར་བརྗོད། །ཅེས་དང་། <<རིགས་གཏེར་>> ལས། རྟོག་པ་སྒྲ་དོན་འཛིན་པ་ཡིན། །ཞེས་པ་ལྟར། རྟོག་པ་མངོན་པར་བརྗོད་ཅན་གྱི། །ཤེས་པ་རྟོག་པ་ནི་བརྗོད་པ་སྒྲ་སྤྱི་དང་དོན་སྤྱི་གཉིས་འདྲེར་རུང་བ་སྣང་བའི་ཤེས་པ་སྟེ། དེ་དང་བྲལ་བའོ། །” [3] ཞེས་རྟོག་བྲལ་མ་འཁྲུལ་བ་ནི་མངོན་སུམ་གྱི་མཚན་ཉིད་དང་། རྟོག་པ་ནི་སྒྲ་སྤྱི་དང་དོན་སྤྱི་གཉིས་འདྲེར་རུང་བ་སྣང་བའི་ཤེས་པ་དང་། འཁྲུག་པ་ནི་དབང་པོ་ལ་སྐྱོན་ཤོར་ནས་ཡུལ་ཕྱིན་ཅི་ལོག་ཏུ་མཐོང་བ་ཞིག་ལ་གོ་དགོས་པ་གསུངས་འདུག་གོ །
ཡང་དེ་བཞིན་དུ། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ <<ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་>> ལས། “མངོན་སུམ་ཚད་མའི་མཚན་ཉིད། རྟོག་པ་དང་བྲལ་ཞིང་གློ་བུར་གྱི་འཁྲུལ་རྒྱུས་འཁྲུལ་བར་མ་བསྐྱེད་པའི་ཤེས་པ། དེ་ཡང་། རྟོག་པ་དང་བྲལ་ཅེས་པའི་བྲལ་བྱ་རྟོག་པ་ནི། སྒྲ་དོན་འཛིན་པའི་རྟོག་པ་ཡིན་ཏེ། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་གསུངས་པས་སོ། །མ་འཁྲུལ་བ་ལ་རྟོག་པ་དང་བྲལ་བས་ཁྱབ་ཀྱང་། གཉིས་ཀ་སྨོས་པ་ནི། མུ་སྟེགས་པ་ཁ་ཅིག །དབང་ཤེས་རྟོག་བཅས་སུ་འདོད་པའི་བློ་ངོ་ལ་ལྟོས་ཏེ་ལོག་རྟོག་དགག་པའི་ཆེད་དུ་སྨོས་པ་ཡིན་ལ། མ་འཁྲུལ་བ་མ་སྨོས་ན་རྟོག་མེད་ལོག་ཤེས་རྣམས་མངོན་སུམ་དུ་ཐལ་བར་འགྱུར་བས་གཉིས་ཀ་སྨོས་སོ། །རྟོག་པ་དང་བྲལ་བའི་དོན་ཀྱང་རྟོག་པའི་རྫས་དང་བྲལ་བ་ལ་བྱས་ན། རྟོག་པ་མྱོང་བའི་རང་རིག་མངོན་སུམ་མ་ཡིན་པར་འགྱུར་ལ། ལྡོག་པ་དང་བྲལ་བ་ལ་བྱས་ན། རྗེས་དཔག་རྟོག་པ་མ་ཡིན་པར་འགྱུར་བས་རང་གི་ངོ་བོ་རྟོག་པར་མ་སྐྱེས་པ་ལ་བྱའོ། །མ་འཁྲུལ་བ་ནི། གློ་བུར་གྱི་འཁྲུལ་རྒྱུས་འཁྲུལ་བར་མ་བསྐྱེད་པའི་དོན་ཡིན་པར། རྣམ་ངེས་ལས། རབ་རིབ་དང་། མྱུར་དུ་བསྐོར་བ་དང༌། གྲུར་ཞུགས་པ་དང༌། འཁྲུགས་པ་ལ་སོགས་པས་འཁྲུལ་བར་མ་བསྐྱེད་པ་ཞེས་གསུངས་པས་སོ། །” [4] ཞེས་རྟོག་པའི་དོན་ནི་སྒྲ་དོན་འཛིན་པའི་རྟོག་པ་ཡིན་ལ། མ་འཁྲུལ་བ་ནི་མཚན་ཉིད་ཀྱི་ཟུར་དུ་སྨོས་པའི་གློ་བུར་གྱི་འཁྲུལ་རྒྱུས་འཁྲུལ་བར་མ་བསྐྱེད་པ་ཞེས་པ་འདི་ཡིན་པ་དང་། མཚན་ཉིད་ཟུར་དུ་རྟོག་བྲལ་དང་མ་འཁྲུལ་བ་གཉིས་ཀ་སྨོས་དགོས་པ་ཡོད་དེ་མུ་སྟེགས་པའི་ལོག་རྟོགས་དགག་པ་དང་། རྟོག་མེད་ལོག་ཤེས་རྣམས་མངོན་སུམ་དུ་ཐལ་བར་འགྱུར་བའི་སྐྱོན་བཟློག་པའི་ཆེད་དུ་ཡིན་ཞེས་སོགས་གསུངས་འདུག་གོ །
ཡང་དེ་བཞིན་དུ། བློ་གླིང་དགེ་བཤེས་དཔལ་ལྡན་གྲགས་པ་དང་བློ་གླིང་སློབ་དཔོན་ཁྲི་ཐོག་པ་འཇམ་དཔལ་བསམ་འཕེལ་གྱིས་མངོན་སུམ་དང་མངོན་སུམ་ཚད་མ་སོ་སོར་ཕྱེས་ནས་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ། མངོན་སུམ་གྱི་མཚན་ཉིད། རྟོག་པ་དང་བྲལ་ཞིང་གསར་དུ་མི་བསླུ་བའི་ཤེས་པ་མངོན་སུམ་ཚད་མའི་མཚན་ཉིད་ཅེས་གཉིས་བཤད་འདུག་གོ །
རང་ལུགས་ཐུན་མོངས་མ་ཡིན་པའི་བཞེད་ཚུལ་ནི།
རང་ལུགས་ཐམས་ཅད་མཁྱེན་པ་ཀུན་མཁྱེན་རྫོགས་པའི་སངས་རྒྱས་མི་ཕམ་པདྨ་དཀར་པོ་རང་གི་བཞེད་ཚུལ་ནི། སློབ་དཔོན་འཕགས་པ་ལྷས་མཛད་པའི་<<དབུ་མ་བཞི་བརྒྱ་པ་>> ལས། “བསོད་ནམས་མ་ཡིན་དང་པོ་བཟློག །བར་དུ་བདག་ནི་བཟློག་པ་དང་། །མཐའ་མ་བལྟ་གཞི་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །”ཞེས་གསུངས་པ་ལྟར། རྣམ་གཞག་སོ་སོར་ཕྱེས་ནས་བཞག་པ་མཛད་ཡིན་ཏེ། དེ་ཡང་རྣམ་གཞག་དང་པོའི་སྐབས་སུ་ཡིན་ན། ཚད་མ་ལ་ཐ་སྙད་ཚད་མ་དང་དོན་དམ་ཚད་མ་གཉིས་སུ་ཕྱེས་ནས་གསུངས་ཤིང་དེ་ཡང་། སློབ་དོན་ཀླུ་སྒྲུབ་ཀྱིས་མཛད་པའི་ <<དབུ་མ་རྩ་ཤེར>> ། “ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །” [5]ཞེས་པ་ལྟར། ཡུལ་ལ་བདེན་པ་གཉིས་སུ་ཕྱེས་ཤིང་། ཡུལ་ཅན་ཚད་མ་ཡང་གཉིས་སུ་གྲུབ་པ་ཡིན་ཏེ། ཐབས་དང་ཐབས་བྱུང་མ་ནོར་བར་བསྟན་པ་སོགས་ཀྱི་ཆེད་དུ་ཡིན་ལ། སློབ་དཔོན་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ <<ཚད་རྣམ་འགྲེལ་>> ལས། “རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ཚད་མ་གཉིས། །”ཞེས་གསུངས་པ་བཞིན་དུ་ཡིན་ནོ། །དེའི་སྐབས་སུ་ཚད་མ་གཉིས་ཀ་ལ་མངོན་སུམ་གྱིས་ཁྱབ་པར་འདོད་པ་ཡིན་ཏེ། གཉིས་ཀ་ལ་མངོན་སུམ་ཡོད་པའི་ཕྱིར་རོ། །དཔེ་ན་བུམ་འཛིན་མིག་ཤེས་སྐད་ཅིག་དང་པོ་ལྟ་བུ་དང་པོ་དང་། བུམ་པའི་གནས་ལུགས་རྟོགས་པ་ལྟ་བུ་གཉིས་པ་ཡིན་ནོ། །
རྣམ་གཞག་གཉིས་པའི་སྐབས་སུ། ཀུན་རྫོབ་ནི་གཏི་མུག་གམ་རང་བཞིན་བསྒྲིབ་པ་དེ་ཡིན་པས་བདེན་པར་མི་རུང་བ་ཉིད་ཀྱིས་དེའི་ཡུལ་ཅན་ཀུན་ཏུ་ཐ་སྙད་པའི་ཚད་མ་དེ་ཡང་ཚད་མར་མི་རུང་ངོ། །དེས་ན་བདེན་པ་ནི་གཅིག་སྟེ་དོན་དམ་པའི་བདེན་པའོ། །ཚད་མའང་གཅིག་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛན་པའི་ <<རིགས་པ་དྲུག་ཅུ་པ་>> ལས། “མྱང་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོག་མི་བྱེད། །” ཅེས་དང། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་ <<དབུ་མ་འཇུག་པ་>> ལས། “རྣམ་པ་ཐམས་ཅད་མཁྱེན་ཉིད་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱིས། །མངོན་སུམ་ཞེས་བྱར་མི་འདོད་དོ། །” ཞེས་དང་། སློབ་དཔོན་ཆོས་མཆོག་གིས་མཛད་པའི་ <<འཐད་ལྡན་>> ལས། “གལ་ཏེ་ཐམས་ཅད་མཁྱེན་པའི་མཁྱེན་པར་བལྟོས་ནས་ཤེས་པ་འདི་ཐམས་ཅད་བསླུ་བ་ཡིན་ལ། །” ཞེས་སོགས་གསུངས་པ་ལྟར། སྐབས་འདིར་ཚད་མ་གཅིག་ཏུ་འདོད་པ་ཡིན་ཏེ། དེ་ཡང་དོན་དམ་པའི་ཚད་མ་ཁོ་ནའོ། །དེའི་སྐབས་སུ་མངོན་སུམ་དང་ཚད་མ་གཅིག་ཏུ་འདོད་པ་ཡིན་ཏེ། ཚད་མ་ཡིན་ན་རྣམ་མཁྱེན་གྱི་ཡེ་ཤེས་ཡིན་པས་ཁྱབ་ཅིང་འདི་ཡིན་ན་མངོན་སུམ་ཡིན་པས་ཁྱབ་པས་སོ། །
རྣམ་གཞག་གསུམ་པའི་སྐབས་སུ་ཁས་ལེན་ཐམས་ཅད་དང་བྲལ་བ་ཡིན་ཏེ། སློབ་དཔོན་ཞི་བ་ལྷས་མཛད་པའི་ <<སྤྱོད་འཇུག་>> ལས།
“གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །”
ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ <<རྩ་ཤེར་>> །
“གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །”
ཞེས་གསུངས་སོ། །དེ་བས་སྐབས་འདིར་མངོན་སུམ་ཡིན་མིན་གྱི་རྩོད་པ་རྣམས་ཀྱང་ངང་གིས་བཅད་པ་ཡིན་ནོ། །
མཇུག་གཏམ།
ཕྲན་ནི་ཤེས་བྱ་སྣ་ཚོགས་ཀྱིས་ཕྱུག་པའི་རྒྱ་མཚོ་ཆེན་མོ་དེ་ཡང་ཧུབ་ཀྱིས་བཏུང་ཞིང་། དེ་ལ་མངའ་བའི་རིན་ཆེན་སྣ་ཚོགས་དང་སྐྱེས་དངོས་ཇི་ཙམ་མཆིས་པ་དེ་དག་དང་། སུས་ཀྱང་སྒུལ་མི་ཐུབ་པའི་རི་རྒྱལ་ལྷུན་པོའི་རྔམས་དང་འཕང་སོགས་ལས་ལངས་པའི་གཡུལ་རྣམས་རིམ་གྱིས་བཅོམ་ནས། ངའི་ཚོར་ཤེས་ཀྱི་མངའ་ཁོངས་སུ་བཅུག་འདོད་ཡོད་ནའང་། གཡུལ་གྱི་ལས་སུ་ཞུགས་པའི་གོམས་གྱི་ཐོག་མ་ཡིན་པས། ཁོ་བོས་བགྱིས་པའི་བྱ་གཞག་འདི་ནི་ལྷ་དང་སྐྱེས་འགྲོ་ཡོངས་ཀྱི་གློ་བ་དགུག་ནུས་པའི་དཔའ་རྩལ་དང་འཇོན་ཐང་ལྡན་པའི་ཡུལ་ཞིག་ཏུ་འགྲོ་བ་ནི་ག་ལ་སྲིད་མོད། འོན་ཀྱང་མཁས་པ་དང་གྲུབ་པ་རྣམས་ཀྱི་མགྲིན་པའི་རྒྱན་དུ་གྱུར་པའི་གཏན་ཚིགས་རིག་པའི་གནས་དེ་ནི་ཡར་ངོའི་ཟླ་ལྟར་རིམ་གྱིས་འཕེལ་ཏེ། སྤྱིར་འཛམ་བུ་གླིང་དང་བྱེ་བྲག་དཔལ་ལྡན་འབྲུག་པ་གསུང་སྤྲུལ་རིམ་བྱོན་གྱི་གདན་ས་འདི་གཟི་བྱིན་འབར་བར་བྱེད་ན་སྙམ་པའི་འདུན་པ་དང་། རིན་ཐང་ཆེ་བའི་གོ་སྐབས་དམ་འཛིན་བྱེད་ཁུལ་བྱས་ནས། བརྗོད་དོན་འདིའི་ཐོག་མཁྱེན་ལྡན་དང་དཔྱོད་ལྡན་ཡོངས་ཀྱི་འདྲེན་ཟུང་གི་ཡུལ་དུ་ནོར་བ་དང་འཁྲུལ་བ་མང་པོས་བཅིངས་པའི་དཔྱད་རྩོམ་མ་གནས་ཀྱིས་སྟོང་པ་ཞིག་བྲིས་ཡོད། དེ་ལ་བློ་དང་ལྡན་པའི་གཟིགས་མོ་བའམ་ཀློག་པ་པོ་ཡོངས་ཀྱིས་རང་ལ་བཀའ་སློབ་དང་ལམ་སྟོན་དབྱར་གྱི་དྲག་ཆར་བཞིན་འབབ་ན་བསམ་པའི་རེ་འདུན་དང་བཅས་སོ། །
དཔྱད་གཞི་དང་ཟུར་ལྟའི་ཡིག་ཆ་ཁག
༡༽ མཁན་པོ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་<<ཚད་མ་རིགས་པའི་གཏེར་གྱི་རང་འགྲེལ་མཆན་བུ་ཅན>>
༢༽ མཁན་པོ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་<<ཚད་མ་རིགས་པའི ཚད་མ་རིགས་པའི་ཐིགས་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་མཆན་འགྲེལ>>
༣༽ མཁན་པོ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་<< ཚད་མ་རྣམ་པར་ངེས་པའི་འགྲེལ་མཆན་བློ་གསལ་གཞོན་ནུ་དགྱེས་པའི་རོལ་དབྱངས>>
༤༽ མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་<<ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ>>
༥༽ བློ་གླིང་དགེ་བཤེས་དཔལ་ལྡན་གྲགས་པས་མཛད་པའི་<<རིགས་ལམ་སྦྱོང་ཚུལ་འཕྲུལ་གསར་འོད་རླབས>>
༦༽ བློ་གླིང་སློབ་དཔོན་ཁྲི་ཐོག་པ་འཇམ་དཔལ་བསམ་འཕེལ་གྱི་<<བློ་རིག་གི་རྣམ་གཞག་བཤད་པ>>
༧༽ རྒྱལ་བ་དགེ་བདུན་གྲུབ་པས་མཛད་པའི་<<ཚད་མ་རིགས་རྒྱན་>>
༨༽ པན་ཆེན་བསོད་ནམས་གྲགས་པས་མཛད་པའི་<<རྣམ་འགྲེལ་དགོངས་པ་རབ་གསལ>>
༩༽ ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་<<ཚད་མའི་སྤྱི་དོན་རིགས་པའི་སྙིང་པོ>>
༡༠༽ ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་<<ཚད་མ་འཇམ་དབྱངས་དགོངས་རྒྱན>>
[1] མཁན་པོ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་<<ཚད་མ་རིགས་པའི་གཏེར་གྱི་རང་འགྲེལ་མཆན་བུ་ཅན་>> ཕྱི་ལོ་༢༠༡༦་ལ་འཕགས་ཡུལ་རྫོང་སར་ཀུན་དབང་གསུང་འབུམ་ཞུ་སྒྲིག་ཁང་ནས་དཔར་ཐེང་དང་པོ་བསྐྲུན། ཤོག་གྲངས་༣༤༡
[2] མཁན་པོ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་<<ཚད་མ་རིགས་པའི་ཚད་མ་རིགས་པའི་ཐིགས་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་མཆན་འགྲེལ་>> ཕྱི་ལོ་༢༠༡༦་ལ་འཕགས་ཡུལ་རྫོང་སར་ཀུན་དབང་གསུང་འབུམ་ཞུ་སྒྲིག་ཁང་ནས་དཔར་ཐེང་དང་པོ་བསྐྲུན། ཤོག་གྲངས་༡༠༣
[3] མཁན་པོ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་<< ཚད་མ་རྣམ་པར་ངེས་པའི་འགྲེལ་མཆན་བློ་གསལ་གཞོན་ནུ་དགྱེས་པའི་རོལ་དབྱངས >> ཕྱི་ལོ་༢༠༡༦་ལ་འཕགས་ཡུལ་རྫོང་སར་ཀུན་དབང་གསུང་འབུམ་ཞུ་སྒྲིག་ཁང་ནས་དཔར་ཐེང་དང་པོ་བསྐྲུན། ཤོག་གྲངས་༡༣༣
[4] མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་<<ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་>> ཕྱི་ལོ་༢༠༡༨་ལ་འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན། ཤོག་གྲངས་༡༡༡
[5] སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་<<དབུ་མ་རྩ་ཤེར>>ཉེ་བར་མཁོ་བའི་རྩ་བ་ཕྱོགས་བསྒྲིགས། ས་རཱ་བོད་ཀྱི་དཔེ་བསྐྲུན་ཁང་ནས་ནཱ་ལེནྡྲ་བཤད་གྲྭས་ཕྱི་ལོ་༢༠༡༥་ལ་དཔར་དུ་བསྐྲུན། ཤོགས་གྲངས་༡༥༧
བསམ་འཆར།